གཙོ་ངོས།>> གནས་མཇལ།>>དགོན་སྡེ།

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༡༥ཉིན།

༄༅། །དཔལ་སྤུངས་དགོན་གྱི་ལོ་རྒྱུས།


དང་པོ། གདན་སའི་འཕེལ་འགྲིབ་ཀྱི་སྐོར།


      དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ནི་བོད་གངས་ཅན་གྱི་ལྗོངས་དཔོན་དུ་སི་དང༌།བར་སྡེ་དགེ་རྒྱལ་རབས།ཕྱིས་སྡེ་དགེ་རྫོང་སྨན་ཤོད་ཆུས་དཔལ་སྤུངས་ཤང་ཞེས་པའི་མངའ་ཁོངས་སུ་གཏོགས།གནས་དེའི་ཁྱད་པར་ནི་ཐུན་མོང་སོ་སྐྱེ་རྣམས་ཀྱི་མཐུན་སྣང་དུ་ཇི་ལྟར་གྲུབ་པ་ནི་ས་དཔྱད་ལེགས་རྙེད་དཀའ་བ་ཐམས་ཅད་མ་ཚང་བ་མེད་པ་དང༌།ས་གཞི་ཐམས་ཅད་འཇམ་ཞིང་རྡོ་དང་ཚེར་མ་ཉུང་བ།གཅན་གཟན་གཏུམ་དང་སྦྲུལ་ལ་སོགས་མི་བསྲུང་པའི་འཚེ་བ་མེད་པ།ས་གཞི་མཐོ་དམའ་དང༌།གནམ་གཤིས་ཚ་གྲང་སྙོམས་པ།དབྱར་དགུན་ཀུན་ཏུ་སྐྱེ་བོ་རྣམས་ཁམས་དྭངས་ཤིང་རིག་པ་བཀྲ་བ།ཤིན་ཏུ་མཛེས་པའི་བྲག་རི་དཀར་དམར་སྔོན་པོའི་ཕྲེང་བ་དང༌།བཟང་ཤིང་སྣ་ཚོགས་པའི་ནགས་ཚལ་དང་ནེའུ་གསེང་ཡིད་དུ་འོང་བ་བཅས་ཀྱིས་བརྒྱན་པ།རོ་ནུས་ཁྱད་པར་འཕགས་པའི་སྨན་རིགས་དུ་མ་སྐྱེས་པ།ལུང་པ་ཕུ་མ་ཤོར་མདའ་མ་རལ་བ།དྭངས་ཤིང་བསིལ་བའི་འབབ་ཆུའི་སྒྲ་སྙན་དག་གཡས་གཡོན་ནས་རྒྱུ་ཞིང་མདུན་དུ་འདུས་པ།རི་རྒྱུད་གངས་དང་འབྲེལ་ཞིང་ཆུ་རྒྱུད་གཙང་པོར་ཟུག་པ།རྒྱུན་དུ་སྐད་རིགས་མི་གཅིག་པའི་སྐྱེ་བོ་དུ་མ་འདུས་ཤིང་སྡེ་བཞི་དགེ་བཅུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཕྱི་ལྟར་བསྔགས་པ་འོས་པའི་ཡོན་ཏན་དུ་མའི་དཔལ་གྱིས་སྤུངས་པ།ནང་ལྟར་མཁས་གྲུབ་སྐྱེས་ཆེན་དུ་མའི་གདན་ས།འཁོར་ལོ་གསུམ་གྱི་བསྟན་པའི་མཛེས་རྒྱན་བཀྲ་བ།ལུང་རྟོགས་ཡོན་ཏན་རྒྱ་མཚོའི་དཔལ་གྱིས་སྤུངས་པ།གསང་ལྟར་ཨོ་རྒྱན་པདྨས་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཡོན་ཏན་ཐུགས་ཀྱི་གནས་དེ་བཱི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག་གི་མདུན་ཞོལ་སྔོན་དུས་རྗེ་མར་པས་བསྟན་པ་རྒྱས་པ་ལུང་བསྟན་པའི་ཁྱད་པར་འཕགས་པའི་དཔལ་གྱིས་མངོན་པ་སྤུངས་པའི་གནས་ཁྱད་པར་འཕགས་པའོ།དེ་ལྟར་གནས་ཀྱི་མཚན་ཉིད་དང་ཁྱད་ཆོས་རྒྱས་པ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2005ལོར་པར་དུ་བསྐྲུན་པའི་མདོ་ཁམས་གནས་ཡིག་ཕྱོགས་བསྒྲིགས་དད་བསྐུལ་ལྷ་དབང་རྔ་སྒྲ་ཞེས་བྱ་བ་ལ་གཟིགས་རོགས་གནང༌།

      དེ་ལྟར་འཇིག་རྟེན་གསུམ་མགོན་གྱི་ཐུགས་སྲས་དཔལ་ལྡན་བྱང་ཆུབ་གླིང་པ་དཔལ་སྤུངས་སུ་འཇིག་རྟེན་གསུམ་མགོན་གྱིས་བཏང་བ་ལྟར་ཕྱག་ཕེབས་ཏེ།རེས་མཚོར་གནས་པའི་ནག་ཕྱོགས་ཀླུ་མ་རུང་པ་ཕྱག་མཁར་གྱིས་བསྣུན་ནས་བསྒྲལ་ཏེ་མཚོ་ཕལ་ཆེར་བསྐམ་པར་མཛད།དེ་ནས་བོན་གྱི་ཐ་ཚིག་ལ་གནས་པའི་བཙན་དམར་ཅོད་གྭ་པ་ཞེས་པ་ད་ལྟ་དགོན་པའི་ནུབ་ཕྱོགས་ཀྱི་བྲག་རི་ལ་གནས་པ་དེ་དང༌།བོན་པོ་རྔ་ཁུར།ང་འདྲ་ཆེ་བརྒྱད།སྤུ་ཁྱིམ་སྟག་སླགས།སྤ་ར།གདོང་ར་སོགས་ཕྱོགས་ཐམས་ཅད་ཀྱི་གཟུགས་མེད་རྣམས་དམ་ལ་བཏགས་ཤིང་དེང་སང་དགོན་གཞུང་རྡོ་གཅལ་ཡོད་པ་དེ་ལ་མཚོ་ཞིག་ཡོད་པར་ཀླུ་ནག་ཕྱོགས་གནས་པ་དེའང་བཏུལ་ཏེ་མཚོ་ཆོས་གོས་ཀྱིས་འགེབས་པར་མཛད།ཕྱག་ཕྲེང་གཏོར་བར་མཛད་པས་ཤུག་སྤོས་དྲི་ཞིམ་ཅན་བྱུང་བ་ཡིན་པས་དེང་སང་གི་བར་དུའང་ཕྱག་ཕྲེང་སྒང་ཞེས་གྲགས།ས་ཕྱོགས་ཐམས་ཅད་བྱིན་གྱིས་བརླབས་ཏེ་རྫུ་འཕྲུལ་གྱིས་ཞབས་རྗེས་སྟོད་སྨད་བར་གསུམ་བཞག་པ་ད་ལྟའང་མཇལ་རྒྱུ་ཡོད།དེ་ནས་གདན་སའི་མཐིལ་དཔལ་སྤུངས་སུ་མཛད་ཅིང་དེ་ལས་གྱེས་པའི་བྲག་ནག་དགོན་ཀློག་པ་གཙོ་ཆེའི་གྲྭ་སྡེ་དང༌།དབུ་ཆེ་རི་མགུལ་སྒོམ་གྲྭ་ཆེན་མོ་བཅས་དགོན་ཁག་གསུམ་གྱི་གཙོས་དགེ་འདུན་ཁྲི་ཚོ་དུ་མ་འདུས་པར་གྲགས།གདན་ས་དེ་དག་དང་ཉེ་བའི་ཐང་ཞིག་ལ་ཆོས་ཁྲི་བརྩིགས་ནས་རྒྱུ་འབྲས་ཀྱི་ཆོས་དུ་མ་གསུངས།ད་ལྟའང་ཐང་དེ་ལ་ཆོས་ཁྲི་ཐང་ཞེས་ཟེར།དཔལ་ལྡན་བྱང་ཆུབ་གླིང་པས་ཐོག་མའི་དགོན་པ་བཏབ་པས་དགོན་མིང་ལ་བྱང་ཆུབ་གླིང་ཞེས་བརྗོད་པར།ཁམས་པའི་ངག་རྒྱུན་དུ་སྤེའུ་བྱང་ཆུབ་གླིང་དགོན་ཡང་ཟེར།དབུ་ཆེ་མགུལ་སོགས་ལ་སྤོང་བ་པོའི་ཁང་མལ་མང་པོ་དེང་སང་ཡང་མཐོང་རྒྱུ་ཡོད།དེ་ལྟར་བཤད་སྒྲུབ་གཉིས་ཀྱིས་འབྲི་གུང་བསྟན་པ་ལོ་གྲངས་བཅུ་ཕྲག་མང་པོར་བསྐྱངས།དེང་སང་དཔེ་ཝར་དགོན་པ་དང་ལྕགས་ར་དགོན་སོགས་ཀྱང་དེ་དུས་འབྲི་གུང་བཀའ་བརྒྱུད་ཡིན་པར་གདོན་མི་ཟའོ།རབ་བྱུང་ལྔ་པའི་ལྕགས་སྟག་སྤྱི་ལོ་1290ལོར་འབྲི་གུང་གདན་སར་ས་སྐྱའི་དཔོན་ཆེན་ཨག་ལེན་གྱིས་དཔུང་ཆེན་དྲངས་ནས་འབྲི་གུང་ལྷ་ཁང་མེར་བསྲེགས།སྐྱ་སེར་ཁྲི་ཕྲག་ལྷག་བསད་པས་འབྲི་གུང་གླིང་ལོག་ཅེས་པ་དེ་བྱུང༌།དེ་སྐབས་ཁམས་དབུས་ཀྱི་འབྲི་གུང་དགོན་སྡེ་མང་པོ་ས་སྐྱ་ལ་བསྒྱུར།དགོན་འདིའི་མ་ལག་དང་བཅས་པ་དེ་དུས་ས་ལུགས་སུ་བསྒྱུར།

      དེ་ནས་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་མངའ་རིས་རབ་འབྱམས་ཚུལ་ཁྲིམས་འོད་ཟེར་གྱིས་དཔལ་སྤུངས་གདན་ས་བཟུང་ནས་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་འཁོར་ལོ་ཟབ་རྒྱས་བསྐོར།འཆད་རྩོད་རྩོམ་གསུམ་གྱིས་དཔལ་ལྡན་ས་སྐྱའི་བསྟན་པ་རྒྱ་ཆེར་རྒྱས་པར་མཛད་དེ།མཁན་སློབ་གཟི་བརྗིད་ཅན་དུ་མ་བཞུགས་སྟབས་མདོ་ཁམས་ཕྱོགས་ཀྱི་ས་ངོར་རྣམས་དགོན་འདི་ལ་ཆོས་ཞུགས་པ་ལས་ས་ངོར་དུ་ཆོས་ཞུ་གྲྭ་རྒྱུན་འགྲོ་མཁན་རྒྱུན་ཆད་སོང་བས།ཤར་དཔལ་སྤུངས་ལ་ངོར་པས་མཐུ་མཛད་དེ་ངོར་གྱི་གཏོར་ཟོར་ཟེར་བའི་དགོན་དེའི་གཡོན་རིའི་བྲག་གྲུ་གསུམ་དམར་གཏོར་འདྲ་བ་ཞིག་དང༌།མདུན་གྱི་ནགས་ཚལ་དབུས་མི་ལྤགས་ཐང་ཞེས་སྤང་རི་གཡང་བཞིའི་དབྱིབས་འདྲ་བ་ཞིག་ཡོད།དེ་ལྟར་དཔལ་ལྡན་ས་སྐྱའི་བསྟན་པ་ས་སྐྱའི་མཁན་པོ་དཔལ་ལྡན་ལྷུན་གྲུབ་ཀྱི་བར་དུ་དར་རྒྱས་སུ་བཞུགས།དེ་སྐོར་སྤེའུ་བྱང་ཆུབ་གླིང་པའི་བསྟན་པ་ཨ་རས་བཤིགས་ཞེས་ལུང་བསྟན་ཡོད་སྐད་ཀྱིས་གྲྭ་པ་ཚོས་སྲོག་ཆགས་ཨ་ར་ལ་སྡང་བར་བྱས་ཀྱང༌།རྗེས་སུ་ཤིང་མཁན་ཨ་ར་ཟེར་བ་ཞིག་གིས་དགོན་པ་མེ་ལ་ཤོར་བས་དགོན་པའི་རྟེན་དང་བརྟེན་པ་ཡོངས་རྫོགས་བརླགས་སོང་བ་རེད་ཅེས་བཤད་སྲོལ་ཡོད་པ་ཙམ་མ་ཟད་ཕྱིས་སུ་ཞིང་རྨོ་དང༌།ས་རྐོ།རྡོ་སློག་བྱས་སྐབས་ཁང་པའི་ཀ་བ་དང༌།རྒྱ་བཟོས་ཀྱི་གན་ཛིར་པ་ཊ་དང༌།སི་ཏུ་ཆོས་འབྱུང་སྐབས་མེ་དགྲའི་སྲི་གནོན་ལ་ཕུར་ཁང་བདུད་དཔུང་ཟིལ་གནོན་རྟེན་ཆོས་སྒྲུབ་རྒྱུད་མ་ཆད་པ་འཇོག་པར་གནང་བ་སོགས་ཀྱི་ལོ་རྒྱུས་གཏན་ཚིག་གིས་དགོན་པ་མེར་ཤོར་ཡོད་པར་གྲུབ།དེ་ལྟར་དགོན་སྔ་མ་དེའི་ཤུལ་ཚཱ་ཁང་དམར་གདུང་མ་ཟེར་བ་ཞིག་དང༌།དཔའ་འོག་སྨྱུང་གནས་ལྷ་ཁང་ཞེས་པ་ལས་མེད་པར་གྱུར།སྨྱུང་གནས་ལྷ་ཁང་དེ་ནི་ཕྱིས་སུ་མཁན་ཆེན་ཟླ་བ་བཟང་པོས་སཱཙྪ་འབུམ་ཕྲག་གཟུགས་ལྡན་གྱིས་བསྐངས་ཀྱང་དེང་སང་དབྱིངས་སུ་བཤིགས་པར་གྱུར་ཏོ།།

      དེ་ལྟར་ས་འབྲི་གཉིས་རྐྱེན་འགས་སྟོང་དུ་གྱུར་ནས།སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་དགུང་ལོ་ཉི་ཤུ་རྩ་བརྒྱད་བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་ལུག་ལོ་སྟེ་སྤྱི་ལོ་1727ལོར་དབུ་བརྩམས་ཏེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་བྱ་བ་ཡོངས་སུ་གྲགས་པ་འདི་ཕྱག་བཏབ།དེའང་སི་ཏུ་ཆོས་ཀྱི་འབྱུང་གནས་དང་ཨ་ལོ་བླ་མ་ཀུན་མཁྱེན་གཉིས་དཔལ་འབྱོར་དགོན་ནས་དཔལ་སྤུངས་སུ་བཏེགས་ཏེ་དགོན་པ་འདེབས་སའི་ས་དཔྱད་གཟིགས་སྐབས།ད་ལྟའི་འདུ་ཁང་བཞུགས་པའི་ས་དེར་རྡོ་ཞིག་གི་ཐོག་ཏུ་ནས་བཟང་པོ་ཁྱོར་གང་ཙམ་ཡོད་པ་དེ་བྱེའུ་ཞིག་གིས་བསྲུངས་ནས་འདུག་པ་མཐོང་བས་དེར་དགོན་པ་འདེབས་རྒྱུའི་རྟེན་འབྲེལ་འགྲིགས་སྟབས་སི་ཏུ་ཆོས་འབྱུང་དཔོན་སློབ་གཉིས་ཀྱིས་ཐུགས་ཐག་བཅད།ཆོས་འབྱུང་སྐབས་ནས་དེ་དཔལ་སྤུངས་དགོན་པའི་རྟེན་སྒམ་དུ་ཡོད་པ་ཆོས་འབྱུང་རྣམ་ཐར་དུ་གསལ།ཟླ་བ་གསུམ་པའི་ཚེས་ཀར་ས་སློང་མཛད་དེ་སྡེ་དགེའི་གཉེར་ཆེན་ཆོས་སྐྱོང་བཀྲ་ཤིས་ལས་དཔོན་མཛད་ནས་རྨང་གདིང༌།སྡེ་དགེ་རྒྱལ་པོས་འུ་ལག་གནང་སྟེ་ལོ་གཉིས་ཙམ་གྱིས་གཙུག་ལག་ཁང་དང་གྲྭ་ཁང་ཉེར་ལྔ་ཙམ་བཞེངས་གྲུབ།དེ་སྐབས་རྗེ་ཉིད་ཙཱ་འདྲ་རིན་ཆེན་བྲག་ཏུ་སྐུ་མཚམས་བཅད་རྒྱ་མཛད།

