གཙོ་ངོས།>> གནས་མཇལ།>>དགོན་སྡེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༡ཚེས་༡༨ཉིན།

༄༅།།བཀྲ་ཤིས་ཆོས་གླིང་རི་ཁྲོད།

        གྲུབ་མཐའ། ཕྱིས་སུ་དགེ་ལུགས་པར་བསྒྱུར། འདེབས་མཁན། གནས་འདི་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཕྱག་བཏབ་ཟེར། ཆགས་ཡུལ་ལྷ་ས་གྲོང་ཁྱེད་ཉང་བྲན་ཕུ། ཕ་བོང་ཁའི་དབུ་སྟོད་དུ་གནས།
        ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་སུ་ཕ་བོང་ཁའི་བྲག་སྟེང་དུ་སྒྲུབ་ཁང་དགུ་ཐོག་བཞེངས་པ་དང་། རྒྱ་མོ་བཟའ་ཀོང་ཇོས་སྤོར་ཐང་བརྒྱད་ཅུ་སྐོར་ཏེ་ས་དཔྱད་བརྩིས་ནས་ལྷ་སའི་ཉེ་འཁོར་གྱི་རི་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་དགེ་མཚན་ཚང་ནས་ཉང་བྲན་འཕན་དཀར་གྱི་རི་ལ་དབུ་ལ་གདུགས་ཞེས་དང་། སྔར་བཀྲ་ཤིས་ཆོས་གླིང་གི་གནས་འདིར་གདུགས་ཡུ་དགོན་ཟེར་སྲོལ་ཡོད་པ་དང་། དེའི་ཉེ་འགྲམ་གྱི་རི་ལ་ཆོས་རྒྱལ་ཞལ་འབག་གི་དབུ་ལ་གདུགས་གསོལ་བ་འདྲ་བའི་གདུགས་ཀྱི་ཡུ་བ་ད་ལྟའི་བཀྲ་ཤིས་ཆོས་གླིང་གི་གནས་འདིར་འཁེལ་བས་གདུགས་ཡུ་དགོན་ཟེར་བའི་མིང་བྱུང་ཚུལ་དགེ་འདུན་བགྲེས་སོང་འགའི་ཞལ་རྒྱུན་ནས་ཐོས། གང་ལྟར་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་གནས་འདིར་དགོན་པ་ཞིག་ཆགས་ཚུལ་མ་ངེས་ཡང་གདུགས་ཡུ་ལྷ་ཁང་ངམ་སྒྲུབ་ཁང་ཞིག་ཆགས་ཡོད་པ་དོན་དང་ལྡན་པར་སེམས།
        དེ་ནས་སྤྱི་ལོའི་དུས་རབས་བཅོ་བརྒྱད་ནས་ལྷ་བཟང་ཧན་གྱིས་སྲིད་དབང་བཟུང་རིང་། སེ་ར་དགོན་པའི་ཚོགས་ཆེན་འདུ་ཁང་དང་སྔགས་པ་གྲྭ་ཚང་སོགས་པའི་སྐུ་གསུང་ཐུགས་རྟེན་གསར་བཞེངས་མཛད་རྒྱུའི་དམིགས་བསལ་མཐུན་རྐྱེན་འབུལ་བ་དང་སྦྲགས། གོང་གསལ་གདུགས་ཡུ་དགོན་ནམ་རི་ཁྲོད་དེ་བཞིན་སེ་ར་སྔགས་པ་གྲྭ་ཚང་ལ་བདག་ཐོབ་བསྩལ་ནས་བཀྲ་ཤིས་ཆོས་གླིང་ཟེར་བའི་མཚན་གསོལ།
        བཀྲ་ཤིས་ཆོས་གླིང་གི་འཚོ་རྟེན་མཆོད་གཞིས་ཕ་བོང་ཁའི་ཁོངས་སུ་གཏོགས་སྟབས་ལོ་ལྟར་གྲ་ཕྱི་གཞིས་ནས་དགེ་འདུན་ཚོའི་གསོལ་ཕོགས་རྩིས་སྤྲོད་ཞུ་དགོས་ཁར། སྤྱི་ལོ་1927ལོའི་ཡས་མས་སུ་སེ་ར་སྔགས་པ་གྲྭ་ཚང་གིས་བཀྲ་ཤིས་ཆོས་གླིང་སླར་ཡང་ཕ་བོང་ཁ་བླ་བྲང་ལ་ཕྱིར་འབུལ་ཞུས། དེ་ནས་བཟུང་ཕ་བོང་ཁ་ནས་གནས་ཀྱི་བླ་མ་ཕེབས་སྲོལ་བྱུང་སྟེ། སྐུ་ཕྲེང་དང་པོ་རྗེ་བཙུན་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ། གཉིས་པ་བླ་མ་བློ་བཟང་ཆོས་འཕེལ་བཅས་རིམ་པར་བྱོན་པ་ཡིན་ནོ།།
        བཀྲ་ཤིས་ཆོས་གླིང་གི་ནང་རྟེན་གཙོ་བོ། རྒྱལ་བ་བྱམས་པ་(མི་དབང་བྱམས་པ་ཡང་ཟེར)གནས་བརྟན་བཅུ་དྲུག་གི་སྐུ་བྱིན་ཅན་དང་། བདེ་མཆོག་གི་སྐུ་སོགས་བཞུགས།

《ལྷ་སའི་དགོན་ཐོ་རིན་ཆེན་སྤུངས་རྒྱན》ལས་བཏུས།
(གསལ་བཤད། རྩོམ་ཡིག་འདི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1