གཙོ་ངོས།>> གནས་མཇལ།>>དགོན་སྡེ།

ཚེ་རིང་འགྱུར་མེད། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༢ཚེས་༢༡ཉིན།

༄༅།། མཐོ་སྒང་ན་འཚེར་བའི། །ཆོས་ལུགས་ཀྱི་བསྟི་གནས།།

        སངས་རྒྱས་ཆོས་ལུགས་ནི་གངས་ལྗོངས་རིག་གནས་ཀྱི་གྲུབ་ཆ་གལ་ཆེ་བ་ཞིག་ཏུ་གྱུར་ཡོད། ཁམས་སྡེ་དགེའི་ཡུལ་འདིར་སྡེ་དགེ་ས་སྐྱོང་རིམ་བྱོན་གྱིས་ཐབས་མཁས་པས་སྲིད་ཡང་དག་པར་བསྐྱངས་པའི་ཐུགས་རྗེའི་བདག་རྐྱེན་ལ་བརྟེན་ནས། འབངས་མི་མང་ཆེ་བ་ལྟོ་གོས་གནས་གསུམ་གྱི་དཀའ་ཚེགས་མེད་པའི་གུ་ཡངས་བག་ཕེབས་ཀྱི་འཚོ་བར་རོལ་རྒྱུའི་གོ་སྐབས་བཟང་པོ་ཐོབ་སྟེ། མི་ལོ་བརྒྱ་ཕྲག་དུ་མ་འདས་པའི་རིང་ཆོས་དང་རིག་གནས་དར་རྒྱས་ཆེ་བའི་གནས་མཆོག་ཅིག་ཏུ་གྲུབ་པས། སྡེ་བཞི་དགེ་བཅུས་ཕྱུག་པའི་བསོད་ནམས་འཁོར་བའི་ཞིང་ཁམས་ཀྱི་མཚན་སྙན་པོའི་བ་དན་གྱིས་འཇིག་རྟེན་ཡོངས་རྫོགས་གཡོགས་ཐུབ་ཙམ་བྱུང་།