      དེ་ནས་ས་མོ་བྱ་ལོ་སྟེ་སྤྱི་ལོ་1729ལོར་སྡེ་དགེ་རྒྱལ་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་སྟོན་འཁོར་དང་བཅས་པ་ཤར་དཔལ་སྤུངས་སུ་བྱོན་ནས་དགོན་པ་བཏབ་པའི་ལེགས་སྐྱེས་དངོས་པོ་གྱ་ནོམ་པ་གནང་བ་དང་ཆབས་ཅིག་སྡེ་དགེའི་མངའ་ཁོངས་སུ་གཏོགས་པའི་ཕྱི་འབྲོག་པདྨ་དཔོན་ཁག་རྣམས་དང༌།ཨ་ལོ།དཔེ་ཝར།ལྷ་རུ་བཅས་ནས་བཙུན་ཁྲལ་ལྔ་བརྒྱ་ལྷག་བཀས་བཅད།སི་ཏུ་སྐུ་ཕྲེང་ན་རིམ་སྡེ་དགེ་ཚང་གི་དབུ་བླར་གྱུར་ནས་སྡེ་དགེ་ཚང་གི་ཆོས་སྲིད་ལ་དཔལ་སྤུངས་སི་ཏུ་སྐུ་རབས་ཀྱིས་ཕན་བདེའི་ཕྲིན་ལས་རྒྱ་ཆེར་སྤེལ་བ་དང༌།ལྷག་དོན་རྒྱལ་བསྟན་སྤྱི་དང་བྱེ་བྲག་དྭགས་རྒྱུད་ཀྱི་བསྟན་པ་ས་ཕྱོགས་དེ་ནས་རབ་ཏུ་འབར་བའི་སྐལ་བཟང་བྱུང༌།དེ་ནས་སི་ཏུ་པདྨ་ཉིན་བྱེད་དང་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱིས་སྒྲུབ་སྡེ་གོང་འོག་གཉིས་གསར་དུ་བཙུགས་པ་དང༌།སི་ཏུ་པདྨ་དབང་མཆོག་རྒྱལ་པོས་རབ་བྱུང་བཅུ་དྲུག་པའི་མེ་ཡོས་སྟེ་སྤྱི་ལོ་1927ལོར་དཔལ་སྤུངས་འདུ་ཁང་ཆེན་མོ་རྒྱ་བསྐྱེད་གནང་བ་དང༌།བཤད་གྲྭ་ཁང༌།སྤར་ཁང་བཅས་གསར་བཞེངས་དང་ཞིག་གསོས་མཛད་པ།དབོན་སྤྲུལ་དབང་གི་རྡོ་རྗེས་སྒྲུབ་སྡེ་འོག་མ་གསར་བཞེངས་གནང་བ།འཇམ་མགོན་ཀོང་སྤྲུལ་གཉིས་པ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་གྱིས་སྒྲུབ་སྡེ་གོང་མ་རྒྱ་བསྐྱེད་གནང་ཞིང༌།ཀར་རབས་ལྷ་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད་པ།བེ་རུ་མཁྱེན་བརྩེས་ཀུན་རིག་སྒྲུབ་ཁང་གསར་བཞེངས་མཛད་པ་སོགས་འཆད་འགྱུར་ལྟར་རོ།།

      གཉིས་པ།སྤྲུལ་སྐུ་ཁག་གི་སྐུ་ཕྲེང་རིམ་བྱོན་གྱི་སྐོར།

      ཐོག་མར་སི་ཏུའི་སྐུ་ཕྲེང་ནི།དེའང་དགའ་ལྡན་ལྷ་བརྒྱའི་དབུས་སུ་རྒྱལ་ཚབ་མི་ཕམ་བྱམས་པ་མགོན་པོ།གསང་ཆེན་བཀའ་ཡི་སྡུད་པོ་རིག་འཛིན་རྡོ་རྗེ་ཆོས།བདེ་བ་ཅན་དུ་རྒྱལ་སྲས་སེམས་དཔའ་ཆོས་ཀྱི་འབྱུང་གནས།འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཌོམྦྷི་ཧེ་རུ་ཀརྩོལ་མེད་འོད་གསལ་ཐེག་པའི་ཤིང་རྟ་རིག་འཛིན་ཤྲཱི་སེང་ཧ།བོད་ཡུལ་ཡིག་མཁན་གྱི་རྒྱལ་པོ་སྐད་གཉིས་སྨྲ་བ་འདན་མ་རྩེ་མང༌།གསང་ལྗོངས་སྒྲུབ་བརྒྱད་ཀྱི་ཆུ་མགོ་དགྱེས་མཛད་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས།གསང་ཆེན་བསྟན་པའི་ཉི་མ་རྗེ་བཙུན་སྒྲོལ་བའི་མགོན་པོ་སོགས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་གཅིག་ཏུ་བསྡུས་པའི་སྤྱི་གཟུགས་སུ།མཁྱེན་གཟིགས་ཀྱི་ཡེ་ཤེས་དྲི་མ་མེད་པ་མངའ་བ་དུ་མ་ལ་ཡོངས་སུ་གྲགས་ཤིང༌།རྩོད་མེད་གྲུབ་ལ།ཁྱད་པར་སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མར།ཨོ་རྒྱན་ཆེན་པོས།མ་འོངས་འདི་འཛིན་ཆོས་ཀྱི་བཤེས་གཉེན་ཀྱང༔ཆོས་སྤྱོད་བསྟན་པའི་སྲོག་ཤིང་རྣལ་འབྱོར་པ༔འགྲོ་བའི་དོན་བརྩོན་བརྒྱུད་མར་རིམ་བཞིན་དུ༔ཆོས་ཀྱི་འོད་ཟེར་ཆོས་ཀྱི་རྒྱལ་མཚན་དང༔ཆོས་ཀྱི་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དང༔ཆོས་ཀྱི་འབྱུང་གནས་ཆོས་སྤྱན་མཚན་ཅན་དྲུག༔དེ་མཐར་པདྨ་དབང་ཆེན་པདྨ་མཆོག༔པདྨ་རྒྱལ་པོ་པདྨ་དོན་ཡོད་ཅེས༔པདྨ་རྡོ་རྗེ་པདྨ་དྲི་མེད་རྩལ༔པདྨའི་མཆེད་དྲུག་པདྨའི་ལྗགས་ལྡན་ཏེ༔པདྨ་མཆོག་གི་བསྟན་པ་ཡང་དག་འཛིན༔ཞེས་པས།ཏཱ་ཡི་སི་ཏུའི་སྐྱེས་རབས་སུ་མཚོ་སྐྱེས་རྡོ་རྗེ་རང་ཉིད་དངོས་ཀྱི་རྣམ་རོལ།ཆོས་ཀྱི་སྤྱན་ཅན་དྲུག་དང༌།པདྨའི་ལྗགས་ལྡན་དྲུག་འབྲེལ་ཆགས་སུ་འབྱུང་བར་གསུང་པ་ལས།ཆོས་ཀྱི་འབྱུང་གནས་ཡན་དུ་ཆོས་ཀྱི་སྤྱན་ཅན་དྲུག་ཕེབས་པའི་དྲུག་པ་ཆོས་ཀྱི་འབྱུང་གནས་སྡེ་དགེ་ཨ་ཏ་རོང་དུ་སྐུ་འཁྲུངས་ཏེ།སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྤྲུལ་སྐུ་འདི་མེ་ཏོག་ཕོག་པའི་ལྷ་སྐལ་ཡིན་པ་གཞན་སུ་ལའང་མི་བསྐུར།ང་རང་མངའ་ཁོངས་ཞིག་ཏུ་དགོན་པ་བཏབ་དགོས་ཞེས་ཀརྨ་དགོན་ལ་མ་གནང༌།གདན་ས་དཔལ་སྤུངས་ཕྱག་བཏབ་རྗེས་སྡེ་དགེ་ཆོས་རྒྱལ་ཆེན་པོས་སྡེ་དགེའི་ཆོས་རྟེན་ཕྱེད་དགོས་ཀྱིས་ས་སྡེ་གྲྭ་ཚང༌།མཆོད་རྒྱུན་གཏོང་ཐེབས་རྒྱ་ཆེ་བར་གནང་བཞགས་ཀྱིས་སྡེ་དགེའི་མཆོད་ཡོན་རྣམ་གཉིས་ཞེས་པའི་གྲགས་སྙན་རྒྱས།རྗེ་ཉིད་ཀྱིས་དགོན་སྡེ་གསར་འདེབས་དང་དགོན་རྙིང་ཉམས་གསོ་མདོར་ན་ཁམས་སུ་བཀའ་དགོས་བརྒྱ་དང་བརྒྱད་ཅུ་ཞེས་པ་རྗེ་འདི་ཉིད་ཀྱི་བཀའ་དྲིན་ཡིན།དེ་ནས་པདྨའི་ལྗགས་ལྡན་དང་པོ་པདྨ་ཉིན་བྱེད་དབང་པོ་སྟེ།དེ་ཉིད་ནི།གཏེར་ཆེན་མཆོག་འགྱུར་གླིང་པའི་གསང་ལུང་ལས་ཀྱང༌།གསེར་ལྡན་འབབ་པའི་གཡས་འགྲམ་དཔལ་རིའི་སྤོར༔ང་ཡི་གསུང་སྤྲུལ་པདྨ་ཉིན་བྱེད་ཅེས༔རྒྱལ་བའི་གདུང་འཚོབ་སྒྲུབ་པའི་རྒྱལ་མཚན་བཙུགས༔དུས་མཐའི་མུན་རུམ་ནང་དུ་སྒྲོན་མེ་འཛིན༔ཞེས་གསུངས་པ་ལྟར་དམ་པ་དེ་ཉིད་སྐུ་ཚེ་མཛད་ཕྲིན་མཐར་ཕྱིན་ཏེ་རབ་བྱུང་བཅུ་བཞི་པའི་ཤིང་སྟག་ལོར་སྤྲུལ་པའི་བཀོད་པ་རེ་ཞིག་བསྡུས་པའི་ལོ་དེར།པདྨའི་ལྗགས་ལྡན་གཉིས་པ་གྲུབ་དབང་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོ་འཁྲུངས་པ་སྟེ།རྗེ་དེ་ཉིད་ནི།མཆོག་གླིང་ཟབ་གཏེར་བླ་མ་བདེ་བ་ཆེན་པོ་ཤོག་གཅིག་མ་རྒྱལ་དབང་ཐེག་མཆོག་རྡོ་རྗེས་ཤོག་སེར་ལས་ཕབ་ཅིང༌།འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་ཕྱག་བྲིས་བཀོད་པ་ལས།དེ་དུས་འདི་ཡི་བདག་པོ་ས་བཅུའི་མགོན༔ཐང་གི་ལྷ་དང་གནམ་གྱི་མཚོ་ཡོད་སར༔ང་ཡི་སྤྲུལ་པ་ས་མནྟ་བྷ་དྲ༔ཤིང་སྟག་ལོ་པ་འགྲོ་བའི་མགོན་པོ་འབྱུང༔གནས་ལྔར་ཕྱག་མཚན་ལྔ་དང་མཁུར་ཚོས་ལ༔པདྨའི་རི་མོ་དཔྲལ་བར་དགའ་འཁྱིལ་ཅན༔ལྟེ་བར་སྨེ་བ་དམར་ནག་སྟག་ཤམས་ཅན༔དེ་ལ་སྐུ་རྟེན་གསུང་གསུམ་འཕྲོད་པར་གྱིས༔ཞེས་དང༌།ཟབ་པ་སྐོར་བདུན་གྱི་ལུང་བསྟན་ཆོས་ཀྱི་མདོ་བྱང་ལས།གནས་དྲུག་གངས་ར་སོར་མོ་བསྒྲེངས་འདྲ་རུ༔ལུས་ཅན་ལུས་མེད་འཆོལ་བའི་བུ་ཞིག་ལ༔ཚེ་ཡི་མིང་ཅན་་གླང་ངམ་སྟག་ལོ་པ༔ཐུགས་ཀར་ཤ་མཚན་རྡོ་རྗེའི་དབྱིབས་ཅན་དང༔མགྲིན་པ་དུང་རིས་སྨེ་བ་དམར་པོས་མཚན༔དཔྲལ་བར་དགའ་འཁྱིལ་ལམ་ནི་པདྨ་རིས༔དཔུང་མགོ་ཟླུམ་ཞིང་བརླ་ལ་སྟག་རིས་ཅན༔སྨེ་བའི་ག་ཤལ་གཏུམ་པའི་ཚུལ་ཅན་ཞིག༔ཨོ་རྒྱན་ང་སྤྲུལ་པདྨའི་སྙིང་པོ་འབྱུང༔ཞེས་སོགས་ལན་གཅིག་མིན་པར་རྡོ་རྗེའི་ལུང་གིས་ཡང་ནས་ཡང་དུ་བསྔགས་ཤིང༌།རྩོད་མེད་ཀྱི་གྲུབ་ཐོབ་ཆེན་པོ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བར་བཞུགས་ཀྱང༌།གདུལ་བྱ་བསོད་ནམས་དམན་པའི་དབང་གིས་སྐབས་དེར་བར་ཆད་མང་ཞིང༌།རྡོ་རྗེའི་ལུང་ལས་དགུང་ཚད་རབ་འབྲིང་ཐ་མ་བཞིར་གསུངས་པའི་འབྲིང་སྨད་དགུང་གྲངས་སོ་གཉིས་ལས་མ་བཞུགས་པར་རབ་བྱུང་བཅོ་ལྔའི་ཤིང་བྱ་ལོར་དགོངས་པ་གཞན་དུ་གཏད་པའི་ཚུལ་མཛད།ལོ་དེའི་ཕྱི་མ་མེ་ཁྱི་ལོར།པདྨའི་ལྗགས་ལྡན་གསུམ་པ།ཐམས་ཅད་མཁྱེན་པ་བྱམས་མགོན་པདྨ་དབང་མཆོག་རྒྱལ་པོ་འཁྲུངས་པ་སྟེ།དེའང༌།མཆོག་གླིང་གནས་ཆེན་ཉེར་ལྔའི་མདོ་བྱང་དུ།དེ་དུས་ནམ་མཁའི་མཚོ་ལ་ཐོག་བབ་བཞིན༔པདྨའི་སྤྲུལ་པ་དེའི་ཡང་སྤྲུལ་དུ༔པདྨའི་རྒྱལ་པོ་སྙིང་པོ་ཞེས་བྱ་བ༔མ་དག་ཚར་གཅོད་དག་པ་དབུགས་དབྱུག་འབྱུང༔ཚུལ་ཡང་ཡེ་ཤེས་ལྟ་སྟངས་མཁའ་ལ་གཟིགས༔ཞེས་གསུངས་པའི་ལུང་དེ་ཉིད་དམ་པ་འདིའི་ཚུལ་དང་མཛད་ཕྲིན་སོགས་སྒོ་ཀུན་ནས་འགྲིགས་ཤིང་འབྲེལ།དེའང་གྲུབ་དབང་པདྨ་ཀུན་བཟང་དགོངས་པ་འཕོས་མ་ཐགབོད་རབ་བྱུང་བཅོ་ལྔ་པའི་མེ་ཁྱི་ལོར་མདོ་སྨད་ལི་ཐང་དུ་སྐུ་འཁྲུངས།གདན་ས་དཔལ་སྤུངས་སུ་མངའ་ཁྲིར་གསོལ་ནས་སྔོན་རྗེས་སུ་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་ཕན་ཚུན་མདོ་རྒྱུད་རིག་གནས་་གསན་སྦྱོང་དང༌།འཆད་ཉན་མཛད་པར་མཁས་པའི་སློབ་དཔོན་ཆེན་པོ་བསྟན་པ་ཡོངས་རྫོགས་ཀྱི་རྒྱལ་པོར་གྱུར།མཐར་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས།པདྨའི་ལྗགས་ལྡན་བཞི་པ་པདྨ་དོན་ཡོད་ཉིན་བྱེད་དབང་པོ་འདི་ཉིད་ནི།མདོ་ཕལ་པོ་ཆེ་ལས།གང་དག་འོད་ལས་པདྨ་རྣམ་བྱུང་བ།།དེ་དག་རྒྱལ་གཟུགས་པདྨའི་གདན་འཁོད་སར།།ཕྱོགས་བཅུའི་འཇིག་རྟེན་དག་ཏུ་སྟོན་བྱེད་ཅིང༌།།དོན་ཡོད་གནས་པ་སེམས་ཅན་འདུལ་བར་བྱེད།།གང་དག་རྒྱལ་གཟུགས་པདྨའི་གདན་འཁོད་སར།།ཕྱོགས་བཅུའི་འཇིག་རྟེན་དག་ཏུ་སྟོན་བྱེད་ཅིང༌།།དོན་ཡོད་གནས་པ་སེམས་ཅན་འདུལ་བྱེད་ལ།དེ་དག་མངོན་ཤེས་རྫུ་འཕྲུལ་མཐའ་ཡས་སོ།ཞེས་སོགས་བཀའ་གཏེར་མང་པོའི་ལུང་གིས་བསྔགས་པ་དང་མཐུན་པར་དཔལ་རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེའི་ཡེ་ཤེས་སྤྱན་གྱིས་འཁྲུལ་བྲལ་ཡེ་ཤེས་ཆེན་པོའི་གཟིགས་པའི་བཀའ་ལུང་གནང་བ་ལྟར་མདོ་སྨད་སྡེ་དགེའི་མངའ་ཁོངས་དཔལ་ཡུལ་དུ་འཁྲུངས།དགུང་ལོ་གཉིས་ཐོག་དཔལ་སྤུངས་སུ་སྤྱན་དྲངས།དགུང་ལོ་དྲུག་བཞེས་པར་རྒྱལ་དབང་རིན་པོ་ཆེ་དང་ལྷན་དུ་རྒྱ་གར་དུ་ཕྱགས་ཕེབས་ནས་རྒྱལ་དབང་རིན་པོ་ཆེའི་བདག་རྐྱེན་ཁོ་ནར་བརྟེན་ཅིང༌།སྡེ་སྣོད་འཛིན་པ་དང༌།མཁས་དབང་རབ་འབྱམས་པའི་འདུས་པ་རྒྱ་མཚོ་ལས་མདོ་རྒྱུད་མན་ངག་དང་བཅས་པའི་ཆོས་གསན་སྒོམ་མཛད།རྒྱུན་གཞུང་སྨིན་གྲོལ་སོགས་བསྟན་པའི་རྒྱུན་གང་བཞུགས་ཐམས་ཅད་ཡུལ་དང་སྐད་རིགས་མི་གཅིག་པའི་ནུབ་ཕྱོགས་རྒྱལ་ཁམས་ཀུན་ལ་སྤེལ་ཏེ་ཆོས་བསྒྱུར་བའི་ཕྲིན་ལས་ཀྱིས་རྒྱལ་མཆོག་ཤཱཀྱའི་བསྟན་པ་ཁྱབ་བརྡལ་དུ་མཛད་པ།བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་ཚོགས་བསྡུས་བསྒྲིགས་ཉམས་གསོ་མཛད་ནས་རིས་མེད་ཀྱི་དགོན་སྡེ་ཁག་དང་དཔེ་མཛོད་ཁང་ཁག་ཏུ་བཞག་གནང་མཛད་པ་བཅས་ད་ལྟ་ཡོངས་སུ་གྲགས་ཤིང་གྲུབ་བཞིན་པ་དང༌།གདན་ས་དཔལ་སྤུངས་ལའང་བཤད་གྲྭ་གསར་བཙུགས་དང་གཞི་བྱེས་ཆོས་གྲྭ་རྣམས་ལ་འཆད་ཉན་གྱི་རྒྱུན་མ་ཆད་པར་སྐྱོང་ཞིང་ཀློག་པ་ཐོས་བསམ་འཁོར་ལོའི་ཕྲིན་ལས་དང༌།སྒྲུབ་སྡེ་གོང་འོག་གསུམ་ཀྱིས་གཙོས་སྤོང་བ་བསམ་གཏན་གྱི་སྡེ་རྣམས་ལ་ཐུགས་རྗེ་རྟག་པར་ཆེ་བས་སྨིན་གྲོལ་བྱིན་རླབས་ཀྱི་བཀའ་དྲིན་དང༌།གདན་ས་འདིའི་གཙོས་ཕྱོགས་གཏོགས་ཀྱི་ཆོས་སྡེ་རྣམས་ལ་ཆོས་དང་འདུལ་བ་བཞིན་དུ་གཙང་ཞིང་རྣམ་པར་དག་པའི་ཁྲིམས་རབ་ཏུ་བསྡོམས་པ་དང༌།དགེ་འདུན་རྣམས་ལ་སྒྲུབ་རྒྱགས་འཚོ་བའི་ཆ་རྐྱེན་སོགས་གཟིགས་སྐྱོང་དུས་རྒྱུན་དུ་གནང་བ་སོགས་ནི་དེང་སང་བསྟན་པའི་མིག་ལྟོས་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་གྱུར།དེ་ལྟར་དོན་གཉིས་རྒྱ་མཚོའི་ཕ་རོལ་ཕྱིན་པའི་སྐུ་མཆོག་བགྲང་བྱ་ལྔ་བཅུ་རྩ་གཉིས་ཕེབས།ད་དུང་ཡང་བསྟན་པ་རྒྱ་མཚོའི་མངའ་བདག་ཆོས་ཀྱི་རྒྱལ་པོ་གང་གི་མཚན་དཔེའི་དཀྱིལ་འཁོར་བསྒྲེས་རྒུད་ཀྱིས་རྙོག་པ་མེད་པར་འཆི་མེད་གྲུབ་པའི་སློབ་དཔོན་བི་མ་མི་ཏྲ་དང༌།རྡོ་རྗེའི་སྐུ་བརྙེས་པདྨ་སཾ་བྷ་ཝའི་ངོ་བོར་འཚོ་ཞིང་གཞེས་ལ་བཞུགས་པར་གསོལ་བ་ལན་བརྒྱ་སྟོང་དུ་འདེབས།

      གཉིས་པ་འཇམ་མགོན་ཀོང་སྤྲུལ་གྱི་སྐུ་རབས་ནི་ཐོག་མར་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་ནི་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས།གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ།རྒྱལ་བ་བྱམས་པར་གྲགས་པ་མཐའ་ཡས་བཞིན།སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས།བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན།ཅེས་གསུང་པ་དང༌།ལང་ཀར་གཤེགས་པ་ལས།དེ་ཡི་འོག་ཏུ་བྱས་དུས་ལ།འདྲེན་པ་བློ་གྲོས་ཞེས་བྱ་བ།ཤེས་བྱ་རྣམ་ལྔ་སྟོན་པ་པོ།དཔའ་བོ་ཆེན་པོ་འབྱུང་བར་འགྱུར།ཞེས་སོགས་མཚན་དང་མཛད་པ་བཅས་སངས་རྒྱས་ཉིད་ཀྱིས་གསལ་བར་ལུང་བསྟན་པ་དང༌།ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ཀྱང་གཏེར་ཁ་གསར་རྙིང་དུ་མ་ནས་རྡོ་རྗེའི་ལུང་གིས་འཁྲུལ་མེད་གསལ་བར་བསྔགས་པ་ལྟར།སྟོན་པའི་ཉེ་གནས་ཀུན་དགའ་བོ།རྣམ་སྣང་སྤྲུལ་པའི་ལོ་ཆེན་བཻ་རོ་ཙ་ན་སོགས་འཕགས་བོད་ཀྱི་མཁས་གྲུབ་ཤིང་རྟ་ཆེན་པོ་དུ་མའི་རོལ་པར་བཞེས་ནས་རྒྱལ་བསྟན་སྤེལ།དམ་པ་འདི་ནི་གངས་ཅན་གྱི་ལྗོངས་སུ་མཁས་པ་དང་གྲུབ་པའི་དབང་ཕྱུག་ནམ་མཁའི་སྐར་ཚོགས་ལྟ་བུ་བྱུང་བའི་ནང་ནས།རྒྱལ་བའི་ལུང་གིས་ཟིན་ཅིང་རིས་མེད་བསྟན་པ་རྒྱ་མཚོའི་གཙུག་གི་ནོར་བུ་ལྟ་བུའོ།དེའི་ཡང་སྲིད་འཇམ་མགོན་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར།དེའི་ཡང་སྲིད་འཇམ་མགོན་བློ་གྲོས་ཆོས་ཀྱི་སེང་གེདེའི་ཡང་སྲིད་ད་ལྟ་བལ་ཡུལ་འཇམ་མགོན་གོང་མའི་གདན་སར་བཞུགས་སུ་གསོལ་བ་ལ་འཚོ་གཞེས་བཞེད་པའི་དོན་ཀུན་འགྲུབ་གྱུར་ཅིག

      གསུམ་པ་དབོན་སྤྲུལ་གྱི་སྐུ་རབས་ནི།དབོན་སྤྲུལ་ཞེས་པ་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དབོན་པོར་གྱུར་པའི་སྐྱེ་སྲིད་རྣམས་ལ་འབོད་པ་སྟེ།དེའང་དབོན་པོ་ཞེས་པ་ཕ་རྒྱུད་དུ་སྤུན་གྱི་མིང་དང༌།སེར་སྐྱ་མི་དྲག་གི་སྤུན་ཆུང་ལ་གོ་བ་ལྟར།འདི་ཕྱི་མ་སྟེ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྐུ་ཞང་ཨ་ལོ་བླ་མ་ཀུན་མཁྱེན་གྱིས་སྔོན་གད་ཐོག་གཟའ་ཁྲ་འགུ་མ་ལ་བུ་མེད་པས་རྟེན་འབྲེལ་བརྟགས་ནས་དེ་ལ་འགྲན་ཟླ་བྲལ་བའི་བུ་གཅིག་དང༌།དེ་དང་ཉེར་བའི་བུ་གསུམ་མི་རིང་བར་འབྱོན་འགྱུར་ལུང་བསྟན་པ་བཞིན།འོག་མར་སི་ཏུ་ཀུན་མཁྱེན་དང༌།དེ་ནས་དབོན་བསམ་འཕེལ་དང༌།དབོན་ཀརྨ་ངེས་ལེགས།དབོན་བསམ་གཏན་བཅས་རིམ་བཞིན་འཁྲུངས་པ་ཨ་ལོ་བླ་མ་ཀུན་མཁྱེན་གྱི་རང་རྣམ་དཔེ་རྙིང་ཞིག་ལས་མཐོང་ཚུལ་སྒྲུབ་དཔོན་བླ་མ་ཀུན་བཟང་གི་ཞལ་ནས་ཐོས།དེའང་མཉམ་མེད་དྭགས་པོ་ལྷ་རྗེའི་རྣམ་འཕྲུལ།གཡུ་ཐོག་ཡོན་ཏན་མགོན་པོ།གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་བསམ་བཞིན་སྐྱེ་བ་བཞེངས་པ་རྗེ་དབོན་ཀརྨ་བསམ་གཏན།དེའི་ཡང་སྲིད་ཀརྨ་ཐེག་མཆོག་བསྟན་འཕེལ།དེའི་ཡང་སྲིད་ཀརྨ་འགྱུར་མེད་ཚེ་བརྟན།དེའི་ཡང་སྲིད་ཀརྨ་བདེ་ཆེན་ངེས་དོན་བསྟན་འཛིན་རབ་རྒྱས་ཕྲིན་ལས་ཀུན་ཁྱབ།དེའི་ཡང་སྲིད་ད་ལྟ་དཔལ་སྤུངས་དགོན་དུ་འཚོ་ཞིང་བཞུགས་པ་ཀརྨ་ལེགས་བཤད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའོ།

      གཏེར་ཆེན་རཏྣ་གླིང་པའི་རྣམ་འཕྲུལ་རིག་འཛིན་ཀློང་གསལ་སྙིང་པོ་སོགས་ཀྱི་སྐྱེ་བ་རྗེ་དབོན་ནོར་བུ་བསམ་འཕེལ།དེའི་ཡང་སྲིད་དབང་རྒྱལ་རྡོ་རྗེ།དེའི་ཡང་སྲིད་སྤྲུལ་སྐུུ་ཀརྨ་སྒྲུབ་རྒྱུད་བསྟན་འཛིན་ཕྲིན་ལས།་དེའི་ཡང་སྲིད་ཀརྨ་ཐོགས་མེད།དེའི་ཡང་སྲིད་ཀརྨ་བསྟན་འཛིན་ཕྲིན་ལས།

ལྷ་སྲས་མུ་ཁྲི་བཙན་པོའི་རྣམ་འཁྲུལ་རིག་འཛིན་མི་འགྱུར་རྡོ་རྗེའི་སྐྱེ་བ་དབོན་ཀརྨ་ངེས་ལེགས་བསྟན་འཛིན།

དེའི་ཡང་སྲིད་ཀརྨ་རིན་ཆེན།དེའི་ཡང་སྲིད་འབྲས་ལྗོངས་ཆོས་རྒྱལ་གཙུག་ཕུད་རྣམ་རྒྱལ་གྱི་སྲས་སུ་སྐུ་འཁྲུངས་པ་དཔལ་སྤུངས་དགོན་པར་མ་གནང་ནས་སི་ཏུ་པདྨ་ཉིན་བྱེད་དབང་པོའི་ཕོ་དགོན་གསེར་ཁྲིར་མངའ་གསོལ་བ་སྐྱབས་མགོན་སྲིད་སྐྱོང་བ།དེའི་ཡང་སྲིད་ཆོས་རྒྱལ་ཐུབ་སྟོབས་རྣམ་རྒྱལ་སྲས་སུ་ཡོས་ལོར་སྐུ་འཁྲུངས་པ་ཕོ་དགོན་མངའ་གསོལ་བསྟན་སྐྱོང་སྐུ་ཞབས་སྤྲུལ་སྐུ།དེའི་ཡང་སྲིད་ཆོས་རྒྱལ་བཀྲ་ཤིས་རྣམ་རྒྱལ་གྱིས་སྲས་སུ་ཆུ་ཕག་ལོར་སྐུ་འཁྲུངས་པ་ཕོ་དགོན་གསེར་ཁྲིར་མངར་གསོལ་བ་རྒྱལ་སྲས་རིན་པོ་ཆེ་དཔལ་ལྡན་དོན་ཀུན་འགྲུབ་པ་ཕྱོགས་ལས་རྣམ་རྒྱལ་བཅས་སོ།དབོན་སྤྲུལ་གསུམ་པོ་དེ་དག་དང་སྐྱེ་སྲིད་བཅས་པ་སྤྱི་སངས་རྒྱས་བསྟན་པའི་གྲུབ་མཐའ་ཡོངས་རྫོགས་དང༌།བྱེ་བྲག་ཏུ་བཀའ་བརྒྱུད་པའི་བསྟན་པ་ལ་བཀའ་དྲིན་གཞལ་མེད་དུ་ཆེ་ལ།ལྷག་པར་དུ་བོད་ལུགས་གསོ་རིག་ཐད་ལ་བརྩོན་ཞིབ་ཟབ་མོ་གནང་བའི་མཛད་རྗེས་ཀྱི་གྲུབ་འབྲས་ནི་ད་ལྟའི་བར་དུ་གནས་སོ།

      བཞི་པ་མཁྱེན་བརྩེ་སྤྲུལ་སྐུའི་སྐུ་རབས་ནི།རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ལུང་བསྟན་དུ།སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་སྤྲུལ་སྐུ་ལྔ་རིས་མེད་བསྟན་པ་ལ་ཕན་པར་འབྱུང་བར་གསུངས་པའི་ནང་ནས་དཔལ་སྤུངས་དགོན་གྱི་ངོ་སྐལ་དུ་གསུང་གི་སྤྲུལ་པ་ཧོར་བེ་རི་རྒྱལ་པོའི་སྲས་སུ་འཁྲུངས་པ་གང་ཉིད་འཇམ་མགོན་རིན་པོ་ཆེ་དང༌།རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་ངོས་འཛིན་གནང༌།སྔོན་ལྟས་བླ་མའི་ལུང་བསྟན་ལྟར་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཁན་ཆེན་བཀྲ་ཤིས་འོད་ཟེར་ཧོར་ཏྲེ་ཤོད་དུ་བཏང་ནས་དམ་པ་ཉིད་སྐུ་ཆེས་ཕྲ་སྐབས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་གདན་དྲངས་ཏེ་འཇམ་དབྱངས་མཁྱེན་བརྩེའི་གསུང་གི་སྤྲུལ་པ།སི་ཏུ་པདྨ་ཀུན་བཟང་གི་ཕྲིན་ལས་ཀྱི་སྤྲུལ་པར་ངོས་འཛིན་གནང་ཞིང་མངའ་གསོལ་བ་དང༌།རྟེན་འབྲེལ་ཤིས་བརྗོད་མཛད་ཅིང་མཚན་འཇམ་དཔལ་རྡོ་རྗེ་གསོལ།སྐུ་ན་ཕྲ་བ་ནས་བཟུང་དཔལ་སྤུངས་སུ་ཐུན་མིན་མདོ་སྔགས་ཀྱི་གཞུང་ལུགས་དང༌། ཐུན་མོང་རིག་གནས་སྤྱི་ལ་ཐོས་བསམ་ཕྲན་ཙམ་མཛད་ཀྱང་ཐུགས་ལ་དོན་སྤྱི་གོ་རིམ་དང་བཅས་གསལ་བར་ཤར། སྔ་ཕྱིར་སྟོད་ལུང་མཚུར་ཕུ་ལ་ལན་གྲངས་དུ་མར་ཞབས་ཀྱིས་བཅགས་ཤིང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ཞལ་གྱི་དཀྱིལ་འཁོར་ཡང་ཡང་མཇལ་ཞིང་སྔོན་གྱི་འབྲེལ་པ་བཟང་པོའི་མཐུས་དད་གུས་ཚད་མེད་པ་འཁྲུངས་ཏེ་དབང་ལུང་དང་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་ཞུས་མཐར།སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་ང་བདུན་ཕེབས་པ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་སྟེ་སྤྱི་ལོ་1946ལོར་གདན་ས་དཔལ་སྤུངས་སུ་སྐུའི་བཀོད་པ་བསྡུས་སོ།།

      དེའི་ཡང་སྲིད་འབྲུག་པ་མཁྱེན་བརྩེའི་འོད་ཟེར་ནི་རབ་བྱུང་བཅུ་དྲུག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་1946ལོར་འབྲུག་ཡུལ་དུ་ཡབ་དྲག་ཤུལ་ཕུན་ཚོགས་དབང་འདུས་དང་ཡུམ་འབྲུག་བདེ་སྐྱོང་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།རྒྱལ་དབང་རང་བྱུང་རྡོ་རྗེས་གོང་མའི་སྤྲུལ་སྐུར་ངོས་འཛིན་གནང་སྟེ་སྤྱི་ལོ་1951ལོར་སྟོད་ལུང་མཚུར་ཕུ་མདོ་བོ་ལུང་གི་གཙུག་ལག་ཁང་དུ་ཁྲི་འདོན་མངའ་གསོལ།སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང༌།འཇམ་མགོན་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་རྣམ་གཉྀས་ཀྱིས་གཙོས་བཀའ་བརྒྱུད་ཡབ་སྲས་རྣམས་ཀྱིས་མངའ་གསོལ་ཁྲི་འདོན་ཤིས་བརྗོད་མཛད།དེ་ནས་དུས་ཀྱི་འགྱུར་བར་བརྟེན་ལྷ་ས་བརྒྱུད་འབྲུག་ཡུལ་དུ་ཕེབས།སྤྱི་ལོ་1998ལོར་སྐུའི་བཀོད་པ་བསྡུས་སོ།དེའི་ཡང་སྲིད་མཁྱེན་བརྩེའི་འོད་ཟེར་ནི་ཡབ་དགའ་ཟླ་དང༌།ཡུམ་འཆི་མེད་དཔལ་དབྱངས་གཉིས་ཀྱི་ཁྱེའུ་ས་ཡོས་ལོ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་སྤྲུལ།དཔལ་སྤྲུལ་མཁྱེན་བརྩེའི་ཡང་སྲིད་དུ་སྐུ་འཕྲེང་བཞི་པར་མཚན།ཀརྨ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ཡེ་ཤེས་ཉི་མ་དཔལ་བཟང་པོར་ཉིད།ནང་ཆེན་རྫོང༌།དཔལ་མེ་དགོན་གྱི་ཉེར་འདབ་སྐུ་འཁྲུངས།དེང་རང་དགོན་དཔལ་སྤུངས་དགོན་དུ་བཞུགས།ད་ལོ་དགུང་ལོ་དགུ་ཡིན།

