གཙོ་ངོས།>> གནས་མཇལ།>>རྒྱ་ནག་ཡུལ་གྱི་གནས་ཆེན།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༡ཚེས་༠༤ཉིན།

༄༅།། རིན་ཆེན་འོད་འཕྲོ་དགོན་པར་མཇལ་སྐོར་དུ་ཕྱིན་པ།

        གནམ་ཟླ་སྟོན་ཀ་སླེབས་བྱུང་། སྤོས་ལྡན་གྲོང་གི་གནམ་ཟླ་རིམ་བཞིན་བསིལ་བར་གྱུར་ཞིང་། མཁའ་དབུགས་ཁྲོད་ཀྱི་བརླན་བཤེར་དེ་ཡང་ཡལ་ནས་བསིལ་འཇམ་ཡི་གར་འོང་བ་ཞིག་ཏུ་ཆགས་འདུག སྔོན་ཆད་ཕ་ཡུལ་ན་ཡོད་དུས། ནམ་རྒྱུན་དགེ་རྒན་དག་དང་རྩོམ་མཁན་དག་ལན་བརྒྱར་སྟོན་རླུང་འཇམ་པོ་ཞེས་ཚིག་གིས་སྦྱོར་བ་བརྩམས། ལུས་ཀྱིས་ཚོར་མ་མྱོང་། ཕ་ཡུལ་གྱི་སྟོན་རླུང་གྲང་རེག་ཆེ་ལ་བརླན་བཤེར་བྲལ། གནས་འདི་ནས་ད་གཟོད་སྟོན་རླུང་འཇམ་པོ་ཟེར་བ་ཅི་ཡིན་ངང་གིས་ཚོར་ཡོང་།

        དགེ་བའི་ལས་བརྟན་ཞིང་དུས་གསུམ་གྱི་རྟོག་པའི་བསླུ་བའི་བོད་མི་རིགས་ལ་མཚོན་ན་ལོ་རེའི་ནང་གནས་སྐོར་དང་མཆོད་མཇལ་དུ་འགྲོ་རྒྱུ་ནི་རྒྱུན་ལྡན་ཞིག་ཡིན་ལ། སྔོན་ཆད་སྟོད་རྒྱ་གར་རྡོ་རྗེ་གདན། བར་དབུས་འགྱུར་ལྷ་ས། སྨད་རྒྱ་ནག་རི་བོ་རྩེ་ལྔ་ལ་སོགས་པའི་ཆོས་ཀྱི་གདན་སར་མཆོད་མཇལ་ཐེངས་རེ་ལོན་ན། སྔོན་སྨོན་ལས་དང་ཕྱི་མའི་བྲོ་རུ་འདོད་བཞིན་ཡོད། ད་ལྟ་འགྲིམ་འགྲུལ་དང་ཆ་འཕྲིན་དར་བའི་དུས་འདིར། བོད་ཁུལ་མང་ཚོགས་ཀྱི་ལྟ་རྒྱ་མཐོང་རྒྱ་ཇེ་ཆེར་སོང་ཞིང་། ལྷག་པར་སྤྱི་ཚོགས་འཚོ་བའི་ཆ་རྐྱེན་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མཆོད་མཇལ་འགྲོ་བ་ཡང་ཤིན་ཏུ་མང་། སྤོས་ལྡན་གྲོང་ལ་མཚོན་ན་བོད་ཁུལ་དང་ཐག་ཉེ་བའི་གྲོང་ཁྱེར་ཞིག་ཡིན་པར་མ་ཟད། གནས་འདིའི་མཐའ་སྐོར་དུ་ནང་ཆོས་ཀྱི་དགོན་སྡེ་ཤིན་ཏུ་མང་ལ། རྒྱལ་ཁབ་ཕྱི་ནང་གི་དད་ལྡན་ཡོངས་ཀྱི་ཡིད་སེམས་འགུག་པའི་གླང་ཆེན་འགྱིང་རི་དང་བྱམས་པ་ཆུ་གཟིགས། འཇམ་དབྱངས་དགོན་པ། དགྲ་བཅོམ་པ་ལྔ་བརྒྱ། སྤོས་ལྡན་དགོན། ལྕགས་སྐུ་དགོན་སོགས་ཤིན་ཏུ་མང་ངོ་། །

 

        དེ་རིང་ཕ་ཡུལ་ནས་ཡོང་བའི་ཆོས་མཇལ་བ་འགའི་རེ་འདོད་ལྟར་ཁྲེན་ཏུའུ་གྲོང་ཁྱེར་ནས་ནངས་ཇ་སྟབས་བདེ་ཞིག་འཐུང་རྗེས་ལམ་ལ་ཆས། དེ་རིང་གི་གནམ་གཤིས་ནམ་རྒྱུན་དང་འདྲ་བར་སྨུག་རླངས་འཁྲུག་འདུག འདི་ནི་ང་ལ་མཚོན་ན་ཆེས་རྒྱུན་ལྡན་གྱི་གནམ་གཤིས་ཤིག་ཡིན་མོད། འོན་ཀྱང་ཁོ་ཚོར་མཚོན་ན་དེ་འདྲའི་དགའ་ཚོར་མེད་པ་འདྲ། ཁྲེན་ཏུའུ་གྲོང་ཁྱེར་ལྷོ་སྒོ་གསར་པ་ནས་འགྲིལ་སྐྱེལ་རླངས་འཁོར་དུ་བསྡད་ནས་ཆུ་ཚོད་གཅིག་དང་ཕྱེད་ཙམ་སོང་རྗེས་ཞིན་ཏུའུ་(新都)གྲོང་ཁྱེར་དུ་སླེབས་ཤིང་། གྲོང་ཁྱེར་འདི་ཁྲེན་ཏུའུ་གྲོང་ཁྱེར་དང་བསྡུར་ན་ལྟོས་བཅས་ཀྱི་ལྷིང་འཇགས་སུ་ཆགས་གནས། འགྲིལ་སྐྱེལ་འབབ་ཚུགས་ནས་མདུན་ཕྱོགས་སུ་སྤྱི་ལེ་གཅིག་ཙམ་སོང་རྗེས། རིན་ཆེན་འོད་འཕྲོ་དགོན་པར་ཐོན་བྱུང་། འདི་ནི་དེ་རིང་ང་ཚོ་ཆུ་ཚོད་གཅིག་ལྷག་འགྲུལ་བཞུད་བརྒྱུད་ནས་ཕེབས་པའི་དམིགས་འབེན་ས་ཚིགས་ཡིན་ལ། བོད་པ་ཚོའི་ཁ་རྒྱུན་དུ་གྲགས་པའི་དགྲ་བཅོམ་པ་ལྔ་བརྒྱ་ཡོད་སའི་དགོན་པ་རེད།

        ཞིན་ཏུའུ་གྲོང་ཁྱེར་ནི་ཧྲུའུ་རྒྱལ་ཁབ་ཀྱི་དུས་ནས་བཟུང་གྲོང་ཁྱེར་ཆེན་པོ་ཞིག་ཏུ་ཆགས་ཡོད་ལ། ཧྲུའུ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་བཞི་ཡི་ཡ་གྱལ་དུ་འབོད། དེ་བས་ས་ཁུལ་འདིར་དགོན་པ་ཆགས་ཡང་ཆེས་སྔ་ཤོས་སུ་བརྩི། རིན་ཆེན་འོད་འཕྲོ་དགོན་པ་འདི་གྲོང་ཁྱེར་གྱི་འདུ་འཛིའི་ཁྲོད་དུ་གནས་ན་ཡང་མཐའ་སྐོར་གྱི་ཁོར་ར་ཁོར་ཡུག་ཟང་ཟིང་གིས་མ་དཀྲོགས་པར་ལྷིང་འཇགས་སུ་ཆགས་འདུག དགོན་པའི་སྒོ་ཆེན་གྱི་མདུན་དུ་ཆུ་རྫིང་སོགས་ཀྱིས་བརྒྱན་པའི་སྤྲོ་གསེང་ཐང་ཆེན་ཞིག་ཡོད་ལ། ཐང་ཆེན་དུ་བུད་པ་ཙམ་གྱི་དགོན་པའི་སྒོ་ཆེན་འགྲམ་རྒྱུད་ཀྱི་ལྕགས་རི་དམར་པོ་མིག་ལམ་དུ་འཚེར། སྒོ་ཆེན་ལོགས་སུ་ཡོད་པའི་སྒེའུ་ཁུང་ཆུང་ཆུང་དེ་ལས་སྤ་སེ་ཉོས་རྗེས་དངོས་སུ་མཇལ་སྐོར་བྱེད་འགོ་བརྩམས། མདུན་སྒོ་བརྒྱུད་ནས་ནང་དུ་སོང་བ་ན་ལྷིང་འཇགས་ཀྱི་ཡུལ་འདི་ན་སྤོས་དང་བདུག་སྤོས་ཀྱི་དྲི་ངད་ལྡང་ཞིང་སྐད་ཅིག་མར་སེམས་ལ་དགའ་བདེའི་ཚོར་སྣང་ཞིག་སྦྱིན་བྱུང་།

        དགོན་པ་འདིར་མཚོན་ན་ལྷོ་ནུབ་ས་ཁུལ་གྱི་ལོ་རྒྱུས་ཆེས་རིང་བའི་དགོན་ཆེན་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་བྱེད་བཞིན་ཡོད་ལ། ཧན་རྒྱལ་རབས་ཤར་མའི་དུས་སུ་བཞེངས་བཞེད། འོན་ཀྱང་དེ་མཐུན་གྱི་ལོ་རྒྱུས་ཡིག་ཚགས་སུ་གསལ་པོ་མི་འདུག་ལ། སའེ་རྒྱལ་རབས་ཀྱི་དུས་སུ་དགོན་པའི་མཚན་ལ་རྡོ་ཆེན་དགོན་(大石寺)དུ་འབོད་ཅིང་། སའེ་རྒྱལ་རབས་ཀྱི་ཧྲུའུ་རྒྱལ་ཕྲན་གྱི་རྒྱལ་པོ་ཡཱང་ཞུའུ་ཡི་གནས་འདི་ནས་ས་བརྐོས་པས་རྡོ་ཆེན་ཁྱད་དུ་འཕགས་པ་ཞིག་བྱུར་བར། སྒོམ་ཆེན་པ་ལ་ལྟས་བཟང་པོ་ཅི་འདྲ་ཡིན་པར་ཞུས་ཤིང་། སྒོམ་ཆེན་གྱི་བཀའ་ལྟར་རྡོ་ཆེན་སྟེང་ནས་མཆོད་རྟེན་དགུ་བརྩེགས་ཤིག་བསྐྲུན། ལོ་རེའི་ནང་ཆར་ཞོད་དང་ཐན་པ་བྱུང་དུས་དཔོན་དམངས་ཡོངས་ཀྱི་མཆོད་རྟེན་མདུན་ནས་མཆོད་པ་བགྱིས་ཤིང་གསོལ་འདེབས་མཛད་པས་ཀུན་གྱི་བློ་ཡིད་ཚིམ་པ་བྱུང་། དེ་བས་མཆོད་རྟེན་གྱི་མཚན་ལ་ཡང་གཡང་ཆགས་མཆོད་རྟེན་ཞེས་འབོད།
        རྗེས་སུ་ཐང་རྒྱལ་རབས་ཀྱི་གླིང་ལོག་ཆེན་པོ་ཧོང་ཁྲོ་གྱེན་ལོག་གི་དུས་སྤྱི་ལོ་880ལོར། གྱེན་ལོག་དམག་གིས་ཐང་གི་རྒྱལ་ས་ཁྲང་ཨན་བཅོམས་ཤིང་གོང་མ་ཐང་ཞི་ཙུང་འཁོར་དང་བཅས་པ་ཁྲེན་ཏུའུ་ས་ཆར་བྲོས་བྱོལ་བྱས། བྲོས་བྱོལ་གྱི་སྐབས་སུ་དགོན་པ་འདི་ནས་བཞུགས་ཤིང་། གོང་མའི་དབུ་བླ་ཤེར་ཕྱིན་ལ་བཀའ་བཏང་ནས་དགོན་པ་རྒྱ་བསྐྱེད་དང་ཞིག་གསོ་བྱེད་དུ་བཅུག མཚན་མོ་ཞིག་ལ་གོང་མ་ཐང་ཞི་ཙུང་དགོན་པའི་ལོགས་སུ་འཆམ་འཆམ་ལ་ཕེབས་དུས་གཡང་ཆགས་མཆོད་རྟེན་གྱི་སྟེང་ནས་རིན་ཆེན་འོད་ཟེར་འཕྲོས་པ་མཐོང་། དུས་དེ་ནས་བཟུང་གཡང་ཆགས་མཆོད་རྟེན་ལའང་རིན་ཆེན་འོད་ཀྱི་མཆོད་རྟེན་དང་དགོན་པ་འདིར་ཡང་རིན་ཆེན་འོད་འཕྲོ་དགོན་ཆེན་ཞེས་སུ་མཚན་གསོལ། ཐང་རྒྱལ་རབས་ཀྱི་རྒྱལ་རབས་རིམ་བྱོན་ཀུན་གྱིས་དགོན་པར་མཆོད་གཞིས་ལེགས་པར་བྱས་ཤིང་དགོན་པ་དར་བའི་རྩེར་སོན། སུང་རྒྱལ་རབས་ཀྱི་དུས་མཇུག་ཡོན་རྒྱལ་རབས་ཀྱི་དུས་མགོར་དམག་འཁྲུག་གི་དབང་གིས་དགོན་པར་གཏོར་ཞིག་ཚབས་ཆེན་ཐེབས་ཤིང་། རྗེས་སུ་ས་ཁུལ་དེའི་སྦྱིན་བདག་འགས་ཞིག་གསོ་ཐེངས་མང་བྱས་མོད། མིང་གི་དུས་སུ་མེ་ཡི་ཆག་འཇིག་བྱུང་ནས་སྲེག་ཟའི་ཕུང་བོར་གྱུར། ལོ་ངོ་མང་པོའི་རིང་དགོན་མིང་དང་མཆོད་རྟེན་ཞིག་རོ་ཙམ་ལས་འཕེལ་རྒྱས་ཆེན་པོ་བྱུང་མ་ཐུབ། ཆིང་རྒྱལ་རབས་ཀྱི་ཁང་ཞིས་སྐབས་(སྤྱི་ལོ་1670)སུ་དགོན་པའི་ཆོས་ར་སླར་གསོ་བྱས་ཤིང་ལོ་ངོ་ཉིས་བརྒྱ་ལྷག་གི་རྗེས་སུ། འཇམ་དབྱངས་དགོན་དང་སྤོས་ལྡན་དགོན། རྩྭ་ཁང་དགོན་བཅས་ཡུལ་འདིའི་སྒོམ་ལུགས་ཀྱི་དགོན་ཆེན་བཞི་རུ་གྱུར།

