གཙོ་ངོས།>> གནས་མཇལ།>>རྒྱ་ནག་ཡུལ་གྱི་གནས་ཆེན།

རྣམ་དཀར་ལྷ་མོས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༧ཚེས་༠༧ཉིན།

༄༅།། ཐུགས་འོད་དགོན།


ཆིན་ཁྲིན་རི་བོའི་རྩེ་ན་འགྱིང་པའི་སྒོམ་གྲྭ——ཐུགས་འོད་དགོན།

རྣམ་དཀར་ལྷ་མོས་བྲིས། བསྟན་འཛིན་ཉི་མས་པར་བླངས།
        ཉིན་འགའི་སྔོན་ཕ་ཡུལ་ལ་ཁ་པར་གཏོང་དུས། ཕ་ཡུལ་དུ་ད་དུང་ཁ་བ་ཆེན་པོ་འབབ་བཞིན་པ་དང་ད་ལོའི་དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་ཡང་ལོ་སྔོན་མ་དང་བསྡུར་ན་ཉིན་ཤས་སུ་ཕྱིར་འགྱང་བྱས་འདུག་ཟེར། དངོས་གནས་ཡིན་ཏེ། སྤོས་ལྡན་གྲོང་ལ་མཚོན་ན་ཡང་ད་ལོའི་དཔྱིད་ཀ་དེ་ནམ་རྒྱུན་དང་མི་འདྲ་བར་རེ་འཁྱག་རེ་དྲོ་རུ་གྱུར་ཡོད་ལ། ང་ལ་ཡང་གནམ་གཤིས་དེའི་དྲོ་འཁྱག་གིས་ཆམ་ནད་ཐེངས་འགར་ཕོག དེ་བས་ད་ལོའི་དཔྱིད་ཀར་ནམ་རྒྱུན་ལྟ་བུའི་རེ་བ་དང་སྟོབས་ཤུགས་ཟད་ནས་དཔྱིད་ཀའི་གནམ་གཤིས་འདིར་འགྱུར་ལྡོག་ཅི་འབྱུང་ལ་སེམས་ཁུར་བྱས། སྐྱེས་འགྲོ་ཀུན་ལ་མཚོན་ན་ལོ་གཅིག་གི་མགོ་མ་དཔྱིད་དང་ཉིན་གཅིག་གི་མགོ་མ་ནངས་ཞེས་པ་བཞིན་རེ་བ་དང་གསོན་ཤུགས་རྒྱས། ལྷག་པར་དུ་ཕ་ཡུལ་ལུང་པའི་གྲང་རེག་གི་འཇིག་རྟེན་དུ་འཚོ་བའི་ཡུལ་མི་དེ་དག་གི་དཔྱིད་ཀ་ཐོན་པར་སྙེག་པའི་སེམས་པ་དེ་ཀུན་ལས་ལྷག་པར་འདོད། ཁ་པར་གྱི་ཁྲོད་ནས་ཁོ་ཚོས་ད་ལོའི་དཔྱིད་ཀྱི་རིང་ཐུང་ལ་སེམས་ཁུར་བྱེད་བཞིན་འདུག་ཏེ། རྒྱུ་རྐྱེན་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ལ་འཁེལ་ཡོད་པ་འདྲ།
        ནང་ལོགས་ཀྱི་གྲོང་ཁྱེར་དག་ཏུ་དཔྱིད་ཀའི་དུས་སུ་མེ་ཏོག་ལ་ལྟ་བ་དང་ལྗང་མདོག་གི་རང་བྱུང་ཁམས་ཆེན་མོར་གཟིགས་མོལ་དུ་ཕེབས་པའི་གོམས་གཤིས་ཆགས་ཡོད་ལ། ང་རང་ཡང་དེ་སྔོན་གྱི་ཆམ་ནད་ལས་གྲོལ་ཏེ་ཕྱི་རོལ་ཏུ་འཁྱམ་འཁྱམ་འགྲོ་རྒྱུའི་བསམ་ཚུལ་ཆགས་པ་དང་། གཟའ་སྤེན་པ་ཞིག་གི་དུས་ཚོད་བེད་སྤྱད་དེ་འགྲོ་གྲབས་བྱས། ང་རང་དམིགས་ཡུལ་མེད་པར་ས་ཆ་གང་ཞིག་ཏུ་ཧོར་རྒྱུགས་དང་རྣམ་གཡེང་བྱེད་རྒྱུར་སྤྲོ་བ་མེད་ལ། དེ་བས་ལྗང་མདོག་འཇིག་རྟེན་དང་མེ་ཏོག་མྱོང་རོལ་བྱེད་པ་དང་དེ་ལས་ལྷག་པའི་ཐོབ་འབྲས་ཞིག་ལོན་ཨེ་ཐུབ་བསམ་ནས་དྲ་ཐོག་ཏུ་ཡར་ཉུལ་མར་ཉུལ་བྱས། དེ་དུས་ཏུའུ་ཅང་ཡན་གྱི་ཆིན་ཁྲིན་རི་བོ་བློ་ངོར་འཆར་ཞིང་ལྷག་པར་དུ་རི་ཁྲོད་ན་དགོན་པ་ཆུང་ཆུང་ཞིག་ཡོད་རབས་ཀྱང་སྔ་ས་ནས་གོ་མྱོང་། དེ་བས་ཐེངས་འདིའི་འགྲུལ་བཞུད་དམ་འཁྱམ་འཁྱམ་དུ་འགྲོ་ས་དེ་ཆིན་ཁྲིན་རི་བོའི་ཉེ་འཁོར་ཡིན་པ་ཐག་གིས་བཅད།
        ནངས་སྔ་མོར་འབྲས་ཁུ་དཀར་ཡོལ་གང་དང་བྱ་སྒོང་གཅིག་ནངས་ཇའི་ཚུལ་དུ་བྱས་དེ་ལམ་ལ་ཆས། དེ་རིང་གི་གནམ་གཤིས་འདི་ངའི་སེམས་ཁམས་དང་འདྲ་བར་སྔོ་སང་ངེར་འདུག ང་རང་སྔ་མོ་ནས་སྐར་ཆད་བགོས་ཟིན་པའི་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་ཏུའུ་ཅང་ཡན་གྱི་ཕྱོགས་སུ་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་གང་མགྱོགས་ཀྱིས་རྒྱུགས། སྤོས་ལྡན་གྲོང་ནས་ཆུ་ཚོད་གཅིག་ལྷག་ལ་བཞུད་རྗེས་ཏུའུ་ཅང་ཡན་གྱི་ཉེ་འཁོར་དུ་ཐོན། རླངས་འཁོར་གྱི་སྒེའུ་ཁུང་ནས་མགོ་བོ་བཏེགས་པ་ན་སྣ་ལམ་ནས་རང་བྱུང་ཁམས་ཀྱི་དྲི་ཞིམ་ངང་གིས་འཁོར་ཞིང་བསིལ་འཇམ་གྱི་ཚོར་བ་ཞིག་སེམས་ཀྱི་ཞིང་ལ་རྒྱུ། ང་རང་ཏུའུ་ཅང་ཡན་གྱི་མཛེས་ལྗོངས་ཁུལ་གྱི་ཉེ་འཁོར་ནས་བབས་སྟེ་འཁྱམ་འཁྱམ་བྱེད་འགོ་བརྩམས། བརྗིད་ཆགས་བརྟན་བརླིང་གི་ཆུ་རགས་དེ་མཐོང་བ་ན་རླབས་ཆེ་བའི་ཆིན་རྒྱལ་རབས་ཡིད་ལ་དྲན་ཡོང་ལ། གནའ་བོའི་ཆུ་ཡིས་འཇིག་པ་གྲོལ་བར་བརྩོན་པའི་ལི་པིན་ཕ་བུ་གཉིས་ཡིད་ལ་ཤར་བྱུང་། འགའ་རེས་བཤད་ན་གལ་ཏེ་ཏུའུ་ཅང་ཡན་གྱི་ཆུ་རགས་འདི་མེད་ན་སྤོས་ལྡན་གྲོང་གི་ད་ལྟའི་ལྷིང་འཇགས་ཡོད་མི་སྲིད་ལ་རྫོགས་ལྡན་གྱི་རྣམ་པ་འདི་དེ་བས་ཀྱང་ཡོད་མི་སྲིད་ཟེར། ལོ་ངོ་སྟོང་ཕྲག་གི་རིང་ལ་འགྲོ་དྲུག་བར་ཆད་ལས་སྐྱོབ་པའི་ཆུ་རགས་འདི་ཕོ་རྩལ་སྣ་དགུ་འཛོམས་པའི་དམག་དཔོན་ཞིག་དང་འདྲ་བར་སྤོས་ལྡན་གྲོང་སྲུང་ཞིང་སྐྱབས་ནས་ཡོད། སྔོན་ཆད་རྒྱའི་སྙན་ངག་པ་དང་རྩོམ་པ་པོ་ཡུས་ཆིའུ་ཡའེ་ཡི་ཡུལ་སྐོར་ཟིན་ཐོའི་ཁྲོད་དུ་ཆུ་གཟིགས་ཏུའུ་ཅང་ཆུ་རགས་དང་། ཏའོ་ལུགས་ཆིན་ཁྲིན་རི་བོར་སློབ། སྒོམ་མཚམས་ཐུགས་འོད་དགོན་དུ་སྒྲུབ་ཅེས་པ་བྲིས་ཡོད་ལ། ད་ལྟ་ཏུའུ་ཅང་ཡན་ས་ཁུལ་གྱི་ཡུལ་སྐོར་དྲིལ་བསྒྲགས་ཁ་ཡིག་ཏུ་གྱུར་འདུག ཉིན་གུང་གི་དུས་ངས་རང་ཉིད་ཀྱི་ཐོག་མའི་སྐུལ་སློང་དེ་དྲན་ནས་ཆིན་ཁྲིན་རི་བོའི་ངོགས་ཀྱི་ནང་ཆོས་དགོན་པ་དེ་འཚོལ་དུ་ཆས། ཉིན་གུང་ཚད་པས་ལྡེ་ཞིང་ཚ་བ་མ་བཟོད་པར་རྔུལ་ཆུ་ཡང་ཁྲོམ་ཁྲོམ་དུ་བཞུར། ཆིན་ཁྲིན་རི་བོའི་ཉེ་འདབས་ནས་ནགས་ཁྲོད་བརྒྱུད་དེ་འགྲོ་དུས། སྡོང་ལོའི་ཁྲོད་ནས་བསིལ་འཇམ་རླུང་བུ་ཤིག་ཤིག་བྱེད་ཅིང་། སྨྲ་མི་ཤེས་པའི་ཚོར་བ་སྐྱིད་པོ་ཞིག་གིས་དེ་སྔའི་དཀའ་ངལ་དག་ཀྱང་སེམས་ནས་བོར་སོང་།
        སངས་རྒྱས་ཐུགས་ཀྱི་འོད་ཟེར་དགོན་འདི་ཆིན་ཁྲིན་རི་རྒྱུད་ཀྱི་ཆིན་ཧྥིན་རི་བོའི་རྩེ་རུ་བཏབ་ཡོད་ལ། གྲོང་ནང་གི་དགོན་སྡེ་དག་དང་མི་འདྲ་བར་གྲོང་པ་དང་བར་ཐག་ཅུང་རིང་པོ་འདུག དགོན་པའི་མཐའ་སྐོར་ཀུན་དུ་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་ལ། བསིལ་འཇམ་ཆུ་ཕྲན་ལྷུང་ལྷུང་དུ་འབབ་བཞིན་འདུག དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་བཞིན་དགོན་པ་རི་བོའི་རྩེ་རུ་གནས་ན་ཡང་དད་ལྡན་མཇལ་བ་རྒྱུན་ཆད་མེད་ལ། མཆོད་གུར་དང་སྒྲུབ་སྦྱོང་བྱེད་མཁན་ཤིན་ཏུ་མང་། ཐུགས་འོད་དགོན་འདིའི་ལོ་རྒྱུས་གླེང་དུས་རྙོག་དྲ་དང་གསང་བས་ཁེངས་འདུག་ལ། སྔོན་གྱི་དུས་ན་སྒྲིབ་སྦྱོང་ལ་མཁས་པ་ཞིག་གིས་གནས་གང་སར་བྱོན་ནས་བསླབ་ལ་བརྩོན་པའི་དུས་སུ་རྨི་ལམ་གྱི་ཞིང་དུ་སྟོན་པ་ཅིན་ཧྭ་ཆགས་འཇིག་བྱོན་པ་མཚན་ལམ་དུ་བྱོན་ནས། དམ་པ་ཁོང་གིས་རྟགས་དང་མཚན་མ་དེར་དམིགས་ནས་སྟོན་པ་ཅིན་ཧྭའི་སྐུ་བརྙན་རྒྱབ་ལ་ཁུར་ནས་གནས་འདིར་སླེབས་ཤིང་། ཞིག་རལ་དུ་གྱུར་པའི་སྔོན་གྱི་