    དེ་ལྟར་སྤྲུལ་སྐུ་སོ་སོའི་སྐུ་རབས་དང་ཡང་སྲིད་བཅས་ཀྱི་རྣམ་ཐར་ནི་སོ་སོའི་རྣམ་ཐར་རྒྱས་པ་དང༌།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1997ལོར་པར་དུ་བསྐྲུན་པའི་ཀཾ་ཚང་ཡབ་སྲས་དང་དཔལ་སྤུངས་དགོན་པ་ཞེས་པར་གཟིགས་པ་འཚལ།

 

    གསུམ་པ།སྤར་ཁང་དང་རྟེན་གཙོ་བོའི་སྐོར།

     གཅིགགདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་པར་ཁང་དམ་ཆོས་བང་མཛོད་འདི་ནི་སི་ཏུ་པདྨ་ཉིན་བྱེད་དབང་པོའི་སྐུ་རིང་དུ་གསར་བཞེངས་མཛད།སི་ཏུ་པདྨ་དབང་མཆོག་རྒྱལ་པོས་རྒྱ་བསྐྱེད་བཏང༌།དེར་བཞུགས་པའི་གསུང་རབ་པར་ཤིང་ནི་སྟོན་པ་ཐུགས་རྗེ་ཆེན་པོའི་བསྟན་པ་འགའ་ཞིག་གི་དབང་དུ་བྱས་ཏེ་འཕགས་པའི་ཡུལ་དང་གངས་ཅན་གྱི་ལྗོངས་འདིར་བྱོན་པའི་མཁས་ཤིང་གྲུབ་པའི་སློབ་དཔོན་རྣམས་ཀྱིས་ལེགས་པ་བཀྲལ་བའི་འཆོས་སྐྱོབས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་བསྟན་བཅོས་དང༌།གཞན་ཡང་རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག་གཅིག་པུ་ཐུན་མོང་རིག་པའི་གནས་དང༌།སྐབས་འགའ་ཞིག་ཏུ་ཉེར་མཁོའི་ཚོགས་ཇི་སྙེད་པ་ལས།འཇིག་རྟེན་དབང་ཕྱུག་ཀརྨ་ཀཾ་ཚང་ཆེན་པོ་དང༌།བྱམས་མགོན་ཏཱ་ཡི་སི་ཏུ་ཡབ་སྲས།འཇམ་མགོན་ཀོང་སྤྲུལ་སོགས་ཀྱི་ལྗགས་རྩོམ་བཅས་ཁྱོན་བསྡོམས་པོད་ཆེན་ལྔ་བརྒྱ་ལྷག་ལ་པར་ཤར་ཁྲི་བཅུ་གཉིས་ལྷག་ཡོད་མྱོང༌།དེ་མིན་རིན་ཆེན་གཏེར་མཛོད་དབང་ཙཀ་ཡོངས་རྫོགས་དང༌།དཀྱིལ་ཐང༌།འཁོར་ལོ།བཏགས་གྲོལ།ལྷ་པར།རླུང་རྟ་སོགས་ཞིབ་ཆ་སླད་ཕྱིན་བསྒྲིག་གྲབས་ཡོད་པའི་དཀར་ཆག་ལས་གསལ་བ་དེ་དག་ཡང་ཕལ་ཆེར་རྗེ་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་སྐུ་དྲིན་དུ་མ་དཔེ་བསྡུ་ཉར་དང་པར་བརྐོས།པར་ཁང་དེ་ཉིད་ནི་སྡེ་དགེའི་པར་ཁང་ཕུད་ཁར་བོད་ཀྱི་པར་ཁང་ཁག་ལས་ཆེས་ཆེའི་གྲས་ཞིག་ཡིན་ལ།པར་ཁང་དེར་བཞུགས་པའི་གསུང་རབ་པར་ཤིང་ཕལ་ཆེར་དཔེ་རྒྱུན་ཆེས་དཀོན་ལ།བོད་ཀྱི་པར་ཁང་གཞན་གྱི་པར་ཤིང་དང་བསྐྱར་ཟློས་བྱུང་མེད།མདོ་དབུས་ཁམས་གསུམ་གྱི་པར་ཁང་གཞན་ལ་མེད་པའི་སྒྲིག་གཞི་དང༌།ལོ་རེར་པར་འདེབས་ཀྱི་ཚར་གྲངས་དང༌།དཔེ་ཆ་བླུ་ཡོན།བླང་དོར་གྱི་བཅད་ཁྲིམས།འགོ་འཛིན་ལས་བྱེད་གོང་འོག་རིམ་པ་ལྟར་བཀོད་འདོམས།སྣག་ཤོག་སྡུད་ཁྲལ།པར་བཀྲུ་རྒྱུ་སོགས་ཤིན་ཏུ་ངེས་དཀྲིགས་མགོ་ལུང་ཡོད་པ་མཛད་པའི་ཕྱག་སྲོལ་ལམ་ལུགས་ཐུན་མོང་མ་ཡིན་པའི་བདག་གཉེར་གྱི་སྒྲིག་ལམ་དམ་པོ་ཡོད།ཞིབ་ཆ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་པར་ཁང་དམ་ཆོས་བང་མཛོད་ཀྱི་དེབ་ཡིག་ཉི་ཟླའི་སྒྲོན་མེ་ལས་གསལ།

     གཉིས།རྟེན་གྱི་གཙོ་བོ་ནི།གསེར་གདུང་ཁང་དུ་བཞུགས་སུ་གསོལ་བའི་སྐུ་གསུང་ཐགས་རྟེན་ཆེ་ལོང་ཚམ་བརྗོད་པ་ལས་སྐུ་རྟེན་ལ་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་སྐུ་བརྙན་ལི་ལས་གྲུབ་པ་མདའ་ཚད་ཅན་བྱིན་རླབས་རྨད་དུ་བྱུང་བ་དང༌།དུས་གསུམ་སངས་རྒྱས་ཀྱི་སྣང་བརྙན་རྒྱུ་རིན་ཆེན་གཉིས་པ་ལས་གྲུབ་པ་ལུས་ཚད་ཅན།སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཕྱག་བཟོས་རྒྱལ་བ་རྒྱ་མཚོ་ལྷ་ལྔ་དང༌།བདེ་མཆོགགསང་འདུས།དཔལ་མ་ཧཱ་མ་ཡ།དུས་འཁོར།ཀྱཻ་རྡོར་བཅས་ཙནྡན་དཀར་དམར་ལས་གྲུབ་པ་བཟོ་སྤུས་ཤིན་ཏུ་ལེགས་པ་མདའ་ཚད་རེ་ཅན།གཞན་ཡང་རྒྱ་ལི་དང་བོད་ལི་བལ་ལི་སོགས་ལི་མའི་སྐུ་རྐང་གང་ནས་ཁྲུ་གང་ལྷག་ཙམ་ཡོད་པ་སུམ་བརྒྱ་ལ་ཉེ་བ་དང༌།པད་སྤུངས་མཆོད་རྟེན་དང༌།བྱང་ཆུབ་མཆོད་རྟེན་སོགས་ཉི་ཤུ་རྩ་གྲངས་བཅས་བྱིན་རླབས་ཆེ་ལ་ལོ་རྒྱུས་རིང་བའི་རྟེན་ངོ་མཚར་ཅན་བཞུགས།རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་བཀོད་པ་རྒྱའི་སི་ཐང་ལྟར་གྱི་རི་མོ་མཚོན་མདངས་བཅད་རྣམས་རྒྱའི་ལུགས་དང༌།ཁ་ཟང་ཆ་ལུགས་སོགས་རྒྱ་བལ་ཡུལ་གྱི་ཉམས་ཅན་སི་ཏུ་པན་ཆེན་གྱིས་རང་བློས་གསར་དུ་སྤྲོས་ནས་བྲིས་པའི་ཞལ་ཐང་ཉི་ཤུ་རྩ་ལྔ་དང༌།རྒྱུད་སྡེའི་ཞལ་ཐང་བཅུ་ཤས།གནས་བརྟན་སྐྱ་ར་མ་ཞེས་པའི་གནས་བརྟན་གྱི་ཞལ་ཐང༌།གྲུབ་ཆེན་བརྒྱད་ཅུ།རྒྱན་དྲུག་མཆོག་གཉིས་བཅས་བོད་ཡུལ་དུ་སྔོན་ཆད་སྨན་མཁྱེན་བྱེའུ་སོགས་རི་མོ་མཁན་གང་གིས་ཀྱང་བསྐྲུན་དུ་མེད་པ་མིག་གི་དཔྱིད་དུ་གྱུར་པའི་ཞལ་ཐང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཕྱག་བྲིས་ཞལ་ཐང་བརྒྱ་ལས་བརྒལ་བ་དང་སངས་རྒྱས་སྟོང་སྐུའི་ལྡེབས་བྲིས་བཅས་དང༌།ཐུགས་རྟེན་ལ་ཀརྨ་པ་རོལ་པའི་རྡོ་རྗེ་ལ་རྒྱ་གར་གྱི་ཨ་ཙ་རས་ཕུལ་བའི་རྡོ༽??རྗེ་གདན་གྱི་བློས་བསློངས་དང༌།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཐུགས་དམ་གྱི་རྟེན་གསེར་དངུལ་ལས་གྲུབ་པའི་རྒྱལ་བ་རྒྱ་མཚོའི་བློས་བསློངས་ཀྱི་དཀྱིལ་འཁོར་དང༌།ཀརྨ་པ་བྱང་ཆུབ་རྡོ་རྗེའི་ཐུགས་དམ་གྱི་རྟེན་རིན་པོ་ཆེ་གཉིས་པ་ལས་གྲུབ་པའི་མཁྱེན་ཀོང་རྣམ་གཉིས་ཀྱི་གདུང་རྟེན།སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་གདུང་རྟེན་བཀྲ་ཤིས་སྒོ་མང༌།དཔལ་རེས་པ་མེད་པའི་མཆོད་རྟེན།རྟེན་གན་དྷོ་ལ་རིན་ཆེན་དང་པོ་གཉིས་ལ་གྲུབ་པ་མུ་ཏིག་གིས་བསྟར་བའི་ཐུབ་དབང་གི་སྐུ་དང་བང་རིམ་རྣམས་སུ་རིན་ཆེན་དུ་མས་ཕྲ་བཀོད་པ་བཅས་དང༌།གསུང་རྟེན་ལ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་བྲིས་མཐིང་ཤོག་ཏུ་གསེར་གྱི་ཞུ་མས་བྲིས་པའི་དབུ་ལྡེབ་རྣམས་སུ་སྟོན་པའི་མཛད་པ་བཅུ་གཉིས་ཀྱི་གཙོས་པའི་དབུ་ལྷ་རྣམས་ཕྲ་ལྟར་བསྟར་བའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཅིག་དང༌།གཞན་བཀའ་བསྟན་འགྱུར་པར་མ་དང་རྒྱལ་བ་བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་འབུམ་སོགས་སྐྱ་པོད་བརྗོད་ལས་འདས་པ་བཞུགས་སོ།།

    གྱེན་རྩེ་ལྷ་ཁང་དུ་བཞུགས་པའི་རྟེན་གཙོ་བོ་ནི་གཏེར་ཆེན་ཀློང་གསར་སྙིང་པོའི་ཕྱག་བཟོས་གུ་རུའི་སྣང་བརྙན་རྗེ་ཉིད་ཀྱིས་གཏེར་ནས་བཏོན་པའི་པད་ཞྭ་མནབས་ལ།ཕྱག་ཏུ་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་ངོ་མཚར་ཅན་ཞིག་བསྣམས་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཞིག་དང༌།ཙནྡན་དཀར་པོ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་ལོ་ཀི་ཤྭ་རའི་སྣང་བརྙན་ངོ་མཚར་བྱིན་རླབས་ཀྱི་མཚན་ཁ་རབ་ཏུ་འབར་བ་མདའ་ཚད་ཅན།དེའང་དབོན་སྤྲུལ་དབང་གི་རྡོ་རྗེས་རྩེ་པོ་ཏ་ལ་ནས་སྔོན་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་དེ་གདན་དྲངས་པ་རེད་ཅེས་བཤད་སྲོལ་འདུགཙནྡན་དམར་པོ་ལས་གྲུབ་པའི་ཕུར་པའི་ལྷ་ཚོགས་བཅོ་ལྔའི་སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཅན་ལ་སྐུ་སྨད་ཕུར་པ་ཅན་གྲུ་གང་རེ་ཙམ།མཁན་ཆེན་བཀྲ་ཤིས་འོད་ཟེར་དང་མཁན་གཞན་དགའ་རྣམ་གཉིས་ཀྱི་སྐུ་གདུང་གསེར་དངུལ་གཉིས་ལས་བསྒྲུབས་པ་མཐོང་བ་དོན་ལྡན་ལུས་ཚད་ཙམ་རེ་དང༌།གྲ་ས་ཞེས་པའི་བླ་མ་ཞིག་གི་སྐུ་གདུང་དངུལ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་བང་སྒོའི་སཱཙྪ་ལས་རིང་བསྲེལ་རྒྱུན་འབབ་བྱུང་བ་བྱིན་ལྡན་ཅན།གཞན་ཡང་གོང་གསལ་རྟེན་དེ་དག་གི་སྐུ་རྒྱབ་ཏུ་དྲ་མིག་མཐོ་ཚད་རྐང་གང་ལས་ལྷག་པའི་ནང་སངས་རྒྱས་བྱང་སེམས་ཀྱི་སྣང་བརྙན་རྒྱུ་སྣ་ཚོགས་ལས་གྲུབ་པ་བརྒྱ་ཕྲག་ལས་བརྒལ་བ་སོགས་དང་བཀའ་བརྒྱུད་ཀྱི་རྟེན་རྫས་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང༌།དེ་ཉིད་སྲུང་ཞིང་བྱ་ར་མཛད་པོ་ནི་དམ་ཅན་རྡོ་རྗེ་ལེགས་པར་གྲུབ་པར་གྲགས་སོ།

    ཆོས་འབྱུང་ཁང་དུ་རྒྱ་ནག་ལི་མ་ལས་གྲུབ་པའི་སངས་རྒྱས་སྨན་བླ་མཆེད་བརྒྱད་དང༌།སངས་རྒྱས་རབ་བདུན།དཔལ་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྣང་བརྙན་ཡེ་ཤེས་དངོས་ཤུགས་སུ་ཡོད་པ།གཞན་ཡང་སྐུ་རྒྱུ་སྣ་ཚོགས་ལས་གྲུབ་པའི་སྣང་བརྙན་བརྒྱ་ཕྲག་དང་འབྲི་ཐང་ཡང་དེ་བཞིན་མཆིས།གསུང་རྟེན་ལ་རྗེ་ཕག་མོ་གྲུབ་པའི་ཕྱག་དཔེ་དང༌།རྒྱལ་དབང་ཡབ་སྲས་ཀྱི་བཀའ་འབུམ་སོགས་མཚལ་དང་སྣག་ཚས་བྲིས་པའི་གླེགས་བམ་གྱི་ར་བས་བསྐོར།

    ལྷ་གསར་ཁང་དུ་ཕྱག་མཛོད་མདའ་བླ་ཚེ་རིང་གིས་བཞེངས་པའི་དབོན་རྒན་རིན་པོ་ཆེའི་སྐུ་གདུང་དང༌།འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་སྐུ་གདུང་བང་སྒོར་འཕགས་པ་ཀླུ་སྒྲུབ་ཀྱིས་ཕྱག་བཟོས་རྡོ་ཀ་མ་རི་པ་ལས་གྲུབ་པའི་སྐུ་གྲུ་གང་ཅན་བཞུགས་པ་དང༌།སི་ཏུ་པདྨ་ཉིན་བྱེད་དབང་པོའི་གདུང་རྟེན་བང་སྒོར་སྐུ་རྒྱུ་ལི་མ་ལས་གྲུབ་པའི་བདེ་མཆོག་གི་སྐུ་བརྙན་ཁྲུ་གང་ཅན་བཞུགས་པ་དང༌།དཔལ་རྒྱལ་དབང་ཀརྨ་པ་དུས་གསུམ་མཁྱེན་པ་ནས་ཐེག་མཆོག་རྡོ་རྗེའི་བར་གྱི་འདྲ་སྐུ་རིན་པོ་ཆེ་དད་རྟེན་བསོད་ནམས་ཀྱི་གོ་སྐལ་དུ་བཞུགས་པའི་ནང་དུ་བཀའ་བརྒྱུད་གོང་མ་རྣམས་ཀྱི་དབུ་ལོ་ན་བཟའ་སྤྱན་ལྗགས་སྐྱེ་བདུན་གྱི་སྐུ་ཤ་སོགས་ནང་བཞུགས་བསམ་གྱིས་མི་ཁྱབ་པ་ཡོད་པ་ཐོག་ཚད་རེ་བཅས་བཞུགས་སོ།།