        དགོན་པ་འདིར་ངོ་མཚར་ཁྱད་དུ་འཕགས་ཤིང་མི་རིགས་བཟོ་སྐྲུན་དང་སའི་གོ་ལའི་འགུག་ཤུགས་དང་འགལ་བའི་ཤར་ཕྱོགས་གསེག་གཟུགས་མཆོད་རྟེན་ཡོད་ལ་མཆོད་རྟེན་གྱི་ཞབས་ལས་རྩེ་སྦོམ་ཞིང་། ཐོག་བརྩེགས་བཅུ་གསུམ་ལས་བརྩེགས་དྲུག་པ་ནས་བཟུང་ནུབ་ཕྱོགས་སུ་གསེག་འདུག ངག་རྒྱུན་དུ་གནས་འདིར་ས་ཡོམ་གྱི་འཇིག་པ་བྱུང་ནས་མཆོད་རྟེན་འགྱེལ་ལ་ཉེ་དུས། ཉེ་འཁོར་གྱི་དད་ལྡན་དག་གིས་རང་ཉིད་ཀྱི་སྲོག་ལ་མ་འཛེམ་པར་མཆོད་རྟེན་མྱུར་སྐྱོབ་ཏུ་ཕེབས་ཤིང་། དད་པའི་སྟོབས་དེས་སངས་རྒྱས་སེམས་འགུལ་ཐེབས་ནས་སྟོབས་པོ་ཆེ་བཞིའི་སྤྲུལ་པ་མཆོད་རྟེན་གྱི་ཕྱོགས་བཞི་ནས་བསྐྱོར་བ་བགྱིས། གཅིག་གིས་ཤེད་ཤུགས་བཀོལ་ཚད་ཆེ་བས་ནུབ་ཕྱོགས་སུ་གསེག་པར་གྱིས་སོ་ཞེས་པའི་ངོ་མཚར་གཏམ་རྒྱུད་འདུག