ས་སྐྱ་པའི་དགོན་སྡེ་རྫོང་གསར་དགོན།

        སྡེ་དགེ་ས་སྐྱོང་གོང་འོག་གིས་དབུ་བླ་ཁག་ལྔ་རུ་གྲགས་པའི་གྲུབ་མཐའ་རིས་མེད་ཀྱི་བླ་ཆེན་དུ་མ་མཆོད་གནས་སུ་བཀུར་བ་དང་། སྤར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་བཞེངས་ནས་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་གསུང་རབ་ཚད་མར་གྱུར་པ་མང་པོ་སྤར་ཤིང་བརྐོས་པ་སོགས་ཀྱིས་འབངས་མི་སེར་སྐྱ་ཡོངས་ལ་བོད་ཁ་བ་ཅན་དུ་བཞུགས་པའི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཀུན་ལྟ་སྒོམ་སྤྱོད་འབྲས་ཀྱི་ཆ་ནས་གཞི་གཅིག་ཐོག་ཏུ་འབབས་པའི་གནས་ལུགས་ཡང་དག་པ་ངོ་སྤྲོད་དང་གོ་བསྐོན་གནང་བ་ལས། སྡེ་དགེའི་འབངས་མི་མང་ཆེ་བ་གྲུབ་མཐའི་ཕྱོགས་ཞེན་དེ་ཙམ་མི་ཆེ་བར་ཆགས་ཐུབ་པ་བྱུང་ཞིང་། སྡེ་དགེའི་མངའ་འོག་ན་བཞུགས་པའི་ས་སྐྱ། རྙིང་མ། བཀའ་བརྒྱུད། དགེ་ལུགས། གཡུང་དྲུང་བོན་བཅས་གྲུབ་མཐའ་ཁག་ལྔའི་དགོན་སྡེ་མཐའ་དག་གི་མཁས་ཤིང་གྲུབ་པ་བརྙེས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང་བདག་བསྟོད་གཞན་སྨོད་རྐྱང་པའི་ཚུལ་རོལ་འཇིག་རྟེན་ཆོས་བརྒྱད་ཀྱི་གྲུབ་མཐའི་ཁ་འཛིན་ཙམ་ལ་ཨ་འཐས་སུ་མི་ཞེན་པར་བསྒྲུབ་བརྒྱུད་ཁག་གི་ལྟ་བ་ལ་ལུང་རིགས་ཀྱིས་བྱི་དོར་གནང་བ་དང་། སྒོམ་པའི་ཉམས་རྟོགས་འབུལ་བ། གྲྭ་ས་སོ་སོར་འགྲིམ་ནས་རྩོད་པས་བརྡར་ཤ་གཅོད་པ་སོགས་མཛད་པ་རྨད་དུ་བྱུང་བ་ཤ་སྟག་སྤེལ་བའི་ལུགས་སྲོལ་བཟང་པོ་ཆགས་ཏེ་སྡེ་དགེ་ནི་ཆོས་བརྒྱུད་གྲུབ་མཐའ་སྣ་མང་འཚེ་མེད་ཞི་ཞིང་བདེ་བར་གནས་ཐུབ་པ་དང་། རིག་གནས་དང་ལྟ་བ་སྣ་མང་གུ་ཡངས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་ངེས་པ་དོན་གྱི་གངས་ལྗོངས་གཙུག་ལག་རྒྱ་མཚོའི་དགའ་ཚལ་ཆེན་མོར་གྱུར་ཡོད།
        གངས་ཅན་ས་ཡི་ཐིག་ལེ་སྡེ་དགེའི་ཡུལ་ཁམས་འདིར་ཉེ་བའི་དུས་རབས་ཀྱི་ནང་དུ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། མཆོག་གྱུར་བདེ་ཆེན་གླིང་པ་གསུམ་གྱིས་གངས་རིའི་ལྗོངས་འདིའི་བསྒྲུབ་བརྒྱུད་ཤིང་རྟ་ཆེན་མོ་བརྒྱད་རིས་མེད་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པའི་བཀའ་ལུང་བདུད་རྩིའི་བུམ་ཆུ་བོད་ཆེན་པོའི་ཞིང་ཁམས་ཡོངས་ལ་གཏོར་བ་དང་ལྷན། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དང་། ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པད་མ་རྣམ་རྒྱལ་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་དུ་མས་ཐུགས་བསྐྱེད་རྒྱ་ཆེན་པོའི་རམ་འདེགས་གནང་ནས་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཡོངས་རྫོགས་གང་ཟག་རྣམས་འཚང་རྒྱ་བའི་ལམ་ཡང་དག་པར་མི་རུང་བ་གཅིག་ཀྱང་མེད་པའི་ལྟ་དགོངས་ཟབ་མོ་གཏན་ལ་ཕབ་སྟེ། ལུགས་འདིའི་ཉིན་བྱེད་གསར་པའི་འོད་སྣང་གིས་སྡེ་དགེའི་མངའ་འོག་ལ་གྲུབ་མཐའ་རིས་སུ་བཅད་ནས་སེམས་ཅན་ལ་གནོད་ཅིང་འཚེ་བའི་ལམ་སྲོལ་ངན་པའི་ཆོས་སྤེལ་བ་དེ་ཉིན་མོའི་སྐར་མ་ལྟར་དཀོན་པོར་གྱུར་པ་མ་ཟད། བོད་ཆེན་པོའི་ཡུལ་གྲུ་ཀུན་ལའང་གྲུབ་མཐའི་ཤ་ཞེན་གྱི་རྩོད་པ་དང་འཁྲུགས་པ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བའི་དགེ་ཕྱོགས་ཀྱི་མཐུན་རྐྱེན་བཟང་པོར་བསྐྲུན་ཏེ་ཆོས་བརྒྱུད་གྲུབ་མཐའ་ཁག་གི་བསྟན་འགྲོ་ལ་ཕན་འདོད་ཀྱི་ལྷག་བསམ་དང་ལྡན་པའི་སྐྱེས་བུ་དམ་པ་ཡོངས་ནས་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་གཏོར་བ་དང་། དེའི་ལམ་སྲོལ་བཟང་པོ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཀྱི་ཁུར་ཆེན་ལྷུར་བཞེས་མཛད་མཁན་ཡང་གང་མང་བྱུང་ཡོད།       