    འདུ་ཁང་ཆེན་པོའི་ནང་བཞུགས་སུ་གསོལ་བའི་རྟེན་གཙོ་བོ་འགྲོ་བའི་བསོད་ནམས་ཀྱི་མཆོད་སྡོང་དུ་བསྐྲུན་པ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པའི་སྐུ།རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱི་སྤུད་པ་ཐོག་བརྩེགས་བདུན་མ་དང༌།མཉམ་མེད་ཐུབ་པའི་དབང་པོ་དང༌།འཕགས་པ་སྤྱན་རས་གཟིགས།རྒྱལ་བ་གཉིས་པ་སློབ་དཔོན་རིན་པོ་ཆེ།འཇམ་པའི་དབྱངས།རྡོ་རྗེ་སེམས་དཔའ།ཇོ་བོ་སོགས་གསེར་ཟངས་ལས་གྲུབ་པ་ཐོག་ཚད་རེ།དངུལ་ལས་གྲུབ་པའི་སྒྲོལ་དཀར་ཐོག་ཚད་མ།རིས་སུ་བྲིས་པའི་ལྡེབས་རིས་དང་ཞལ་ཐང་བགྲང་ལས་འདས་པ་བཞུགས་སོ།

    དབྱར་གནས་ཁང་དུ་བཞུགས་སུ་གསོལ་བའི་རྟེན་གྱི་གཙོ་བོ་ནི།གསེར་ཟངས་ལས་གྲུབ་པའི་འཇམ་དབྱངས་དམར་སེར་གྱི་སྣང་བརྙན་ཐོག་ཚད་ཅན་གཅིག་དང༌།རྗེ་ཕག་མོ་གྲུ་པ་དང༌།པཎ་ཆེན་ཤཱཀྱ་ཤྲཱིའི་སྐུ་རྒྱུ་ཤིན་ཏུ་ལེགས་པ་ལུས་ཚད་ཅན་དང༌།དབོན་སྤྲུལ་དབང་གི་རྡོ་རྗེས་བཞེངས་པའི་སྨྲ་ཐང་སྐྱ་བྲིས་མ།རྒྱན་དྲུག་མཆོག་གཉིས་དང༌།གནས་བརྟན་བཅུ་དྲུག་སོགས་ཀྱི་བྲིས་ཐང་བརྒྱ་ཕྲག་དུ་མ་བཞུགས།གཞན་ཡང་སྐུུ་རྒྱུ་སྣ་ཚོགས་ལས་གྲུབ་པའི་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོའི་སྣང་བརྙན་བསམ་གྱིས་མི་ཁྱབ་པ་བཅས་དང༌།རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་དེའི་དགོངས་འགྲེལ་སོགས་གླེགས་བམ་ཁང་བརྩེགས་དང་མཉམ་པ་བཞུགས་སོ།།

    སྒྲུབ་སྡེ་བསམ་གཏན་མཆོག་གླིང་དུ་བཞུགས་སུ་གསོལ་བའི་རྟེན་གཙོ་བོ་ནི།སི་ཏུ་པདྨ་དབང་མཆོག་གིས་བཞེངས་པའི་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པ་དང།མཉམ་མེད་མར་མི་དྭགས་གསུམ་གྱི་ཐུགས་ལྗགས་སྤྱན་གསུམ་བཞུགས་པའི་མར་མི་དྭགས་གསུམ་གྱི་སྣང་བརྙན་རིང་བསྲེལ་གྱི་སྙིང་པོ་ཅན་ཐོག་ཚད་རེ་ཙམ་དང༌།སྐུ་རྒྱུ་ལི་ལས་གྲུབ་པ་དམ་ཚིག་གསུམ་བཀོད་རབ་གནས་མཛད་ཚེ་ཐུགས་ཀར་ནས་འོད་ཟེར་འཕྲོ་བ་ཅན་དང༌།གཞན་ཡང་བྲིས་ཐང་དང་དཀྱིལ་འཁོར་སོགས་བསམ་བརྗོད་ལས་འདས་པ་དང༌།བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དང་ཟབ་མོ་ནཱ་རོ་ཆོས་དྲུག་གི་སྒྲུབ་མཆོད་ཀྱི་ཕྱག་དཔེ་དང༌།ལག་ལེན་གྱི་དཔེའུ་རིས་དང་བཅས་བཞུགས་སོ།།

    ཀུན་རིག་སྒྲུབ་སྡེ་ལ་རྟེན་གཙོ་བོ་སངས་རྒྱས་རྣམ་པར་སྣང་མཛད་དང༌།རྡོར་སེམས།མི་འཁྲུགས་པ་བཅས་སྐུ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་དང༌།མཁྱེན་བརྩེའི་གདུང་རྟེན་བཅས་ཐོག་ཚད་རེ་ཅན་དང༌།དེ་མིན་ལི་མ་དང༌།གསེར་དངུལ།ཟངས་སོགས་རྒྱུ་མ་ངེས་པའི་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་སོགས་ཀྱི་སྣང་བརྙན་ཇི་སྙེད་མཆིས་པ་དང༌།སྡེ་དགེའི་འཚལ་པར་གྱི་བཀའ་བསྟན་དང་བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་འབུམ་སོགས་བཞུགས་སོ།།

དུས་འཁོར་ལྷ་ཁང་དུ་ཚེ་ལྷ་རྣམ་གསུམ་དང༌།ཙནྡན་དཀར་དམར་ལས་བརྐོས་པའི་བདེ་མཆོག་སྙན་བརྒྱུད་ཀྱི་དཀྱིལ་འཁོར་འདོད་ལྷས་བསྐོར་བ་དང༌།རྡོར་སེམས་སྟོང་སྐུ་གསེར་བྲིས།བཀའ་བསྟན་ཆ་གཅིགསྙིང་པོ་སོ་སོར་དུང་ཕྱུར་རེ་འགྲོ་ངེས་ཀྱི་འཁོར་ཆེན་བཅས་སོ།སྒོ་ཁང་འགྲམ་དུའང་ལྟུང་བཤགས་འཁོར་ཆེན་དང༌།མ་ཎིའི་འཁོར་ཆེན།བཛྲའི་འཁོར་ཆེན།བདེ་མཆོག་འཁོར་ཆེན་བཅས་མཆིས་སོ།།

    སྒྲུབ་སྡེ་གོང་མ་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བཞུགས་སུ་གསོལ་བའི་རྟེན་གཙོ་བོ་ནི།དཔལ་ཆེན་ལྷ་ཁང་དུ་རྡོ་རྗེ་སེམས་དཔའ་དང༌།ཡང་དགབདེ་མཆོག་སོགས་ཀྱི་སྣང་བརྙན་ཐོག་ཚད་རེ་ཅན་དང༌།ཐུབ་དབང་དང༌།ཨོ་རྒྱན་ཟ་ཧོར་མ་སོགས་སྐུ་ཆེ་གྲས་ལྔ།ལྟུང་བཤགས་སོགས་སྐུ་འབྲིང་གྲས་བརྒྱ་དང་བདུན།ཚེ་དཔག་མེད་སོགས་སྐུ་ཆུང་གྲས་བརྒྱ་དང་ལྔ་བཅས་སྐུ་རྒྱུ་ལི་དང་ཟངས་གསེར་ཁོ་ནའོ།མཐོང་གྲོལ་ལྷ་ཁང་དུ་རྟེན་གཙོ་བོ་འཕགས་མ་སྒྲོལ་མ་གསུང་འབྱོན་མ་དང་བཅས་ལི་སྐུ་ཆེ་གྲས་གཉིས་དང༌།འབྲིང་གྲས་གཉིས།ཆུང་གྲས་བརྒྱད།ཙནྡན་དཀར་པོའི་སངས་རྒྱས་རབས་བདུན།ཙནྡན་དམར་པོའི་རྒྱལ་བའི་ཉེ་སྲས་བརྒྱད་བཅས་སོ།སྒྲོལ་མ་ལྷ་ཁང་དུ་སྒྲོལ་དཀར་ཐོག་ཚད་ཅན་དང༌།གུ་རུ་བདེ་བ་ཆེན་པོ་སོགས་ཆེ་གྲས་བཞི།གནས་བརྟན་གཙོ་འཁོར་སོགས་ཉེར་ལྔ་བཅས་སོ།གནས་བཅུ་ལྷ་ཁང་དུ་ཐུབ་དབང་འབྲིང་ཚད་གཉིས་དང༌།ཙནྡན་དཀར་པོའི་ཐུབ་དབང་གནས་བརྟན་གཙོ་འཁོར།གསེར་ཟངས་ཀྱི་གནས་བརྟན་གཙོ་འཁོར།སྐུ་ཐོར་སྣ་ཚོགས་བཅུ་དགུ་བཅས་སོ།ལྷ་ཁང་དུ་གཏེར་བྱོན་སྐུ་ཚབ་རྣམ་གསུམ་བཞུགས་ཁྲི་བཅས་དང༌།ཐུགས་ཆེན་ཕྱག་བཞི་པ་ཁ་ཆེའི་ལི་མ་དང༌།བླ་མ་ཡི་དམ་སྐོར་ཆེ་གྲས་ཉི་ཤུ་རྩ་བདུན་དང༌།འབྲིང་གྲས་བརྒྱད་ཅུ་གྱ་དྲུགཆུང་གྲས་བརྒྱད་ཅུ་བཅས་སོ།ཕྱི་ཁྱམས་སུ་སྒྲོལ་དཀར་གཙོར་གྱུར་སྐུ་འབྲིང་ཚད་ཉེར་ལྔ་དང༌།མགོན་ཁང་དུ་མགོན་པོ་དང་གསར་རྙིང་ཆོས་སྐྱོང་སྐོར་གསེར་སྐུ་བཅུ་གཅིགཀར་རབས་ལྷ་ཁང་དུ་ཀར་རབས་བཅུ་བཞིའི་སྐུ་ཚད་མཐོ་བརྒྱད་རེ་བཅས་གསེར་ཟངས་ལས་གྲུབ་པ་བཞུགས་སོ།གཞན་ཞལ་ཐང་སྐོར་རྒྱུད་སྡེ་དང་སངས་རྒྱས་སྟོང་སྐུ་གྲ་ཚར་བཅས་གསེར་ཐང་སོ་བཞི་དང༌།དགོངས་འདུས་ཞལ་ཐང་དང་བཀའ་བརྒྱུད་གསེར་ཕྲེང་སོགས་ཀྱི་ཞལ་ཐང་སུམ་བརྒྱ་ཙམ།རིན་ཆེན་གཏེར་མཛོད་སྒྲུབ་དཀྱིལ་དང་ཙཀ་ལི་སོགས་གྲངས་མང་བཞུགས་སོ།གསུང་རྟེན་སྐོར་ལ་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ།རྙིང་མ་རྒྱུད་འབུམ།ཡ་བཞི།མཛོད་བདུན།བཀའ་བརྒྱད།བླ་མ་དགོང་འདུས།རྒྱུད་སྡེ་ཀུན་བཏུས།སྒྲུབ་ཐབས་ཀུན་བཏུས།མཛོད་ཆེན་རྣམ་ལྔ་སོགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གསུང་ཆོས་པར་མ་དང་བྲིས་མ་གླེགས་བམ་ཆིག་སྟོང་ལྷག་བཞུགས་སུ་གསོལ།།

     གཞན་ཡང་གཡང་རྫས་ལ།སྟག་མ་ཤི་བའི་ཁ་སྤུད།ཁྱུང་གི་སྒོ་ང༌།སེང་གེའི་འོ་མ།གཟིའི་ཞོ་ཟོ།འཆང་གི་ཆ་ར།འབྲུག་གི་ནོར་བུ་སོགས་མཁྱེན་ཀོང་གཏེར་གསུམ་གྱི་གཏེར་རྫས།འཇམ་མགོན་རྣམ་གསུམ་ལ།རྨ་རྒྱལ་སྤོམ་རས་ཕུལ་བའི་མི་མ་ཡིན་གྱི་ལས་ཟོག་སྲིད་ན་རྙེད་པར་དཀའ་བ་དུ་མ།མཁྱེན་ཀོང་རྣམ་གཉིས་ལ་གཉན་ཆེན་ཐང་ལྷ་དང༌།ཚེ་རིང་མ་སོགས་ཀྱིས་ཕུལ་བའི་ལྷ་འདྲེའི་གཏེར་ཟོག་ཁྱད་འཕགས་མང་པོ་བཞུགས་སོ།།

    དེ་མིན་ཤར་གཡང་མཛོད་ལྷ་ཁང༌།དབུས་གཟིམས་སྤྱི་ལྷ་ཁང༌།ནུབ་གཟིམས་སྤྱི་ལྷ་ཁང༌།དབོན་རྒན་གཟིམས་སྤྱི་ལྷ་ཁང༌།པདྨ་ཉིད་བྱེད་གཟིམས་སྤྱི་ཁང༌།མཐོང་གྲོལ་ལྷ་ཁང༌།དཀྱིལ་བང་གཟིམས་སྤྱྀ་ལྷ་ཁང༌།བླ་བྲང་འོག་མ་ཤར་ནུབ་ལྷ་ཁང་ཁགདཀྱིལ་བང་ལྷ་ཁང༌།གཉེར་ཁང་ལྷ་ཁང༌།གཉེར་ཁང་གཡང་མཛོད།དབོན་སྤྲུལ་དབང་གི་རྡོ་རྗེའི་སྒྲོལ་མ་ལྷ་ཁང༌།བླ་མ་ལྷ་ཁང༌།བླ་བྲང་དཔེ་མཛོད་ཁང༌།པདྨ་ཉིན་བྱེད་དཔེ་མཛོད་ཁང༌།མཁྱེན་བརྩེའི་དཔེ་མཛོད་ཁང༌།མགོན་ཁང་ཆེན་མོ།སྟེང་ཐོག་ཕྱོགས་བཅུ་མགོན་ཁང༌།གྲོ་ལོད་མགོན་ཁང༌།ཚེ་རིང་མའི་མགོན་ཁང༌།རྣམ་སྲས་མགོན་ཁང༌།ཕུར་པའི་མགོན་ཁང་ཆེན་མོ།ཁྲོ་ཆུ་མགོན་ཁང༌།བདུད་འདུལ་ཡེ་ཤེས་རབ་འབར་མགོན་ཁང༌།གཤིན་རྗེ་ལོག་ཏྲི་པ་ལ་མགོན་ཁང༌།ཕྱག་ཕྲུག་མགོན་ཁང༌།མཁྱེན་བརྩེའི་གཟིམས་བང༌།དགེ་འདུན་སྤྱིའི་ཚོགས་ཐབ་ཆེན་མོ་སོགས་སུ་བཞུགས་སུ་གསོལ་བའི་སྐུ་གསུམ་ཐུགས་རྟེན་དང༌།མཆོད་རྫས།སྤྱན་གཟིགས།རྔ་རོལ་བཅས་ཉེར་མཁོའི་ཡོ་བྱད་སོགས་མ་ཚང་བ་མེད་པ་ཡོད།།

     དེ་ལྟར་གོང་ཞུས་ཀྱི་རྟེན་གསུམ་བཞུགས་ཐོ་ནི་ས་བཅད་མི་སྟོང་ཙམ་ལས་ཞིབ་ཆ།དཔེར་ན།དཔལ་སྤུངས་དགོན་པའི་རྟེན་བཞེངས་འཆམ་ཆས་སོགས་ཀྱི་དེབ་ཐེར་ཚིག་དོན་རབ་གསལ་དང༌།རྒྱལ་བ་བྱམས་པ་དང་མཆོད་སྡོང་གཉིས་ཀྱི་ཕྲ་རྒྱན་སྙན་ཤལ་དེབ་ཐོ་བཀོད་པ།བཀའ་གཏན་ཡིག་བྲིས་དེབ་གསར་བཀོད་བཞུགས།སི་ཏུ་པདྨ་ཉིན་བྱེད་ཀྱི་མཆོད་སྡོང་མདུན་དུ་བཞུགས་སུ་གསོལ་བའི་རྟེན་མཆོད་རྫས་ཐོ་དེབ།ཡང་ཁྲིད་ཀུན་བཟང་བདེ་ཆེན་གླིང་གི་རྟེན་མཆོད་རྫས་ཐོ་དེབ་རབ་གསལ་མེ་ལོང༌།ཕུར་ཁང་བདུད་དཔུང་ཟིལ་གནོན་གྱི་རྟེན་མཆོད་དེབ་ཐོ་ཀུན་དགའི་སྐྱེད་ཚལ་དང༌།གསེར་གདུང་ལྷ་ཁང་སྟེང་འོག་གི་རྟེན་དང་མཆོད་རྫས་ཆ་ཚང༌།དཔལ་སྤུངས་པར་ཁང་དང་དེའི་མགོན་ཁང་གི་རྟེན་དང་མཆོད་ཆས་སྐོར་གྱི་དེབ་བཅས་ཡིག་རྙིང་དག་ལས་ཤེས་པར་གྱིས།།