        ཚོགས་ཆེན་འདུ་ཁང་དང་། རིན་ཆེན་འོད་འཕྲོ་མཆོད་རྟེན། རིང་བསྲེལ་མཆོད་རྟེན་སོགས་རིམ་བཞིན་མཇལ་དུས། ངའི་ཉེ་འཁོར་གྱི་མཇལ་བ་དག་གིས་དགྲ་བཅོམ་པ་ལྔ་བརྒྱར་ད་རུང་མཇལ་མི་ཐུབ་དམ་ཞེས་དྲིས་བྱུང་། དགྲ་བཅོམ་པ་ལྔ་བརྒྱའི་ལྷ་ཁང་དེ་གཡས་ཟུར་དུ་གནས་ལ། དགྲ་བཅོམ་པའི་ལྷ་ཁང་འདིའི་ལོ་རྒྱུས་ནི། ཆིང་རྒྱལ་རབས་ཀྱི་གོང་མ་ཤན་ཧྥུན་གྱི་དུས་སྤྱི་ལོ་1851ལོར་བཟོ་བསྐྲུན་བྱས་ཤིང་ལྷ་ཁང་གི་ནང་གི་བཀོད་པ་རྒྱ་ཡིག་田གྱི་རྣམ་པར་གནས། དཀྱིལ་དབུས་སུ་མཐོ་ཚད་ལ་སྨི་6ཅན་གྱི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དབུ་28དང་ཕྱག་56སྤྱན་160ཅན་ཞིག་བཞུགས་ཡོད་ལ། ཉེ་འཁོར་དུ་དགྲ་བཅོམ་པ་ལྔ་བརྒྱ་དང་འཕགས་པ། བྱང་ཆུབ་སེམས་དཔའ། སྟོན་པ་སོགས་ལྷ་སྐུ་བཅུ་བདུན་བཅས་བསྡོམས་པས་ལྷ་སྐུ་578ཡོད། དེའི་ཁྲོད་དུ་གོང་མ་ཆན་ལུང་དང་གོང་མ་ཁང་ཞིས་གཉིས་ཀྱི་སྐུ་ཡང་བཞུགས་ཡོད་ལ། དེའི་རྒྱུ་མཚན་གང་ཡིན་ཞེ་ན། ཆིང་རྒྱལ་རབས་ཀྱི་དུས་སུ་ན་རིན་ཆེན་འོད་འཕྲོ་དགོན་པ་འདི་མཆོད་གཞིས་དང་དགོན་པའི་འཛུགས་སྐྲུན་སོགས་ཞིག་རལ་དུ་གྱུར་བས། སྒོམ་ཆེན་རབ་གསལ་གྱིས་དམ་བཅས་ནས་དགོན་པ་ཞིག་གསོའི་མ་དངུལ་སློང་མ་ཐུབ་ཚེ་ཤི་ཡང་ཕྱིར་མི་ལོག་ཅེས་པེ་ཅིན་དུ་ཆས། པེ་ཅིན་ནས་ནམ་རྒྱུན་དངུལ་རྡོག་རེ་རེ་རེག་རྗེས་དངུལ་ཁང་དུ་བཅོལ་བར་འགྲོ་བཞིན་ཡོད། ཉིན་ཞིག་ཚོང་པ་ཆེན་པོ་ཞིག་དང་འཕྲད་ནས་རྒྱུ་མཚན་གང་འདྲ་ཡིན་པ་ཤར་མར་བཤད་དུས། ཚོང་པས་ཁོར་དངུལ་སྲང་སྟོང་གསུམ་གྱི་ཤོག་དངུལ་སྤྲད་དེ་དགོན་པ་བསྐྱར་འཛུགས་བྱེད་པར་མངགས། མ་གཞི་ཚོང་པ་དེ་གོང་མ་ཆན་ལུང་ཡིན་པས་དགོན་པ་འདིར་བཀའ་དྲིན་རབ་ཏུ་ཆེ་བར་འདོད། གོང་མ་ཁང་ཞི་ཁྲི་ལ་བཞུགས་པའི་ལོ་ངོ་རེ་གཅིག་གི་ཁྲོད་དུ་ནང་ཆོས་ལ་བཀུར་ཞིང་བསྟན་པ་སྤྱི་ལ་བཀའ་དྲིན་ཆེ་བས་སྐུ་བཞེངས་གསོལ་བ་རེད།