རྙིང་མའི་གདན་ས་ཆེན་མོ་རྫོགས་ཆེན་དགོན།

        ད་ལྟ་སྡེ་དགེའི་མངའ་ཁོངས་སུ་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཡང་དག་པར་འཛིན་པའི་དགོན་སྡེ་ལྔ་བཅུ་ང་བདུན་ཡོད་པ་ལས། རྫ་སྟེང་ཆེན་དགོན་དང་སྨོན་རྒྱལ་དགོན་སོགས་ནི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་དགོན་སྡེ་ཡིན་ཞིང་། རྫོགས་ཆེན་དགོན་དང་ཞེ་ཆེན་དགོན་སོགས་ནི་གསང་སྔགས་སྔ་འགྱུར་བའི་གདན་ས་ཆེན་པོ་མཁས་གྲུབ་བྱེ་བའི་འབྱུང་གནས་སུ་གྱུར་ཡོད། རྫོང་གསར་དགོན་དང་དགོན་ཆེན་དགོན་སོགས་ནི་དཔལ་ལྡན་ས་སྐྱ་པའི་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་བསྟི་གནས་ཆེན་པོ་ཡིན། དཔལ་སྤུངས་དགོན་དང་ཚྭ་ཚ་དགོན་སོགས་ནི་རྒྱལ་བ་བཀའ་བརྒྱུད་པའི་བསྒྲུབ་བརྒྱུད་བསྟན་པ་དྲི་མ་མེད་པ་རྒྱུད་འཛིན་དང་དར་སྤེལ་གནང་བའི་གདན་ས་ཆེན་པོ་ཡིན། དགོན་གསར་དགོན་དང་ཉ་མགོ་དགོན་སོགས་ནི་འབྲོག་རི་བོ་དགའ་ལྡན་པའི་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་དོན་དུ་གཉེར་བའི་འདུ་གནས་རྨད་དུ་བྱུང་བ་ཡིན་ཏེ། དེ་བཞིན་དུ་སྡེ་དགེའི་མངའ་འོག་ན་ཡོད་པའི་ཤར་རྫ་དགེ་ཐང་བཤད་སྒྲུབ་པད་མ་རྒྱས་པའི་དགའ་ཚལ་ནི་གཡུང་དྲུང་བོན་གྱི་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་གྱི་ལམ་ནས་ཐོས་བསམ་སྒོམ་གསུམ་བྱེད་སའི་འཆད་ཉན་གྱི་སྡེ་ཆེན་པོར་གྱུར་ཡོད་ལ། རུ་དམ་རྫོགས་ཆེན་ཤྲཱི་སེང་ལྔ་རིག་ནང་བསྟན་སློབ་གླིང་ནི་སྔ་འགྱུར་རྙིང་མའི་གཞི་ལམ་འབྲས་བུའི་རྣམ་བཞག་ཀུན་གསལ་བར་བྱེད་པའི་གཞུང་ཆེན་རྣམས་འཆད་ཉན་བྱེད་སའི་ཆོས་གྲྭ་ཆེན་པོ་ཡིན། རྫོང་གསར་ཁམས་བྱེ་མ་ཐང་གི་བཤད་གྲྭ་ནི་དཔལ་ལྡན་ས་སྐྱ་པའི་ལུང་རིགས་རྒྱ་མཚོའི་བང་མཛོད་ཀྱི་གཞུང་ཆེན་པོ་རྣམས་འཆད་ཉན་བྱེད་སའི་བཤད་གྲྭ་ཆེན་པོ་ཡིན། ཤར་དཔལ་སྤུངས་གནས་ལྔ་རིག་པའི་ནང་བསྟན་སློབ་གླིང་ནི་རྒྱལ་བ་བཀའ་བརྒྱུད་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་ཟབ་མོའི་གཞུང་ཆེན་པོ་རྣམས་འཆད་ཉན་བྱེད་སའི་བཤད་གྲྭ་ཆེན་པོ་ཡིན། གཞན་ཡང་རི་བོ་དགའ་ལྡན་པའི་ལུགས་བཟང་སྐྱོང་བའི་དགོན་པ་ཁག་ལའང་འཆད་ཉན་གྱི་གྲྭ་ས་ཆུང་ངུ་རེ་ཡོད་མོད་དགེ་བཤེས་ཀྱི་མཚན་ཐོབ་གནང་བ་སོགས་གྲྭ་ས་ཆེན་པོར་ཆགས་ཐུབ་མེད། དེ་ལྟར་སྡེ་བཞི་དགེ་བཅུས་ཕྱུག་པའི་ས་ལ་གནས་པའི་ཞིང་ཁམས་སུ་ཆོས་བརྒྱུད་གྲུབ་མཐའ་ཡོངས་རྫོགས་ལྟ་བ་འགལ་མེད་གཞི་གཅིག་ཏུ་འབབ་པ་ཤེས། སྒོམ་པ་ཉམས་ལེན་གནད་གཅིག་ཏུ་གཞོལ་བ་རྟོགས། སྤྱོད་པ་འཚེ་མེད་རང་གཞན་ཀུན་ལ་ཕན་པ་ངེས། འབྲས་བུ་ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་དང་འཚང་རྒྱ་བ་གོ་ནས་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་གྲུབ་མཐའ་ཁག་ལྔ་ཡི་བསྟན་པ་འགལ་མེད་ཉི་མ་ཤར་བ་ལྟར་དར་བའི་གནས་མཆོག་ཏུ་གྱུར་ཏེ་གངས་རིའི་ལྗོངས་འདིའི་སངས་རྒྱས་བསྟན་པ་མཛེས་པར་བྱེད་པའི་རྒྱན་དུ་ཆགས་ཡོད་དོ། །

        2017ལོའི་《ཁ་བཏགས་དཀར་པོ།》དེབ་དང་པོ་ལས་བཤུས། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1