    བཞི་པ།བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་ཚུལ་སྐོར།
 
     གཅིགབཤད་གྲྭའི་སྐོར་ལ་སི་ཏུ་ཆོས་འབྱུང་སྐབས་རྗེ་ཉིད་དགུང་ལོ་ང་ལྔ་བཞེས་པར་ཤར་དཔལ་སྤུངས་པའི་གནས་ལྔ་རིག་པའི་སློབ་གླིང་ཞེས་པ་བཙུགས།རྗེ་ཉིད་ཀྱིས་བསྡུས་གྲྭ་ནས་བཟུང་སྒྲ་ཚད།གཞན་ཡང་མདོ་སྔགས་ཀྱི་བཤད་པ་རྒྱུན་ཆད་མེད་པ་མཛད་པ་རྣམ་ཐར་ཡོངས་གྲགས་དང༌།རྗེ་དབོན་ཀརྨ་ངེས་ལེགས་དང་འབེ་ལོ་ཆེ་དབང་ཀུན་ཁྱབ་གཉིས་ཀྱིས་ཀྱང་བཤད་པ་རྒྱ་ཆེར་མཛད་པ་འབྲེལ་ཡོད་ཡིག་ཆ་ལས་ཀྱང་གསལ་བ་སྟེ།དཔེར་ན།ཀརྨ་ངེས་ལེགས་བསྟན་འཛིན་གྱིས་མཛད་པ་པའི་སྨན་བསྡུས་ཨེ་ཝཾ་ཞེས་པའི་ནང་རྣམ་ཐར་མདོ་བསྡུས་སྐབས།སྔར་ཆུང་དུས་སུ་སྨན་ཐོག་མ་བསླབ་པའི་ནུབ་མོ་ཞིག་རྨི་ལམ་བཟང་བར་གླེང་བ་ཞིག་བྱུང་བ་དང༌།སྐུ་ཞབས་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་ཀྱི་བཀའ་དྲིན་ལ་བརྟེན་ནས་རིག་པ་འདི་ལ་ཕྱོགས་སྒོར་མོ་ནས་མཐོང་ཐོས་ཅི་རིགས་ཀྱིས་འགྲོ་ཕྱོགས་དཀྱུས་མ་མིན་ཙམ་ནྀ་ཡོད་དོ།ཞེས་བྲིས་འདུག་པས་གསོ་རིག་སྐོར་སི་ཏུ་རིན་པོ་ཆེའི་དྲུང་ནས་གསན་བཞེས་གནང་བ་དང༌།རྗེས་སུ་ཀརྨ་ངེས་ལེགས་བསྟན་འཛིན་གྱི་སྨན་སློབ་སྡེ་དགེ་ཡིད་ལྷུང་འཇམ་དབྱངས་ཚུལ་ཁྲིམས་འོད་གསལ་ཞེས་པས་ཐེངས་མང་ནན་བསྐུལ་ཞུས་པ་ལྟར་སྨན་གཞུང་ཨེ་ཝཾ་ཞེས་པའི་པོད་གཉིས་རྩོམ་བྲིས་ལེགས་པར་མཛད་ཅེས་པ་ལ་གཞིགས་ན་རྗེ་ཉིད་ཀྱིས་འཆད་ཉན་བྱས་ཏེ་སྨན་སློབ་མང་པོ་གསོ་སྐྱོང་བྱས་ཡོད་པའང་གོར་མ་ཆགཡང་ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་འཆི་མེད་ནོར་ཕྲེང་གི་མཇུག་བྱང་དུ།དེང་དུས་རྒྱལ་བསྟན་དྲི་མ་མེད་པ་ཉིད།མིང་གི་ཆ་ཙམ་སྒྲ་འཛིན་རྒྱན་གྱུར་པ།དེ་དང་མཉམ་དུ་འཆི་མེད་སྦྱོར་བ་ཡང༌།ཤིན་ཏུ་ལྷོད་པ་ཉམས་ཕྲའི་སྐབས་སུ་གྱུར།འོན་ཀྱང་རྒྱལ་རྣམས་སྲས་གྱུར་ཀུན་མཁྱེན་རྗེ།ཕྱོགས་ལས་རྣམ་པར་རྒྱལ་བའི་པཎ་ཆེན་མཆོགའཛམ་གླིང་མཁས་གང་སྐྱེ་ཚོགས་གཙུག་གི་རྒྱན།འཇམ་མགོན་བསྟན་པའི་ཉིན་བྱེད་དུས་འདིར་གསལ།གང་གི་བཀའ་དྲིན་ཉིན་འོད་འབར་བའི་གཟིས།མཁས་དབང་རྒྱ་མཚོའི་སློབ་ཚོགས་མེ་ཏོག་གིལེགས་བཤད་གེ་སར་དྲི་བསུང་མཛེས་འཛིན་པས།ཕྱོགས་ཀྱི་བུ་མོའི་གོ་སྐབས་དོག་པོར་བྱས།ཞེས་གང་ཉིད་འཚོ་གཞེས་དུས་རྒྱལ་བསྟན་ཉམས་ཆག་བྱུང་བ་དང་ཆབས་ཅིག་སྨན་དཔྱད་ཀྱང་ཉམས་གུད་དུ་གྱུར་པའི་སྐབས་སུ་འཇམ་མགོན་བསྟན་པའི་ཉིན་བྱེད་ཀྱི་ཐུགས་རྗེས་སླར་ཡང་གོང་འཕེལ་ཆེས་ཆེར་བྱུང་བ་དང་འབྲེལ་བརྒྱུད་འཛིན་གྱི་སློབ་མ་མང་དག་ཐོན་ཞིང༌།ཁོང་ཚོའི་སྙན་གྲགས་ཡུལ་གྲུ་ཀུན་ཏུ་ཁྱབ་པ་ཞིག་བྱུང་བའི་ནང་ཀརྨ་ངེས་དོན་བསྟན་འཛིན་ཕྲིན་ལས་རབ་རྒྱས་ནི་ཞལ་སློབ་ཕུལ་དུ་བྱུང་བའི་གྲས་ཞིག་ཡིན།དེས་ན་སྐབས་དེར་དཔལ་སྤུངས་སུ་གསོ་རིག་འཆད་ཉན་དར་རྒྱས་བྱུང་ཚུལ་མཚོན་ནོ།དེ་ནས་སྐྱབས་མགོན་པདྨ་ཉིན་བྱེད་དང་པདྨ་ཀུན་བཟང་སྐབས་མཁན་ཆེན་ཟླ་བ་བཟང་པོ་དང༌།མཁན་ཆེན་བཀྲ་ཤིས་འོད་ཟེར།ལི་ཐང་མཁན་པོ་ངེས་དོན།ཨོ་སྒང་དབང་ཕྱུགལྷག་བསམ་བསྟན་པའི་རྒྱལ་མཚན་བཅས་ཀྱི་གཞུང་རིག་གནས་རྒྱ་ཆེར་བཤད་པས་གཞི་བྱེས་ཀྱི་མཁས་པ་མང་པོ་བྱུང་ཞིང༌།མདོ་སྔགས་རིག་གནས་ཀྱི་གསུང་རྩོམ་ཡང་ཅི་རིགས་སྤེལ།སི་ཏུ་པདྨ་དབང་མཆོག་གི་སྐུ་དུས་སུ་སྔོན་སྒྲུབ་ཁང་བསམ་གཏན་ཆོས་གླིང་གི་རྒྱབ་ཏུ་ཡོད་པའི་བཤད་གྲྭ་དེང་དབྱར་གནས་ཁང་དུ་སྤོས་ནས་གསར་བཞེངས་གནང་བ་དང།བཤད་གྲྭའི་བཅའ་ཡིག་སོགས་གསར་དུ་བཀོད་ནས་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་སྟེ་སྤྱི་ལོ་1910ལོར་མཁན་པོ་གཞན་དགའ་རིན་པོ་ཆེ་གདན་དྲངས་ནས་ལོ་བརྒྱད་རིང་དགོན་དེར་མཁན་པོ་མཛད།ཁོང་གིས་སྨན་གྱི་གྲྭ་ཚང་བཙུགས་ནས་རྒྱུན་རིང་ལ་སྨན་གཞུང་འཆད་ཉན་དང་ལག་ལེན་བཅས་མཛད་པས།སྨན་པ་མཁས་པ་མང་པོ་བྱུང་བའི་ལོ་རྒྱུས་ཀྱང་ཡོད།དེ་སྐབས་བཤད་གྲྭ་དེར་ས་དགེ་བཀའ་རྙིང་གྲུབ་མཐའ་རིས་མེད་ཀྱི་བཤད་གྲྭ་བ་བརྒྱ་ཕྲག་ལས་བརྒལ་བ་འདུས།ཀཿཐོག་སི་ཏུ།སྤོང་ཕུག་ཀརྨ་ངེས་དོན་སྙིང་པོ།བླ་མ་ལྷ་དགྱེས།ཉག་བླ་བློ་གྲོས་བཟང་པོ།མི་ཉག་མཁས་པའི་དབང་པོ་བླ་མ་ཨ་དཔལ།ཉག་རོང་ཀླུ་ཐོག་བསྐལ་བཟང༌།མཆོག་གླིང་གཏེར་སྲས་ཀུན་བཟང་འཇིགས་མེད།མཁན་ཆེན་ཀརྨ་རིན་ཆེན་དར་རྒྱས།ཁྱུང་པོ་དགེ་བཤེས་ཀརྨ་འོད་ཟེར།ཚེ་དབང་ནོར་བུ།ངོར་པ་དཔོན་སློབ་བློ་གཏེར་དབང་པོ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ།ཀཿཐོག་མཁན་པོ་ཉག་བླ་སྟོབས་ལྡན་ནམ་རྡོ་རྗེ་རིག་འཛིན་ཆེན་པོ་ཐུབ་བསྟན་རྒྱལ་མཚན།དབོན་སྟོད་མཁྱེན་རབ།ཟུར་མང་པད་རྣམ།ཚྭ་ཚ་མཁན་པོ་ཀརྨ་ཐུབ་བསྟན།སྟོབས་བཅུ་རབ་རྒྱས།མཁན་བསོད་ནམས།ར་ཧོར་མཁན་པོ།ལི་ཐང་མཁན་པོ།གསེར་ཐར་མཁན་པོ།བྲག་གཡབ་མཁན་པོ།ཟུར་མང་མཁན་པོ།ཟུར་མང་སྤྲུལ་སྐུ་བཅུ་པ་ཀརྨ་ཆོས་ཀྱི་ཉིན་བྱེད།ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་སོགས་མཁས་བཙུན་མང་པོ་ཕེབས་ཏེ་མདོ་སྔགས་རྀག་གཞུང་བཅས་འཆད་ཁྲིད་མཛད།རང་དགོན་དུ་རྒྱུན་བཞུགས་མཁན་པོ་ནི་མཁན་ཆེན་བཀྲ་ཤིས་འོད་ཟེར་དང༌།ཚེ་དབང་དཔལ་འབྱོར།འཇམ་དབྱངས་ཆོས་ཀྱི་རྒྱ་མཚན་ནམ་གྲོང་ཉིན་ཚེ་དབང༌།གསེར་ཁ་ཆོས་གྲགས།སྟོབས་བཅུ་རབ་རྒྱས།ཇ་ར་མཁན་པོ་ཚུལ་ཁྲིམས་བཟང་པོ།སྒོ་རུ་འཇམ་དཔལ།གྲོ་སྤུ་ཚེ་དབང་རབ་བརྟན་བཅས་སོ།།

བཤད་གྲྭ་བ་རྣམས་ཀྱིས་བསླབ་བྱའི་ཐོག་མར་སུམ་རྟགས་དག་གསུམ་ནས་བཟུང་ཐུན་མོང་རིག་གནས་སྤྱི་དང༌།དེ་ནས་དགེ་ཚུལ་ཀཱ་རི་ཀ་རྒྱས་བསྡུས་དང༌།སྡོམ་གསུམ།ཡིད་བཞིན་མཛོད།གཞུང་ཆེན་བཅུ་གསུམ་དུ་གྲགས་པ་སྟེ་མདོ་དང་མདོ་རྩ་འདུལ་གཞུང་གཉིས་དང༌།མཛོད་དང་ཀུན་བཏུས་མངོན་པའི་གཞུང་གཉིས།རྩ་འཇུག་བཞི་སྤྱོད་ལྟ་བའི་གཞུང་བཞི།བྱམས་ཆོས་སྡེ་ལྔ་སྤྱོད་པའི་གཞུང་ལྔ་སོགས་ཀྱི་མཆན་འགྲེལ་རྒྱ་གཞུང་གི་དགོངས་པ་བཅོས་སླད་མེད་པ་དང༌།ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་ཀྱིས་མཛད་པའི་གཞུང་འགྲེལ་གྱིས་མཚོན་མདོ་སྔགས་རིག་གཞུང་དང༌།སློབ་དཔོན་ཀཱ་མ་ལ་ཤི་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ།ནང་བརྟག་རྒྱུད་གསུམ།དྭགས་པོ་ཐར་རྒྱན་སོགས་གསན་སྦྱོང་བྱས་སྲོལ་ཡོད།།

     བཤད་གྲྭའི་སྒྲིག་སྲོལ་ནི་གོང་ཞུས་ལྟར་པདྨ་དབང་མཆོག་རྒྱལ་པོས་བཤད་གྲྭའི་བཅའ་ཡིག་གསར་བཀོད་ལྟར་ལས་འདི་མ་བཀོད།བཤད་གྲྭ་བ་རྣམས་ཀྱིས་ཉིན་ལྟར་སྔ་དྲོར་བླ་མཆོད་དང༌།ཕྱི་དྲོར་གསོལ་ཀཉ་སྟོང་ཚེས་བརྒྱད་དང་དུས་མཆོད་ལ་བཀའ་བརྒྱུད་གོང་མ་རྣམས་ཀྱི་སྔོན་སྲོལ་ལྟར་འདས་མཆོད་སོགས་དགོན་གཞུང་གི་སྒྲིག་འདོན་ལྟར་བྱ་དགོས་པའོ།།
 
    གཉིས་པ།སྒྲུབ་གྲྭའི་སྐོར་ལ་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྐབས་སུ་སྒྲུབ་ཁང་དང་སྒྲུབ་གྲྭ་ཡོད་ཀྱང༌།ཕྱིས་དབོན་སྤྲུལ་དབང་གི་རྡོ་རྗེས་སྒྲུབ་སྡེ་འོག་མ་བསམ་གཏན་ཆོས་གླིང་གསར་བཞེངས་མཛད་རྗེས་གོང་མ་བདག་མེད་ལྟ་བུ་འཐོར་ཞིག་ནས་ཁང་པ་ཧྲལ་ཧྲུལ་ཙམ་ལས་མེད་པར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཉིན་ཞིག་གནས་སྐོར་དང་ལྷ་བསང་བ་ཕེབས་སྐབས།འགྲོ་ལམ་གསལ་པོ་མེད་ཀྱང་སྒྲུབ་ཁང་འོག་མའི་ལྟག་ཏུ་ཕེབས་པ་ན་བྱ་རྒོད་པོ་གཅིག་འདུག་པ་དེ་གྱེན་དུ་སོང་བའི་རྗེས་སྙེགས་ནས་བྱོན་པར་རིའི་སྟོང་ཁ་ཞིག་ནས་ཤར་དུ་ཁ་གཏད་འཕུར་སོང་བ་དེ་ནས་བྱོན་ཏེ་ད་ལྟའི་རི་ཁྲོད་ཡོད་སའི་ས་དེ་གཟིགས་པས་དེ་ལ་རྟེན་འབྲེལ་བཟང་པོ་འགྲིགས།དེ་རྗེས་བྱེས་གྲྭ་དེ་ཟུང་གིས་གྲོགས་བྱས་ནས་སྔོན་གྱི་ཁང་ཤུལ་དེར་ཁང་ཆུང་མཚོན་བྱེད་ཙམ་བཟོས།དེ་སྐོར་རྗེ་ཉིད་ཀྱི་གཟིམ་ལམ་དུ་ལྷ་ཁང་བག་དྲོ་ཞིག་ཏུ་རྒྱལ་དབང་བཅུ་བཞི་པའི་སྐུའི་གཡས་ཕྱོགས་སུ་སྐྱེས་རབས་ལྟ་བུའི་ཐང་སྐུ་འགའ་ཞིག་བཀྲ་ཞིང༌།རྒྱལ་དབང་སྐུའམ་ཐང་སྐུ་གང་གི་གསུང་ཡིན་མ་འབྱེད་ཀྱང་ལུང་བསྟན་པའི་སྒྲ་ཤིན་ཏུ་གསལ་བ་ཞིག་བྱུང་བ་དང༌།མཆོག་གྱུར་གླིང་པས་ཡང་ཁྲོད་འདིར་ལྷ་ཁང་དགོས་ཚུལ་ལུང་བསྟན་པ་ལྟར་དཔལ་སྤུངས་བླ་བྲང་ནས་གཞི་བཏིངས།དེ་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་ལ་གང་བྱུང་གི་དངོས་པོ་ཐམས་ཅད་ལྷ་ཁང་དང་སྒྲུབ་སྡེའི་གྲྭ་འདི་ཉིད་ཀྱི་ཐེབས་རྩ་ལ་བཏང་ནས་རིམ་པ་འདུལ་བ་བགྱིས་ནས་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་སྟེ་སྤྱི་ལོ་1860ལོའི་ལྷ་བབས་དུས་ཆེན་གྱི་ཚེས་བཅུ་ལ་སྒྲུབ་པ་གསར་དུ་འཇོག་པའི་དབུ་ཚུགས།ཐོག་མར་སྒྲུབ་པ་དཔོན་གཡོག་དྲུག་དང་མགོན་བླ་བཅས་བདུན་ཡོད་པ་རྣམས་ལ་ཁང་པ་བདག་བཟུང་དང་སྐར་འཛིན་བྱས།སྒྲུབ་པ་པོ་རྣམས་ཀྱིས་སྣ་སེལ་ནས་བརྩམས་ཏེ་ལོ་གསུམ་གྱི་བསྙེན་སྒྲུབ་ཉམས་ལེན་ཟླ་རེ་བཞིན་དུས་མཆོད།ཉིན་རེ་བཞིན་དུ་ཐུན་བཞི་བཅས་བཅའ་ཡིག་བཞིན་ཞིབ་པ་ལག་བསྟར་བགྱིས།བཅའ་ཡིག་ཀྱང་དེང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དུ་བཞུགས།སྐྱབས་རྗེ་པདྨ་ཉིན་བྱེ་དབང་པོས་ཡང་ཁྲོད་སྒྲུབ་སྡེའི་མཚན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ཞེས་གསོལ།རྗེ་འཇམ་མགོན་ཡོན་ཏན་རྒྱ་མཚོའི་སྐུ་དུས་སུ་་སྒྲུབ་ཐེངས་དགུ་གྲོལ་བར་གྲགས།སྔོན་རྗེས་ཡང་ཁྲོད་ཀྱི་རྡོར་སློབ་བླ་མ་འཇམ་མགོན་ཉིད་དང༌།ཧོར་པདྨ་ནོར་བུ།ཨ་ཏི་བླ་མ་ཀར་བསྟན།བླ་མ་མགོ་ལུ།བླ་མ་ནོར་བུ་དོན་འགྲུབ།ཇ་གཡོག་བསྟན་འཕེལ།བླ་མ་རང་བྱུང་ཀུན་ཁྱབ་བམ་བླ་མ་ཀར་ལུ།བླ་མ་ཤེས་རབ་སོགས་རིམ་བཞིན་བྱུང་བ་ལས་འགྲོ་དོན་འཕྲིན་ལས་ཁྱད་དུ་འཕགས་པ་ཅན་ཤ་སྟག་གོ།

