གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

སྐལ་བཟང་རྒྱལ་གྱིས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༤ཚེས་༠༡ཉིན།

༄༅།། བྱིས་པས་ཤོག་སྦག་བཀད་དེ་མེ་སྐྱོན་བཟོས་ཚེ་སྐྱིན་ཚབ་འཇལ་དགོས་སམ།

གྱོད་དཔེ།
      ད་ལོའི་ལོ་སར་གྱི་སྐབས་སུ་བཀྲ་ཤིས་ཚང་གི་ལོ་བརྒྱད་ཅན་གྱི་བྱིས་པས་ཤོག་སྦག་བཀད་དེ་ཁྱིམ་མཚེས་ཨ་འབུམ་ཚང་གི་ཇ་ཁང་གྱན་གཅིག་མེར་ཤོར་དུ་བཅུག་ཅིང་སྒོར་ཁྲི་གཉིས་ཀྱི་གྱོང་གུད་བཟོས། ཨ་འབུམ་ཁྱིམ་མཚེས་བཀྲ་ཤིས་ཚང་ལ་སོང་སྟེ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་པ་ན། བཀྲ་ཤིས་ཀྱིས་བཤད་རྒྱུར། བྱིས་པ་ད་དུང་ཆུང་ལ་བསམ་གཟས་ནས་ཁྱོད་ཚང་གི་ཁང་བ་མེར་བཏང་བ་མིན་པར་མ་ཟད། ཁོ་ཚང་གི་ཁང་བ་གྱན་གཅིག་ཀྱང་མེར་ཤོར་སོང་། དེ་བས་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་མི་ཐུབ་ཟེར།
གཟུ་བཤད།

        བཀྲ་ཤིས་ཚང་གི་བྱིས་པས་ཤོག་སྦག་བཀད་དེ་ཁྱིམ་མཚེས་ཨ་འབུམ་ཚང་གི་ཇ་ཁང་མེར་ཤོར་དུ་བཅུག་པ་རེད། དམངས་དོན་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན། དམངས་དོན་གནོད་འཚེའི་སྐྱིན་ཚབ་ཀྱི་ཆ་རྐྱེན་ཡོངས་རྫོགས་འཛོམས་འདུག་པས་དམངས་དོན་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་འོས། རང་རྒྱལ《དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན133པའི་གཏན་ཁེལ་ལྟར་ན། “དམངས་དོན་བྱ་སྤྱོད་ནུས་པ་མེད་པའི་མི་དང་དམངས་དོན་བྱ་སྤྱོད་ནུས་པར་ཚད་བཀག་བྱས་པའི་མིས་མི་གཞན་ལ་གནོད་འཚེ་བཟོས་ན་དེའི་ལྟ་སྐྱོང་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས། གལ་ཏེ་ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་གི་འགན་འཁྲི་འཁུར་ཟིན་ན་འོས་འཚམ་གྱིས་ཁོའི་དམངས་དོན་འགན་འཁྲི་ཇེ་ཡང་དུ་བཏང་ཆོག” 《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན23པའི་གཏན་ཁེལ་ལྟར་ན། “ཕ་མར་ནར་མ་སོན་པའི་བྱིས་པར་སྲུང་སྐྱོང་དང་སློབ་གསོ་གཏོང་བའི་དབང་ཆ་དང་འོས་འགན་ཡོད། ནར་མ་སོན་པའི་བྱིས་པས་རྒྱལ་ཁབ་དང་ཐུན་མོང་། མི་གཞན་བཅས་ལ་གནོད་འཚེ་བཟོས་ན་ཕ་མར་དེའི་དམངས་དོན་འགན་འཁྲི་འཁུར་བའི་འོས་འགན་ཡོད།” བཀྲ་ཤིས་དོན་རྐྱེན་བསླངས་པའི་བྱིས་པའི་ཁྲིམས་བཀོད་ལྟ་སྐྱོང་མཁན་ཡིན་པའི་ཆ་ནས་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་འོས། ཁོས་རང་ཁྱིམ་ལའང་གྱོང་གུད་ཐེབས་པ་རྒྱུ་མཚན་བྱས་ནས་སྐྱིན་ཚབ་མི་སྟེར་བ་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཅི་ཡང་མེད། ཨ་འབུམ་གྱིས་བཀྲ་ཤིས་ལ་བཅའ་ཁྲིམས་རྒྱུན་ཤེས་དང་གནས་ལུགས་བཤད་དེ་འདུམ་སྒྲིག་བྱེད་ཐུབ་ཚེ་རབ་ཡིན་མོད། གལ་ཏེ་འདུམ་སྒྲིག་འབྲས་མེད་དུ་གྱུར་ན་ཨ་འབུམ་གྱིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ་བཀྲ་ཤིས་ཀྱིས་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་རེ་བ་བཏོན་ཆོག

(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་གྱི་འཕྲིན་སྟེགས་ལས་བཤུས། )

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1