གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༡༣ཉིན།

2017ལོའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་སུའེ་ཏེན་རྒྱལ་ཁབ་ཏུ་སྤེལ་བ།

        ཟླ་12ཚེས་10ཉིན་གྱི་ཕྱི་དྲོར། 2017ལོའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་སུའེ་ཏེན་རྒྱལ་ཁབ་ཀྱི་རྒྱལ་ས་སི་ཐོག་ཁོར་མོར་སྤེལ་བ་རེད། སུའེ་ཏེན་གྱི་རྒྱལ་པོ་ཁཱར་སྐྱེ་ཕྲེང་བཅུ་དྲུག་པ་གུ་སི་ཐ་ཧྥུ་ཡིས་ནོ་པེར་དངོས་ལུགས་རིག་པ་དང་། རྫས་འགྱུར་རིག་པ། སྐྱེ་ཁམས་རིག་པའམ་གསོ་བ་རིག་པ། རྩོམ་རིག དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་མི་བཅུ་གཅིག་ལ་བྱ་དགའ་དང་དཔང་ཡིག་སྤྲད་གནང་བ་རེད།
        སུའེ་ཏེན་རྒྱལ་ཁབ་ཀྱི་གོང་མ་ཚང་དང་། སྲིད་ཕྱོགས། ཚོང་ལས་དང་རིག་གནས་ལས་རིགས་སོགས་པ་ནས་ཕེབས་པའི་ལས་རིགས་ཁག་གི་འཐུས་མི་1500ལྷག་ཙམ་སི་ཐོག་ཁོར་མོ་རོལ་དབྱངས་ཚོམས་ཁང་དུ་སྤེལ་བའི་མཛད་སྒོ་འདི་ཉིད་དུ་ཞུགས་ཡོད་པ་རེད། ནོ་པེར་བྱ་དགའ་གཏོད་མཁན་སུའེ་ཏེན་གྱི་ཚན་རིག་པ་དང་དངོས་གཉེར་ཁེ་ལས་པ་ནོ་པེར་ལགས་ནི་1986ལོའི་ཟླ་12ཚེས་10ཉིན་གྱི་ཆུ་ཚོད་4:30ཡི་སྐབས་སྐུ་ཚེ་འདས་པ་རེད། མིའི་རིགས་ཀྱི་འཕེལ་རྒྱས་དང་ཤེས་དཔལ་ལ་བྱས་རྗེས་རླབས་ཆེན་བཞག་པའི་ཚན་རིག་པ་ཁོང་ལ་དྲན་གསོ་ཞུ་ཆེད། 1901ལོར། བྱ་དགའ་ཐོག་མ་སྤྲོད་འགོ་ཚུགས་ཤིང་། ནོ་པེར་ཨུ་ལྷན་གྱིས་ནོ་པེར་སྐུ་ཚེ་འདས་པའི་དུས་ཚོད་དེ་ཟླ་12ཚེས་10ཉིན་གྱི་ཆུ་ཚོད་4:30ཡི་སྐབས་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བ་རེད།
        ནོ་པེར་ཐེབས་རྩ་ཚོགས་པའི་འགོ་འཛིན་ཁཱར་ཧེང་ལི་ཁོ་•ཧོ་ཏིང་གིས་དགའ་བསུའི་ཤིས་ཚིག་བརྗོད་རྗེས། ནོ་པེར་བྱ་དགའི་དཔྱད་འདེམས་ཨུ་ལྷན་གྱི་འཐུས་མིས་བྱ་དགའ་ཐོབ་མཁན་གྱི་ལོ་རྒྱུས་དང་གྲུབ་འབྲས་མཚམས་སྦྱོར་གནང་བ་རེད། དེ་རྗེས། བྱ་དགའ་
ཐོབ་མཁན་ཚོ་གཅིག་རྗེས་གཉིས་མཐུད་ངང་གར་སྟེགས་ཀྱི་དཀྱིལ་དུ་ཕེབས་པ་དང་། ཁཱར་སྐྱེ་ཕྲེང་བཅུ་དྲུག་པ་གུ་སི་ཐ་ཧྥུ་ཡི་ལག་ནས་ནོ་པེར་བྱ་དགའི་དཔང་ཡིག་དང་གསེར་གྱི་རྟགས་མ་བླངས་པ་རེད། ད་ལོའི་རྣམ་གྲངས་རེའི་བྱ་དགའི་དངུལ་ནི་སུའེ་ཏེན་རྒྱལ་ཁབ་ཀྱི་སྒོར་མོ་ཁྲི་900རེ་ཡིན་ཞིང་། ཕལ་ཆེར་ཨ་སྒོར་ཁྲི་100ཡས་མས་ཙམ་ཡོད་པ་རེད། གལ་སྲིད། རྣམ་གྲངས་གཅིག་ལ་བྱ་དགའ་ཁག་མང་ཐོབ་ན། ཁོང་ཚོས་བྱ་དགའི་དངུལ་ཆ་སྙོམས་སུ་བགོས་པ་རེད། 
        ད་ལོའི་བྱ་དགའ་ཐོབ་མཁན་བཅུ་གཅིག་པོ་ནི་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ་མཁན་ལེ་ནཱ་•ཝེ་སི་དང་ཅི་ཧྥུ་•སུའོ་ཨེན། པཱ་ལི་•པཱ་ལི་ཧྲི་བཅས་དང་། ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་མཁན་ནི་ཡཱ་ཁོ་•ཏུའུ་པན་ནེ་དང་ཆའོ་ཅི་མུའུ་•ཧྥུ་ལན་ཁི། ལི་ཁྲ་ཏེ་•ཧེང་ཏེ་སེན་བཅས་དང་། ནོ་པེར་སྐྱེ་ཁམས་རིག་པའམ་གསོ་བ་རིག་པའི་བྱ་དགའ་ཐོབ་མཁན་ཅེ་ཧྥུ་ལི་•ཧོར་དང་། མའེ་ཁིར་•ལུའོ་སི་པ་ཧྲི། མའེ་ཁིར་•ཡཱང་བཅས་དང་། ནོ་པེར་རྩོམ་རིག་གི་བྱ་དགའ་ཐོབ་མཁན་ཧྲི་ཨེ་དབྱི་ཞུང་། ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་ལི་ཁྲ་ཏེ་•ཐའེ་ལི་བཅས་ཡིན་པ་རེད།
        བྱ་འགའ་སྤྲོད་པའི་མཛད་སྒོ་མཇུག་རྫོགས་རྗེས། སྐུ་མགྲོན་ཚོ་སི་ཐོག་ཁོར་མོ་གྲོང་ཁྱེར་གྱི་སྲིད་འཛིན་ཚོམས་ཁང་དུ་ཕེབས་ཏེ་བྱ་དགའ་སྤྲོད་པའི་དགྱེས་སྟོན་ཆེན་མོར་ཞུགས་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1