     སྒྲུབ་སྡེ་འོག་མ་བསམ་གཏན་ཆོས་གླིང་ནི་དབོན་སྤྲུལ་དབང་གི་རྡོ་རྗེས་གསར་བཞེངས་མཛད།དེ་ནས་རྒྱུན་མི་ཆད་པར་དར་རྒྱས་བྱུང༌།སི་ཏུ་པདྨ་ཉིན་བྱེད་སྐབས་ནས་བཟུང་རྡོར་སློབ་བླ་མ་ལི་ཐང་ངེས་དོན་དང༌།འཇམ་མགོན་བླ་མ་བཅས་སྒྲུབ་ཐེངས་ཁ་ཤས་དང༌།དེ་ནས་བླ་རྒན་དོན་འགྲུབ་སྒྲུབ་ཐེངས་གཉིས།རྟ་མགྲིན་སྒྲུབ་ཐེངས་གཉིས།ཡེ་ཤེས་འབྱུང་གནས་སོགས་རིམ་བཞིན་བྱུང་ཡོད།ཀུན་རིག་སྒྲུབ་སྡེ་ནི་བེ་རི་མཁྱེན་བརྩེའམ་མཚན་ཆ་ཚང་ཀརྨ་འཇམ་དབྱངས་མཁྱེན་བརྩེའི་འོད་ཟེར་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་སྡེ་ཞེས་པ་དགུང་གྲངས་ཞེ་བདུན་ཏེ་རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོ་སྟེ་སྤྱི་ལོ་1937ལོར་ཀུན་རིག་སྒྲུབ་ཁང་གི་རྟེན་དང་བརྟེན་པར་བཅས་གསར་བཞེངས།སྒྲུབ་ཁང་གོང་འོག་གཉིས་གང་རུངནས་ཐོན་པའི་བླ་མ་ཤ་སྟག་གིས་སྒྲུབ་ཡུན་ལོ་གཅིག་གི་རིང་ལ་བྱ་རྒྱུ་ཀུན་རིག་དང༌།མི་འཁྲུགས།རྡོར་སེམས།འོད་དཔགསྨེ་བརྩེགས་བཅས་ཀྱི་བསྙེན་སྒྲུབ་དང་སོ་སོའི་སྦྱིན་བསྲེགས།ཀར་རབས་བླ་སྒྲུབ་དང༌།ཐར་ཆོགསྨན་ཆོགཕུར་པ།སྒྲོལ་དཀར་སོགས་བསྙེན་སྒྲུབ་གནད་སྨིན་དགོས་ཚུལ་ཞལ་བཀོད་མཛད་ཅིང༌།རྟེན་འབྲེལ་དུ་ཐོག་མའི་རྡོར་སློབ་བླ་མ་བླ་རྒན་ཆོས་སྐྱོང་བཀྲ་ཤིས་དང༌།དེ་ནས་མཁས་བཙུན་བཟང་གསུམ་གྱི་བླ་མ་བསོད་ནམས་ནོར་བུ།སྒྲུབ་དཔོན་བདེ་ལེགས།དེ་རྗེས་ཡེ་ཤེས་འབྱུང་གནས་བཅས་ཐེངས་རེ་ལ་སྒྲུབ་པ་དཔོན་གཡོག་བཅུ་ལྷག་ལ་ཕོགས་ཐེབས་སྦྱོར་འཇགས་གནང་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ།

    དེ་ལྟར་སྒྲུབ་སྡེ་ཁག་གི་རྩ་བའི་རྨང་གཞི་སོགས་ཞིབ་ཆ་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་སྒྲུབ་པ་པོ་རྣམས་ཀྱི་ཉམས་བཞེས་ཇི་ལྟར་བགྱིད་པའི་ཚུལ་སྙིང་པོར་དྲིལ་བ་དོན་བརྒྱུད་དགོངས་རྒྱན་ཞེས་བྱ་བ་ལས་ཤེས་པར་བྱའོ།།

    ལྔ་པ་དགོན་གཞུང་གི་ཚེས་དུས་སྒྲུབ་མཆོད་སྐོར།

    ཟླ་བ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ཆོ་འཕྲུལ་དུས་ཆེན་ལ།ཚེས་བཞི་ནས་བཅུ་བཞིའི་བར་བླ་བྲང་དང་བླ་མ་འགས་ཡོན་བདག་བགྱིས་ཏེ་སྨོན་ལམ་འཚོགས།ཚེས་བཅུ་བཞིའི་དགོང་མོར་རྗེ་བཙུན་མི་ལའི་འདས་མཆོད་དུ་སྒྲུབ་བརྩོན་བླ་མ་ཡོངས་ནས་མི་ལའི་མགུར་མཚོ་གསུངས།ཚེས་བཅོ་ལྔའི་ཐོ་རེངས་སྒྲུབ་བརྩོན་བླ་མ་དག་གིས་རས་གཟན་དཀར་རྐྱང་རེ་མནབས་པ་དང༌།དགེ་འདུན་མང་བས་ཞྭ་ཁྲ་དང་ཆོས་གོས་བཞེས་ཏེ་སེང་སྦྲེང་གིས་འདུ་ཁང་བཅས་བསྐོར།དེ་ཉིན་མར་པའི་འདས་མཆོད་དུ་ཕག་མོ་གསུངས།ཚེས་ཉེར་གཅིག་དང་ཉེར་བཞི་གཉིས་ལ་ཀརྨ་པ་ཐེག་མཆོག་རྡོ་རྗེ་དང་བདུད་འདུལ་རྡོ་རྗེ་རྣམ་གཉིས་ཀྱི་འདས་མཆོད་དུ་རྒྱལ་བ་རྒྱ་མཚོ་ཉིན་ལྔ་རེ་འཚོགས།།

ཟླ་བ་གཉིས་པའི་ཚེས་ལྔ་ནས་ཚེས་བཅོ་ལྔའི་བར་སྨིན་གླིང་རྡོར་སེམས་སྒྲུབ་མཆོད་ཉིན་བཅུ་འཚོགས།ཚེས་ཉེར་ལྔར་སི་ཏུ་ཆོས་འབྱུང་གནས་ཀྱི་འདས་མཆོད་དུ་འདུ་ཁང་ཆེན་མོ་སོགས་ལ་རྒྱལ་རྒྱམ་བཅས་ཉིན་ལྔ་འཚོགས།།

    ཟླ་བ་གསུམ་པའི་ཡར་ངོར་སྒྲོལ་དཀར་ཟླ་བ་འདོད་འཇོ་དང༌།པདྨ་བཛྲ་བཅས་ཉིན་བདུན་རེ་འཚོགས།ཚེས་བཅོ་ལྔ་ཉིན་ཀུན་རིག་རྒྱ་གཞི་རྒྱས་འདེབས་རྒྱས་པ་ཉིན་གཅིག་ལ་ཕུང་དུང་བཅད།ཚེས་བཅོ་བརྒྱད་ནས་བརྩམས་ཏེ་ཉིན་བདུན་ལ་ཞི་ཁྲོ་འཚོགས།།

    ཟླ་བ་བཞི་པའི་ཚེས་བཞི་ནས་བརྩམས་ཏེ་གསང་བ་འདུས་པའི་བུམ་སྒྲུབ་ཉིན་བཅུ་གཉིས་འཚོགས།དེ་ཚེ་རཏ་གླིང་ཚེས་སྒྲུབ་བཅས་ཚོགས་ཁག་དྲུག་ཟུར་དུ་བཀར་ཏེ་འཚོགས།ཚེས་བཅུ་དྲུག་ནས་ཕག་མོ་དང༌།ཀུན་རིག་སྒྲུབ་མཆོད་སོགས་ཉིན་བཅུ་གཅིག་འཚོགས།ཚེས་ཉེར་ལྔ་ནས་ཀར་ལུགས་བདེ་མཆོག་ཉིན་བདུན་འཚོགས།།

     ཟླ་བ་ལྔ་པའི་ཚེས་བདུན་ལ་སི་ཏུ་པདྨ་ཉིན་བྱེད་ཀྱི་འདས་མཆོད་དུ་འདུ་ཁང་ཆེན་མོར་དགྱེས་རྡོར་ཉིན་བདུན་དང༌།གསེར་གདུང་ལྷ་ཁང་དུ་མཱའ་ཡཱ་ཉིན་བདུན།གསང་འདུས་ཉིན་བདུན་བཅས་ཚོགས་ཁག་གསུམ་ཆབས་གཅིག་ཏུ་འཚོགས།ཟླ་བ་འདིའི་ནང་བཀའ་བརྒྱུད་ཆོས་སྤྱོད་རབ་གསལ་ཉིན་ལྔ་དང༌།རྒྱལ་བ་རྒྱ་མཚོའི་སྒྲུབ་མཆོད་ཉིན་བདུན།མི་འཁྲུགས་པའི་སྒྲུབ་མཆོད་ཉིན་བདུན་དང་དཀྱིལ་འཁོར་བཅུ་གཉིས་ཀྱི་རྡུལ་ཚོན་ཆུ་གཤེགས་བཅས་མཛད།གཞན་ཡང་ཚེས་བཅུ་བཞི་ནས་ཚེས་བཅོ་ལྔའི་བར་དབུ་ཆེ་མགུལ་སོགས་སུ་ལ་བསྟོད་དང་གཞི་བདག་གསོ་བ་སོགས་མཛད་སྲོལ་ཡོད།

    ཟླ་བ་དྲུག་པར་ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་སྐུ་འཁྲུངས་པའི་དུས་ཆེན་དང༌།བདག་ཅག་གི་སྟོན་པས་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་ཚེས་གཅིག་ནས་བཅུའི་བར་གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་མཆོད་གསང་འདུས་ལེའི་བརྒྱད་པ་འཚོགས་ནས་ལོ་ཤས་མཚམས་སུ་ཚེས་དགུ་དང་བཅུ་ལ་ཚེས་བཅུ་ཆེན་མོའི་གར་འཆམས་སྲོལ་ཡོད།དེ་ནས་དགོན་པའི་བཅའ་ཡིག་ལྟར་དབྱར་སེང་དུ་ཕ་ཡུལ་དང་ཞིང་འབྲོག་མི་སེར་ཁུལ་དུ་འཁོར་ཞག་ཏུ་ཕེབས་མཁན་དགེ་འདུན་རྣམས་དགེ་བསྐོས་ཀྱི་མདུན་ནས་དགོངས་འཛིན་ཞུ་སྟཻ་རང་རང་འཁོར་ཞག་ཏུ་ཕེབས་ཆོགསྐུ་མདུན་པ་དང༌།དབུ་ཚོགས་ལས་སྣེ་དཀོར་གཉེར་ཆེ་ཁག་མགོན་བསྐང་པ་སོགས་རང་རང་གི་ཁྱིམ་དུ་དམིགས་ཅན་གྱིས་དགོངས་ཞུ་ཞུ་དགོས་རིགས་དགེ་བསྐོས་ནས་དུས་བཀག་དགོངས་འཛིན་ཞུས་ཏེ་ཕེབས་ཆོག་པ་ལས།དེ་མིན་གདན་ས་རང་དུ་གཞི་བཞུགས་མཛད་རྒྱུ་ལས།རང་གཞིན་གང་དུ་ཕེབས་མི་ཆོག

    ཟླ་བ་བརྒྱད་པར་དཔལ་སྤུངས་སུ་སྔོན་ས་འབྲི་གཉིས་བརླགས་ཤུལ་གྱི་སྲི་རྐྱེན་ཟློག་པར་ཚེས་ཉི་ཤུ་ནས་བཟུང་དགོང་ནང་གི་བླ་བྲང་ཁག་གིས་རཏྣ་གླིང་པའི་ཕུར་པའི་སྒྲུབ་མཆོད་ཉིན་བཅུ་གཉིས་འཚོགས་ཤིང༌།ཚེས་ཉེར་དགུ་ལ་ཕུར་པ་གདབ་པ་དང་ཟློག་པ་བོར།གནས་སྟོང་ཉིན་དངོས་གྲུབ་ལེན་པའོ།།

    ཟླ་བ་དགུ་པའི་ཚེས་ཉེར་གཉིས་ནི་བཅོམ་ལྡན་འདས་ལྷ་ལས་བབས་པའི་དུས་ཆེན་ཡིན་ལ།ཚེས་བཅོ་ལྔ་ལ་དགོན་དུ་རྒྱུན་བཞུགས་ཀྱི་བླ་གྲྭ་རྣམས་ཀྱིས་འདུ་ཁང་ཆེན་མོ་ནས་སོ་སོའི་གྲྭ་ཤག་བར་དཀར་ཙག་བྱུག་པ་དང༌།ཚེས་གཉིས་ནས་བཟུང་སྟེ་རྒྱུན་བཞུགས་བླ་མ་རྣམས་ཀྱིས་མགོན་པོ་བཻ་ཅན་གྱི་སྤར་ཕུར་ཉིན་གསུམ་འཚོགས།

    ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ནས་བཟུང་བྱེས་གྲྭ་རྣམས་དགོན་དུ་འཛོམས་ཏེ།ཚེས་བརྒྱད་ཉིན་དགུ་བཅའ་བསྡམས།ཚེས་བཅུ་བཞི་ཉིན་གྲྭ་མང་གིས་འཆི་བསླུ་ཚེ་དཔག་མེད་གསུངས།ཚེས་ཉི་ཤུ་ནས་སྒྲུབ་བརྩོན་བླ་མ་ཡོངས་ཀྱིས་གྲོ་ལོད་དང༌།དགུན་ཉིན་ལོག་ཁར་དཔལ་འཁོར་ལོ་སྡོམ་པའི་བདག་བསྐྱེད་བསྲངས་ཏེ་ཚོགས་འཁོར་ཐོག་དཔལ་མགོན་ཕྱག་བཞི་པའི་སྒོ་ནས་ཉིན་ལྡོག་གི་གཏོར་རྒྱག་ལ་ཚད་མ་དང༌།དངོས་གཞི།གཏང་རགས་བཅས་བསྡོམས་ཉིན་བདུན་འཚོགས།འདི་སྐོར་དུས་ངེས་མེད་ཀྱང་ཡས་བཟོ་ཉིན་བཅུ་གཅིག་འཚོགས་དགོས།ཚེས་ཉེར་བདུན་ཉིན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་སྒྲུབ་མཆོད་དུ་སྒྲོལ་མ་རྣལ་འབྱོར་དང༌།དགོངས་འདུས།ཤངས་ལུགས་རྒྱུད་སྡེ་ལྔ་བཅས་ཚོགས་ཁག་གསུམ་དུ་དབྱེ་སྟེ་ཉིན་བདུན་རེ་འཚོགས།

    ཟླ་བ་བཅུ་གཉིས་པའི་ཚེས་དྲུག་ནི་སི་ཏུ་པདྨ་ཀུན་བཟང་གི་འདས་མཆོད་དུ་རྒྱལ་བ་རྒྱ་མཚོ་ཉིན་གསུམ་དང༌།སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་འདས་མཆོད་དུ་རྒྱལ་བ་རྒྱ་མཚོ་ཉིན་བདུན་འཚོགས།འདི་བོད་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ལ་ཡིན་ཡང་དེ་སྐབས་ཕུར་པའི་སྒྲུབ་མཆོད་སྐབས་ཡིན་པས་སོ།

    ཚེས་ཉེར་གཉིས་ནས་མགོན་པོ་བཻ་ཅན་གྱི་དགུ་གཏོར་ཆེན་མོའི་སྒྲུབ་མཆོད་ཉིན་བཅུ་འཚོགས།ཚེས་ཉེར་བརྒྱད་དང་ཉེར་དགུ་གཉིས་ལ་དགུ་གཏོར་ཆེན་མོའི་གར་འཆམ་ཡོད།ཚེས་ཉེར་དགུའི་ཕྱི་དྲོར་དགུ་གཏོར་ཆེན་མོའི་གཏོར་བརྒྱགདེ་ལྟར་ལོ་དུས་ཀྱི་སྒྲུབ་མཆོད་ཆེ་ཤོས་རྣམས་མདོ་ཙམ་བསྟན་པ་ལས།ཞིབ་ཆ་སི་ཏུ་པདྨ་ཉིན་བྱེད་ཀྱིས་བཀོད་གནང་བའི་དཔལ་སྤུངས་དགོན་པའི་བཅའ་ཡིག་ཆེན་མོ་ལས་གསལ།