        ལྷ་སྐུ་སོ་སོའི་རྣམ་འགྱུར་མི་འདྲ་ཞིང་། ཚོན་མདངས་བྱུགས་པ་དང་གཟུགས་བྱད་སོགས་ཕྱོགས་གང་ཅིའི་ཐད་ནས་འཆར་ཡན་པ་ལྟ་བུའི་འཇིམ་བཟོའི་སྒྱུ་རྩལ་གྱིས་ཕྱུག་ལ། བཟོ་ལྟ་དང་རྣམ་འགྱུར་ཕྱོགས་གང་ནས་གཞན་ལས་ཁྱད་ཆོས་ལྡན།
        ཀྲུང་ཧྭ་མིན་གོའི་དུས་སུ་དགོན་པའི་ཆོས་ཁྲིམས་དང་བཅའ་ཁྲིམས། སྒོམ་ལུགས་བཅས་གདན་ས་བཞིའི་རྩེར་སོན་ཏེ་གླང་ཆེན་འགྱིང་རིའི་གྲྭ་པ་ཕལ་ཆེ་བ་རིན་ཆེན་འོད་འཕྲོ་དགོན་པ་ནས་རབ་བྱུང་བསྒྲུབས་ཅིང་། གླང་ཆེན་འགྱིང་རི་དང་ཡང་འབྲེལ་བ་ཟབ་མོ་ཡོད་དོ། ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་1956ལོར་དགོན་པ་འདི་སི་ཁྲོན་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་བཞག་ཅིང་། ལྷག་པར་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་རྒྱལ་ནང་གི་དགོན་པ་གང་མང་བསྟན་འགྲོ་ཡོངས་ཀྱི་ཆག་འཇིག་ལས་ཐར་ཐབས་མེད་པར་གཏོར་ཞིག་དང་རྩ་མེད་དུ་བཏང་མོད། རིན་ཆེན་འོད་འཕྲོ་དགོན་པའི་ལྷ་ཁང་དང་གཙུག་ལག་ཁང་། ཐང་ག་རི་མོ་སོགས་ཀྱི་རིག་དངོས་རྩ་ཆེན་དག་ལ་གནོད་པ་ཅི་ཡང་མ་ཐེབས་པར་སྔར་གནས་སོར་བཞག་ཏུ་གནས། དེ་བས་དགོན་པ་དང་མཆོད་རྟེན་གཉིས་སུ་ཡོད་པའི་ཆེས་གནའ་རབས་ཀྱི་དགོན་ཉམས་ཡོད་ལ། སྲུང་སྐྱོབ་དང་རྒྱུད་འཛིན་བྱས་པ་ཆེས་ལེགས་པའི་དགོན་པ་ཞིག་ཏུ་བརྩི་བཞིན་ཡོད་ལ། དད་ལྡན་མཇལ་བ་ཞིག་ལ་མཚོན་ན་ཡང་དད་པའི་བློ་ཡིད་འཁོར་ས་ཞིག་ཏུ་ཆགས་འདུག

        འདི་ལྟར་གཡས་སྐོར་བྱས་ནས་ལྷ་ཁང་རེ་རེ་དང་ཁྱམས་ར་རེ་རེ་བརྒྱུད་དེ་མཇལ་སྐོར་བྱས་ཚར་སོང་། མཇལ་བ་དག་གི་གདོང་ནས་ཡིད་ཚིམ་ཞིང་དད་པ་སྐྱེས་པའི་རྣམ་འགྱུར་གྱིས་ཁེངས་འདུག་ལ། སྤྲིན་ལ་ཡིབ་པའི་ཉི་མ་ཡང་རིམ་བཞིན་མངོན་ནས་མིག་ལམ་གསལ་བར་བྱས། །       
        2016ལོའི་《ཁ་བཏགས་དཀར་པོ།》དེབ་6པ་ལས་བཤུས། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1