ཁྱིམ་པ་ཞིག་གི་མཆོད་གནས་ནས་ཅིན་ཧྭའི་ལྷ་ཁང་བཞེངས། དེ་བས་སྔོན་གྱི་དུས་སུ་ཅིན་ཧྭ་ལྷ་ཁང་ཟེར། ཡིན་ཡང་ས་ཁུལ་འདིའི་ཁ་རྒྱུན་གཏམ་དཔེ་ལ་དགོན་པ་ཆུང་ཆུང་འདིར་ལྷ་བཞུགས་སའི་ཁང་པ་མེད་ལ། གྲྭ་པ་གསོ་བའི་མཆོད་ཡོན་མེད་ཅེས་བཤད་རྒྱུན་ལས་ཆ་རྐྱེན་ཤིན་ཏུ་ཞན་པ་དཔག་ན་ཤེས། ཆིང་རྒྱལ་རབས་ཀྱི་ཁང་ཞི་ཁྲི་ལོའི་སྐབས་སུ་དགོན་པ་མང་པོར་ཐེ་གཏོགས་བྱས་ཤིང་། དགོན་པ་འདི་ཡང་སྔོན་ལས་ཀྱང་ཆག་རལ་དུ་གྱུར། ཡུང་ཀྲིན་ཁྲི་ལོ་བདུན་པའི་སྐབས་སུ་སྤོས་ལྡན་དགོན་གྱི་གྲྭ་པ་སེམས་པདྨ་གནས་འདིར་ཆོས་ཁྲིད་དུ་ཕེབས་ཤིང་། དགོན་པའི་གཡོན་ཟུར་གྱི་རྡོ་རིང་མཆོད་རྟེན་ལ་གཟིགས་ནས་དགོན་པ་འདི་སྒོམ་ལུགས་ཀྱི་དགོན་པ་ཞིག་ཡིན་པ་ཚོར་ནས། བསྐྱར་གསོའི་འདུན་པ་སྐྱེས་དེ་འབད་པ་ལྷུར་ལེན་བྱས། དེ་བས་ཁྲི་ཆེན་དགུ་པ་སེམས་པདྨ་དེ་དགོན་པ་འདིའི་མཁན་པོར་བརྩི་བཞིན་ཡོད་ལ། རིམ་བཞིན་ཁྲི་པ་དག་གི་དཀའ་སྤྱད་འབད་བརྩོན་ཁྲོད་དགོན་པར་འཕེལ་རྒྱས་ལེགས་པོ་བྱུང་ཞིང་། ཁྲི་རབས་བཅུ་བཞི་པའི་སྐབས་སུ་གོང་མར་སྙན་ཞུ་ཕུལ་ནས་ས་མུའུ་སྟོང་གཉིས་ཀྱི་དགོན་ས་བླངས་ཤིང་། དགོན་པ་བསྐྱར་འཛུགས་རྒྱ་ཆེར་བྱས། སྔོན་གྱི་ཁང་རྙིང་དག་ཞིག་ནས་གསར་བསྐྲུན་གྱ་ནོམ་པ་བྱས་སྟེ། དགོན་པར་དགོན་གནས་གཉིས་དང་གྲྭ་ཤག་ཁང་ཁྱིམ་365ཡོད་པ་ཞིག་ཏུ་སླེབས། ཡིན་ཡང་དུས་རབས་སྔོན་མའི་དུས་ཟིང་དང་ལྷག་པར་དུ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཤིང་ཆ་མཁོ་བར་ཁ་གཡར་ནས་གཙུག་ལག་ཁང་ཉེ་འཁོར་གྱི་ཁང་མིག་61ལས་གཞན་ཚང་མ་ཞིག་ཟིན། ཤུལ་དུ་ལུས་པའི་དགོན་པའི་ལྷ་ཁང་དང་མཆོད་རྟེན་དག་ལ་ནང་ཆོས་རིག་གནས་ཀྱི་རིན་ཐང་བླ་ན་མེད་པ་ལྡན་པས་ད་བར་དུ་ཞིབ་འཇུག་བྱེད་མཁན་ཤིན་ཏུ་མང་།