    དྲུག་པ།དགོན་ལག་དང་སྡེ་འཁོར་གྱི་སྐོར།

    དཔལ་སྤུངས་དགོན་པ་ལ་གྲྭ་ཚང་ཤོག་བཞི་དང༌།འདུས་པའི་སྡེ་གང་ཡོད་མཐའ་གཅིག་ཏུ་མ་ངེས་ཀྱང་མང་སྐབས་ཆིག་སྟོང་ལྷག་དང་ཉུང་མཐའ་ལྔ་བརྒྱ་ཙམ་ལས་མི་ཉུང་བ་ཡོད་པར་གྲགས།དགོན་ལག་དང་གྲྭ་རྒྱུན་ཡོང་ཁུངས་ནི་ལྗོངས་དང་ཞིང་ཆེན་ལྔའི་ས་གནས་ཁག་དང༌།གཞན་འབྲུག་འབྲས་ལྗོངས་དང་ལ་དྭགས།རྒྱ་ནག་ཅང་ཞི་ཞིང་ཆེན་དང༌།སི་ཁྲོན་ཡཱ་ཨན་བཅས་ཀྱི་མི་རིགས་མི་གཅིག་པའི་དགོན་སྡེ་མང་པོ་ཡོད་པའང་ལོ་རྒྱུས་ཀྱིས་གྲུབ་བོ།།

    དཔལ་སྤུངས་དགོན་གཞུང་བླ་བྲང་གཉེར་ཕྱག་ལས་ཁང་ནས་དགོན་ཁག་ལ་མཁན་པོ་བཅོ་ལྔ་དང༌།རྫོང་གཞིས་ལ་སྐུ་ཚབ་་བཅོ་བརྒྱད་དང༌།སྤུ་བོ་རྡོ་རྟ་ཤོལ་རྫོང་སོགས་ལ་བླ་བསྐོས་གཏོང་སྲོལ་ཡོད།དགོན་པའི་ཉེར་འཁོར་གནས་ཀྱི་གཙོ་བོ་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཙཱ་འདྲ་རིན་ཆེན་བྲགདེའི་གནས་ལག་དཔལ་དིལ།འབུར་མོ་བྲགདཔའ་ཽ??ོག་པར་ར་བྲགཨ་ཁྲི་ར་ཧེ་དགོན།ཨ་རབ་ཨན་ཕུག་དགོན།དཔལ་འབྱོར་ཞི་ཁྲོ་བྲགསོ་བྲམ་རིན་ཆེན་ཕུགསེང་གནམ་བྲག་སོགས་གནས་ཆེན་བཅོ་ལྔ་དང༌།སྔར་ཀརྨ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ལྔ་ཞེས་ཕལ་ཆེར་དཔལ་སྤུངས་བླ་བྲང་ནས་གཟིགས་སྐྱོང་མཛད་རྒྱུ།ཤར་ཕྱོགས་སྤུངས་རི།སྤང་ཕུག་དགོན།ཀཾ་པོ་གནས་ནང༌།ཀརྨ་རི་གླིང་སོགས་སོ།།

    སྡེ་འཁོར་དུད་ནི་སྡེ་དགེ་རང་ཞབས་ནས་ཨ་ལོ་དང༌།སེ་ཚ་སོགས་ལ་འཁོར་པ་དང༌།ཁྲལ་པ་དུད་ཚང་འབོར་ཆེན་ཡོད་ལ་དེ་དག་སོ་སོའི་འཁོར་དང་བསྟུན་པའི་དགོན་གཞུང་གི་མཆོད་ཞིང་རྒྱ་ཆེན་ཡོད།འབྲོག་ཁུལ་སྐྱོ་བྲག་གོ་ཆེ་དང༌།ཕྱི་འབྲོགབྱང་སྡེ་རྫ་ཆུ་ཁ་བཅས་ལ་ཟོག་ནག་མང་པོའི་ནོར་མ་ལ་ནོར་དུད་བརྒྱ་ཕྲག་དང༌།ཁྲ་ཆུང་ཞེས་རྟ་སྟོང་སྐོར་ཡོད་པ།དེ་དག་ལ་ཤེ་དཔོན་དང༌།རྟ་དཔོན་དཔོན་གཡོག་བཅས་བཞག་སྲོལ་ཡོད།གཞན་དབང་ཕུན་རབ་པས་བདག་རྐྱེན་ཟོས་སྒོས་ཐོག་ནས་བསྩལ་བའི་རི་ཁྲོད་ནང་པའི་ཆོས་བཞིས་རྣ་རུ།གཡུ་ཐོགའཇི་འབིལ་སོགས་སྐུ་ཚབ་གསུམ་གྱི་མངའ་འོག་གི་ཕྱི་འབྲོག་མདའ་ཞིང་རྣམས་དང༌།འདིའི་བུ་དགོན་རྫོང་ཤོད་དགོན་སོགས་ཡོད།དེ་ལྟར་དགོན་ལག་དང་སྡེ་འཁོར་པའི་མང་ཉུང་མ་ངེས་ཀྱང་སྔོན་ཆོས་ཁྲིམས་པ་སོགས་ཀྱིས་གཏམ་བཤད་སྐབས།ཤར་དཔལ་སྤུངས་དགོན་པ་ནི་བཀའ་དགོན་བརྒྱ་དང་བརྒྱད་ཅུའི་བརྟེན་ས།ས་དགོན་སྟོང་དང་རྩ་གཉིས་ཀྱི་སྨོན་ས།རྒྱ་བོད་ཧོར་གསུམ་འདུས་ས།རྒྱ་ནག་པོའི་ཡུལ་དུ་ཇ་ཞིང༌།འཇང་ཁྲ་མོའི་མཐིལ་དུ་འབྲས་ཞིང༌།བྱང་རྡོ་རེ་མདོ་རུ་ཚྭ་ཞིང༌།སྡེ་དགེའི་ཡུལ་གྱི་གནམ་ས་ཕྱེད་བགོས་ཀྱི་བདག་པོ།རྫོང་ཁག་དགུ་ནས་ས་བོགས་སང་འབྲུ་ཁྲལ་དགོས་པ་ཡིན་ཟེར་སྲོལ་ཡོད་པས་སྡེ་དང་དགོན་ལག་མང་པོ་ཡོད་པ་ནི་གོར་མ་ཆག

     བདུན་པ། དེང་གི་གནས་ཚུལ།

ཀྲུང་གོ་གསར་པ་འགོ་བཙུགས་རྗེས་དཔལ་སྤུངས་དགོན་པ་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བའི་སྲུང་སྐྱོབ་བྱ་སའི་བཀའ་བརྒྱུད་གྱི་དགོན་པ་ཞིག་གི་གྲས་སུ་བཞགབཞི་རྒོལ་འགུལ་སྐྱོད་ཅེས་པའི་སྐབས་སུ་འདུ་ཁང་ཚོགས་ཆེན་གྱི་རྟེན་དང་བརྟེན་པ་བཅས་སྲིད་གཞུང་གིས་སྲུང་སྐྱོབ་གནང་བ་དང་ཆབས་ཅིག་དགེ་འདུན་པ་བཅུ་གཉིས་སྒྲིག་འཛུགས་བྱས་ནས་དེ་དག་གིས་རྒྱུན་ལྡན་གྱི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ།གོང་ཞུས་ཀྱི་ཐོ་དེབ་དང་འབྲེལ་ཡོད་ཀྱི་ཡིག་ཆ་ལ་བལྟས་ན་རིག་གནས་གསར་བརྗེ་སྔོན་དགོན་དུ་སྐུ་འདྲ་རིགས་སྣ་ཚོགས་ཆེ་ཆུང་ཆིག་སྟོང་ལྷག་དང༌།བྲིས་ཐང་ཆེ་ཆུང་ཁྲི་ལ་ཉེ་བ་དང༌།མདོ་རྒྱུད་གཞུང་ལུགས་དང་བཅས་པ་པོད་སུམ་ཁྲི་ཉིས་སྟོང་བཞི་བརྒྱ་ལས་བྲིས་མ་དཔེ་དཀོན་དུ་མ་བཅས་དང༌།པར་ཤིང་ཁྲི་བཅུ་གཉིས་ལྷག་དང༌།གཞན་ཡང་དུང་ཆེན་དང༌།རྒྱ་གླིང༌།དངུལ་གྱི་དབུ་བུམ།ལས་བུམ།རྐང་གླིང༌།ཧོར་སྦུབ་དང༌།རྒྱ་སྦུབ་ལེགས་ཆ།སིལ་སྙན་ཆེ་ཆུང་སོགས་གསེར་དངུལ་བཅས་རིན་པོ་ཆེ་ཆེ་ཆུང་སྣ་ཚོགས་ལས་གྲུབ་པའི་མཆོད་རྫས་འབོར་ཆེན།ཀ་འཕན་དང༌།གནམ་ཡོལ།བླ་བྲེལ།ཕྱེ་འཕུར།དགུ་གཏོར་དང་ཚེས་བཅུ་སོགས་ཀྱི་འཆམ་ཆས་ཆ་ཚང་བཅས་རྒྱ་དཀར་ནག་གི་ཡུལ་ནས་བྱུང་བའི་གོས་ཆེན་མིང་འདོགས་མི་ཤེས་པ་དུ་མས་བྱས་པ་ཡོད།རིག་གནས་གསར་བརྗེ་ཞེས་པའི་ལས་འགུལ་སྐབས་གཏོར་གཤིག་ཚབས་ཆེན་ཕོག་ནས་རྩ་མེད་ལྟ་བུ་གྱུར་རུང༌།སྤྱི་ལོ་1978ལོ་ཧོར་ཟླ་12པའི་ཚེས་23ཉིན་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན།ཟང་ཟིང་ཡོ་སྲོང་བྱས་པ་བརྒྱུད་རིམ་པ་ཁག་གི་སྲིད་གཞུང་གིས་མི་རིགས་དང༌།ཆོས་ལུགས་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ།སྤྱི་ལོ་1981ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཔལ་སྤུངས་དགོན་པས་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་བར་བརྟེན།ལོ་དེའི་ཟླ་བ9པའི་ཚེས་23ཉིན་སླར་ཡང་དགོན་སྒོ་དངོས་སུ་ཕྱེས།དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་བའི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་འགན་ལེན་བྱུང་ཡོད།དེ་ནས་འབྲེལ་ཡོད་སྲིད་གཞུང་གིས་རྟེན་གསུམ་གསར་བཞེངས་བྱེད་ཡས་རྒྱ་སྒོར་ཁྲི་ཉི་ཤུ་ལྷག་གནང་བ་དང༌།དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ཞབས་འདེགས་སུ་ཕུལ་བ་བཅས་ལ་བརྟེན་སྤྱི་ལོ་1983ལོ་ཟླ་བ་9ཚེས་ཀ་ལ་སྒུབ་སྡེ་འོག་མ་གསར་བཞེངས་ཀྱི་དབུ་ཚུགས་ཏེ།ཕྱི་ལོ་བོད་ཟླ་10པའི་གསར་ཚེས་ལ་སྒྲུབ་བླ་བཅུ་དགུ་དང་རྡོར་སློབ་བླ་མ་ཡེ་ཤེས་འབྱུང་གནས་བཅས་སྒྲུབ་ཐབས་དང་པོ་ཞུགས་ནས་ད་བར་སྒྲུབ་ཐེངས་བདུན་སོང༌།བླ་མ་ཡེ་ཤེས་འབྱུང་གནས་དང༌།བླ་མ་བསོད་ནམས་ཡེ་ཤེས།མེ་རྒྱ་མཚོ་བཅས་ཀྱིས་སྒྲུབ་དཔོན་བླ་མའི་འགན་བཞེས་མཛད།སྤྱི་ལོ་1985ལོའི་དབྱར་ཚེས་ལ་ཡང་ཁྲོད་སྒྲུབ་ཁང་གསར་བཞེངས་དབུ་བཙུགས་ཏེ།སྤྱི་ལོ་1987ལོའི་སྟོན་ཟླ་གསར་ཚེས་ཨར་ལས་གྲུབ་སྟེ་ལོ་དེའི་ཟླ་བ་10པའི་ཚེས་ཀར་སྒྲུབ་ཐེངས་དང་པོ་དབུ་བཙུགས་ནས་ད་བར་སྒྲུབ་ཐེངས་ལྔ་སོང༌།ད་བར་ཀརྨ་རྣམ་རྒྱལ་དང༌།མེ་དམ་ཆོས།ཐུབ་བསྟན་རྡོ་རྗེ་བཅས་ཀྱིས་རིམ་བཞིན་སྒྲུབ་དཔོན་བླ་མའི་འགན་བཞེས།སྤྱི་ལོ་1989ལོའི་བོད་ཟླ་6པའི་ཚེས་22ཉིན་བཤད་གྲྭ་དབུ་བརྙེས་ནས་ད་ལྟའི་བར་བཤད་གྲྭ་བ་སུམ་བརྒྱ་ལྷག་སློབ་ཐོན་སོང་སྟེ།ས་དགེ་ཀར་རྙིང་གི་དགོན་པ་ཆེ་ཆུང་དྲུག་ཅུ་ཙམ་གྱིས་མཁན་པོ་དང་ཟུར་མཁན་མཛད་བཞིན་ཡོད།སྔོན་རྗེས་སུ་དིལ་ཆུང་བློ་ཆོས་དང༌།གཞོན་ནུ་ཉི་མ།སྟོང་ནག་དོན་འགྲུབ།གྲོ་སྤུ་བུ་སྟོན།ཀརྨ་བློ་གྲོས་རྒྱ་མཚོ།བསོད་ནམས་དབང་འདུས་བཅས་ཀྱིས་མཁན་པོའི་འགན་བཞེས་གནང་ནས་གཞུང་རིག་གནས་དང་བཅས་ཁྲིད་དང་འཆད་བཞིན་པའོ།།

      གཞན་ཡང་བཤད་གྲྭ་དང་སྒྲུབ་ཁང་དུ་དངོས་སུ་བཞུགས་ཏེ་མཁན་པོའམ་སྒྲུབ་དཔོན་རྡོར་སློབ་སོགས་ཀྱི་མིང་འདོགས་མེད་ཀྱང་སོ་སོའི་གྲྭ་ཤག་ཏུ་དངོས་ལྐོག་གང་རུང་གི་སྒོ་ནས་གཞུང་རིག་གནས།ཆོ་ག་ཕྱག་ལེན།དབང་ལུང་ཁྲིད།ཐིག་རྡུལ་ཚོན།འབུད་བརྡུང་བཀྲོལ།གདངས་དབྱངས་ལེན།འཆམ་གར་སྟབས་སོགས་མཉམ་མེད་དྭགས་པོ་ཡབ་སྲས་ཀྱི་བཀའ་སྲོལ་བཤད་སྒྲུབ་བསྟན་པ་རྣམ་དག་གི་རྒྱུན་དེང་སང་མི་ཉམས་པར་ཡར་ལྡན་དུ་བཞུགས་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་རྡོར་སློབ་ཆོས་འབུམ།དབུ་ཆེན་བཟོད་པ།དགྱེས་ལྷ་བླ་མ།ཀླུ་རི་ཀརྨ་ཕུན་ཚོགགས།པད་དགའ་རྣམ་དག་དཔལ་དགའ་རྒྱ་མཚོ་བཅས་དང༌།སྤྱི་སངས་རྒྱས་བསྟན་པ།བྱེ་བྲག་ཏུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བ་ལ་མཛད་རྗེས་བླ་ན་མེད་པ་བཞག་མྱོང་མཁན་ལྷ་བཟོ་ཐང་བླ་ཚེ་དབང་དང༌།མཛོ་རྫི་དར་རྒྱས།ལྷ་རྗེ་ཡོན་ཏན་ཕུན་ཚོགས།རྩིས་རམས་པ་སྐྱ་ཆེ་ཕན་བདེ་བཅས་ཀྱི་སློབ་ཚོགས་ནི་ཕྱི་ནང་ཀུན་ཏུ་མ་ཁྱབ་པ་མེད་ལ།སོ་སོའི་འཇོན་ཐང་དང་ཤེས་རྩལ་ཡང་ཀུན་གྱིས་ཡིད་སྨོན་གྱི་ཡུལ་དུ་གྱུར།

      དེ་ལྟར་ཀྲུང་གོ་གསར་པ་བཙུགས་རྗེས་དཔལ་སྤུངས་དགོན་པ་སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྲས་སུ་ཁྱབ་བསྒྲགས་གནང་ནས་གལ་ཆེའི་སྲུང་སྐྱོབ་བྱ་སའི་གནས་སུ་བརྩིས།སྔོན་མའི་བཀོད་དབྱིབས་གཞིར་བཟུང་སླར་གསོ་བྱས་དང་བྱེད་བཞིན་པའོ།།ཅེས་པ་འདི་ཀརྨ་རྒྱལ་མཚན་གྱིས་ཁོ་བོས་ལོ་ཤས་སྔོན་དུ་བསྒྲིགས་པའི་དཔལ་སྤུངས་གདན་རབས་ལ་གཞིར་བྱས།སླད་ཕྱིན་བསྒྲིག་གྲབས་ཡོད་པའི་ལོ་རྒྱུས་རྒྱུ་ཆས་ཟུར་བརྒྱན་ཏེ་འབྲི་བའི་སྐལ་བ་བཟང་པོ་བྱུང་ནའང༌།མ་སྦྱོང་སོ་སོའི་སྐྱེ་བོའི་བློ་དང་རྨོངས་པའི་དྲི་མ་དག་རྟག་ཏུ་ལྷན་དུ་འགྲོགས་པའི་ཕྱིར།འགལ་དང་འཁྲུལ་པ་ཇི་མཆིས་པ་མཁས་དབང་དཔྱོད་ལྡན་རྣམས་ཀྱིས་བཟོད་པ་མཛོད།སྤྱི་ལོ་ཉིས་སྟོང་བདུན་ལོའི་ཟླ་བ་དགུ་པར་སྡེ་དགེར་སྦྱར་རོ།།།།

 

 

39.7K

རྩོམ་ཡིག་སྔོན་མ།
༄༅། །དཔལ་སྤུངས་དགོན།
རྩོམ་ཡིག་རྗེས་མ།
འོ་མ་འཇོ་གླུ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1