        1982ལོར་ཐུགས་འོད་དགོན་གྱི་ཆོས་སྒོ་ཡང་བསྐྱར་ཕྱེས་ཤིང་། 1988ལོའི་ཟླ་6པའི་ཚེས་29ཉིན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུའུ་ཁྲུའུ་ཐུགས་འོད་དགོན་དུ་ཐེངས་དང་པོར་ཞབས་འཇགས་གནང་ཞིང་། ཁོང་གིས་ཐུགས་འོད་དགོན་བཙུན་མའི་ཆོས་ར་ཞེས་ཡི་གེ་བྲིས་ཤིང་། ལོ་རབས་དགུ་བཅུའི་ནང་སྔ་གཞུག་ཏུ་ཚོགས་ཆེན་འདུ་ཁང་དང་དགེ་བསྙེན་འདུ་ཁང་སོགས་བཞེངས་བསྐྲུན་བྱས།
        དེ་ཡང་དགོན་པའི་སྐོར་ལ་ངག་རྒྱུན་གྱི་གཏམ་རྒྱུད་གང་མང་མཆིས་ལ། ལྷག་པར་དུ་དགོན་པའི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་འདུག སྔོན་དགོན་པ་བཙུགས་ནས་ཡུན་རིང་མ་འགོར་བའི་དུས་སུ་སི་ཁྲོན་གྱི་ས་ཆ་འདིར་ས་ཁུལ་མི་དམངས་ཀྱིས་བཙུགས་པའི་ཏ་ཞི་རྒྱལ་ཁབ་ཡོད་ལ། ཆིང་རྒྱལ་རབས་ཀྱི་སྐབས་སུ་ཆིང་དམག་གིས་ཏ་ཞི་རྒྱལ་ཁབ་ནུབ་ཅིང་། ཏ་ཞི་རྒྱལ་ཁབ་གྱི་གསེར་དངུལ་རྒྱུ་ནོར་གར་སོང་ཆ་མེད་དུ་གྱུར། དམངས་ཁྲོད་ཁ་དཔེར་རྡོ་ཟོག་རྡོ་རྔའི་ཁ་གཏད་ན་དངུལ་སྲང་ཁྲི་དང་ཁྲི་བཞིན་སྤུངས་ཞེས་པའི་བཤད་སྲོལ་ཡོད་ལ། མང་ཆེ་བས་འདི་ནི་ཏ་ཞི་རྒྱལ་ཁབ་ཀྱི་རྒྱུ་ནོར་འཚོལ་བའི་ས་རྟགས་ཡིན་པར་བཤད། གནའ་རྫས་སློག་པའི་མཐོ་རླབས་ཤིག་ཀྱང་སྤོས་ལྡན་གྲོང་གི་ཉེ་འཁོར་ནས་འཕྱུར། དེ་ཡང་སྔོན་ཆད་དགོན་པ་འདི་མེད་པོ་མེད་སྡུག་ཅིག་ཡིན་ལ། གློ་བུར་དུ་དགོན་པ་བཞེངས་སྐྲུན་རྒྱ་ཆེར་བྱས་ཤིང་། ཉུང་བས་དཔག་ན་ཡང་གསེར་སྲང་ཁྲི་གཉིས་ལ་བརྒལ་ཞིང་། དེ་བས་ཀྱང་དགོན་པ་འཛུགས་སྐྲུན་སྐབས་སུ་ཞལ་འདེབས་དང་སྦྱིན་བདག་གཅིག་ཀྱང་བུད་མ་མྱོང་ཞེས་དགོན་པའི་ལོ་རྒྱུས་ཁྲོད་བཀོད་འདུག དེ་བས་མི་མང་ཆེ་བས་དགོན་པ་འདི་སྔོན་ཆད་ཏ་ཞི་རྒྱལ་ཁབ་ཀྱི་གསེར་དངུལ་དང་འབྲེལ་བ་ཡོད་པའི་བཤད་རྒྱུན་འདུག

        ད་ལྟའི་དུས་འདིར་དགོན་པའི་ཁྲོད་དུ་མཆོད་འབུལ་བྱེད་མཁན་ཤིན་ཏུ་མང་ལ། ལྷག་པར་དུ་ནང་ལོགས་དང་ཞང་ཀང་གི་མི་སྣ་གྲགས་ཅན་གང་མང་ཞིག་གནས་འདིར་ཕེབས་ནས་མཆོད་པ་དང་སྦྱིན་པ་བྱེད་ཅིང་། དགོན་པའི་མཚན་སྙན་གྲགས་ཀྱང་སྔོན་གྱི་དར་བའི་དུས་དང་འདྲ་བར་ཁྲོན་ནུབ་ཀྱི་དབེན་གནས་གྲགས་ཅན་བཞིའི་ནང་དུ་བརྩི་བཞིན་ཡོད། གནས་འདིར་དགེ་བསྙེན་གྱི་སྒོམ་སྒྲུབ་བྱེད་པའི་ཆོས་ར་བཙུགས་ཡོད་ལ། ནམ་རྒྱུན་དད་ལྡན་འགའ་རེ་དུས་ངེས་གཏན་མེད་པར་གནས་འདིར་བྱོན་ནས་སྒོམ་སྒྲུབ་བྱེད་བཞིན་ཡོད། ལོ་ངོ་འགའི་ཡར་སྔོན་དུ་དགོན་པའི་ཚོང་ལས་རྒྱ་བསྐྱེད་ནས་ཐུགས་འོད་དགོན་གྱི་སྒོམ་ཇ་གསར་གཏོད་བྱས་ཤིང་། སྒོམ་དང་ཇའི་རིག་གནས་དར་ཞིང་རྒྱས་པར་བཏང་། དེ་བས་གནས་འདིར་ཕེབས་མཁན་དེ་ལས་མང་། ད་ལྟ་དགོན་པའི་འཆར་གཞི་ལྟར་ནས་དགོན་པའི་ཉེ་འཁོར་ནས་སྒོམ་སྒྲུབ་ཚོང་ར་ཞིག་ཕྱེ་རྒྱུའི་འཆར་འགོད་འཐེན་བཞིན་ཡོད་ལ། ཐོག་མའི་དམིགས་ཡུལ་ནི་ཚོང་ར་ནས་ཀྱང་སྒོམ་སྒྲུབ་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཕྱིར་གཏོང་བྱས་ནས་ཀུན་ལ་ཕན་པར་གྱུར་བའི་རེ་བ་ཡོད་ཅེས་བཤད་བཞིན་འདུག
        གསང་བ་དང་ངག་རྒྱུན། འཛུགས་སྐྲུན་དང་ཚོང་ར། སྒོམ་སྒྲུབ་དང་དྲིལ་བསྒྲགས་སོགས་ཕྱོགས་གང་ཅིའི་ཐད་ནས་དགོན་པ་འདི་དེང་རབས་ཀྱི་དགོན་སྡེ་ཞིག་ཏུ་གྱུར་ཡོད་ལ། སྔོན་གྱི་མིང་དུ་གྲགས་པའི་སྒོམ་སྒྲུབ་ཀྱི་གདན་ས་དེ་ད་ལྟ་མཐོང་རྒྱུ་མི་འདུག དགོན་པའི་གྲུ་ཟུར་རེ་རེ་ཡུལ་སྐོར་དང་ཚོང་རར་དམིགས་པ་གསལ་པོར་ཤེས་འདུག་ལ། ད་ནི་དགོན་སྡེ་འདི་དག་གནའ་ཤུལ་བཞིན་ལུས་ཤིང་། ལྗོངས་ཁུལ་བཞིན་མིའི་རིགས་ཀྱི་སེམས་ངོགས་སུ་འཚོ་བར། སྒོམ་སྒྲུབ་ཀྱི་ལས་འདི་ཉམས་སྲིད་པའི་ཚོར་བ་དྲག་པོ་ཞིག་གནང་བྱུང་། དགོན་པ་འདི་ལས་དེང་སྐབས་ཀྱི་སྲོལ་རྒྱུན་རིག་གནས་ཡུལ་སྐོར་གྱི་མཛད་སྤྱོད་ཐོན་རྫས་སུ་གྱུར་ཞིང་། དགོན་པ་དར་མིན་ཡང་ཡུལ་སྐོར་བྱེད་མཁན་གྱི་མང་ཉུང་ལ་རག་ལས་པའི་ཡ་མ་ཟུང་གི་གནས་སྟངས་སེམས་ངོར་ལྷང་སེ་དྲན། དེ་མ་ཉིད་དུ་སེམས་ངོར་སྐྱོ་སྣང་ཞིག་སྐྱེས་མོད། རི་ལས་འབབ་པའི་སྐབས་སུ་ལམ་འགྲམ་ཀྱི་ཁ་ལ་ཞིམ་པའི་ཟས་རིགས་དག་མཐོང་དུས་སྐྱོ་སྣང་དེ་ཡེ་ནས་བྲལ་ཞིང་ཕལ་ཆེར་རང་ཉིད་དང་འབྲེལ་བ་མེད་པ་ཞིག་ཏུའང་གྱུར་སོང་། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1