གཙོ་ངོས།>> ཞིབ་འཇུག>>སྟག་ངར་གཡག་ངར།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༡༢ཚེས་༢༩ཉིན།

༄༅།། བོད་ལ་དངོས་གནས་རྩིས་རིག་ཡོད།

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
        ཉེ་ཆར་རྗེ་རིན་པོ་ཆེའི་དགའ་ལྡན་ལྔ་མཆོད་ཀྱི་དུས་ཚོད་ལས་འཕྲོས་ནས་རང་འདོད་ཀྱི་བླུན་གཏམ་མང་པོ་ཞིག་སྤེལ་བའི་ཁྲོད་དུ།【བོད་ལ་རྩིས་ཡོད་དམ།】ཞེས་པའི་འཕྲིན་ཕྲན་ཞིག་མཐོང་བྱུང་།
        “འདི་ནི་རང་གི་ཨ་ཕ་སུ་ཡིན་མི་ཤེས་པའི་བྱི་ཕྲུག་ཅིག་གིས། ཨ་མ་ལགས། ང་ལ་ཨ་ཕ་ཡོད་དམ་ཞེས་འདྲི་བ་དང་རྣམ་པ་ཀུན་ཏུ་མཚུངས་སོ། །”
        བྱི་ཕྲུག་རང་གི་ཕ་ངོ་མ་ཤེས་པ་རེད་མ་གཏོགས་ཕ་ཡོད་པ་གཏན་འཁེལ་རེད། དེ་བཞིན་དུ་བོད་ལ་རྩིས་ཡོད་པ་རང་གིས་མ་ཤེས་པ་རེད་མ་གཏོགས་གནའ་བོའི་ཞང་ཞུང་གི་དུས་ནས་བྱུང་བའི་བོན་གྱི་སྐར་རྩིས་དང་། འབྱུང་རྩིས་པུ་སྟི་མང་པོ་ཞིག་ཕོ་བྲང་པོ་ཏ་ལའི་དཔེ་མཛོད་ཁང་དུ་ད་ལྟའང་བཞུགས་ཡོད་པ་དཔེར་ན།《རིན་པོ་ཆེ་སྣང་གི་མེ་ལོང་།》 དང་། 《ཚངས་པ་ལྷའི་ཡོ་བཅོས་རྒྱས་པ།》《ཕོ་ལྷ་འབྲོས་བསྙགས།》《གཏོ་རྒྱུད་ཡོ་བཅོས།》ལ་སོགས་པ་འདི་དག་རེད།
        མདོར་བསྡུས་ན། རྒྱ་དཀར་ནག་གཉིས་ཀྱིས་རྩིས་སྲོལ་བོད་དུ་མ་དར་བའི་སྔོན་ནས་ལོ་ངོ་སྟོང་ཕྲག་གསུམ་ལྷག་གི་གོང་དུ་བོད་མི་རྣམས་ཀྱིས་སོ་ནམ་ལས་ཀ་བྱས་པ་ལ་བརྟེན་ནས་བྱུང་བའི་སྐར་རྩིས་དང་། འབྱུང་རྩིས་བྱུང་ཡོད་པ་ནི་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་པའི་དུས་སྐབས་ཡས་མས་ཙམ་ན་ཞང་ཞུང་རྒན་པོའི་ངག་རྩིས་དང་། སའི་ལེགས་དྲུག་སྐབས་ཙམ་ནས་བྱུང་བའི་རྒན་མོ་བལ་མའི་ཟླ་རྩིས། དེའི་རྗེས་ཙམ་ནས་བྱུང་བའི་གཡའ་བཟང་གི་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུང་དེབ་སོགས་བོད་མི་རང་གི་རྩིས་དང་། སྤྱི་ལོའི་གོང་གི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གོང་ནས་བོད་ལ་ཡི་གེ་མ་དར་བའི་དུས་སུ་རི་མོ་ཁོ་ན་ལ་བརྟེན་པའི་སྐར་རྩིས་ཀྱི་ལོ་ཐོ་བཟོས་ཡོད་པའི་སྲོལ་དེ་དག་དུས་ཕྱིས་བར་བོད་ཀྱི་ཁམས་ཕྱོགས་ཀྱི་མཐའ་ཁུལ་རྣམས་སུ་ལག་ལེན་མ་ཉམས་པར་གནས་ཡོད་པ་རེད། 
        གཞན་ཡང་བོན་གྱི་སྟོན་པ་གཤེན་རབ་འཁྲུངས་ལོ་ཤིང་ཕོ་བྱི་བའི་སྟག་ཟླའི་ཚེས་བཅོ་ལྔ་ཡིན་པ་དང་། བློན་པོ་ལོ་ངམ་དང་རྒྱལ་པོ་གྲི་གུམ་བཙན་པོ་གཉིས་འཐབ་པའི་སྐབས་སུ། བློན་ལོ་ངམ་གྱིས་སྐར་མ་ས་རི་དང་ས་ག་ལ་གཏུགས་ནས་འཐབ་པའི་ལོ་རྒྱུས་དེ་དག་ཁྱོད་ཀྱིས་མ་མཐོང་ངམ།
        གལ་ཏེ་གྲུབ་མཐའི་ཕྱོགས་ཞེན་གྱིས་བོན་གྱི་ཡིག་ཚང་དེ་དག་ཁས་མི་ལེན་ཞེ་ན། འོ་ན་ཁྱེད་ཀྱིས་རི་བོ་དགེ་ལྡན་པའི་མཁས་པ་ཆེན་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱོགས་བསྒྲིགས་གནང་བའི་བཻ་དཀར་ལ་གཟིགས་དང་། སངས་རྒྱས་ཤཱཀྱ་ཐུབ་པ་མ་བྱོན་པའི་གོང་གི་ལོ་ངོ་ཉིས་སྟོང་ཙམ་གྱི་སྐབས་སུ་བོད་ལ་འབྱུང་རྩིས་གསུང་མཁན་དྲང་སྲོང་ཡོད་པོ་དང་། ས་བདག་རླུང་རྒྱལ་ཟེར་བ་སོགས་བྱུང་ཡོད་པ་གསལ་པོར་གསུངས་འདུག
        གཞན་ཡང་། རྗེ་རིན་པོ་ཆེ་ཨ་མདོར་འཁྲུངས་ཤིང་། རབ་བྱུང་བདུན་པའི་ས་ཕག་ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ཉིན་བོད་ཡུལ་དབུས་ཀྱི་གདན་ས་རི་བོ་དགའ་ལྡན་དུ་སྐུ་གཤེགས་པ་ནས་བཟུང་རྗེས་འཇུག་ཞལ་སློབ་རྣམས་ཀྱི་ལོ་ལྟར་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་བླ་མ་རྗེས་དྲན་གྱི་ཆེད་དུ་དགའ་ལྡན་ལྔ་མཆོད་ཞེས་པའི་ཚོགས་བསགས་ཀྱི་མཛད་སྒོ་སྤེལ་སྲོལ་བྱུང་བ་དེ་ད་ལྟའི་བར་རྒྱུན་མ་ཆད་པར་གནས་ཡོད། འོན་ཀྱང་ཉེ་བའི་དུས་རབས་རྣམས་སུ་མདོ་སྨད་ཕྱོགས་ནས་མི་རིགས་ཀྱི་རིག་གནས་རྒྱ་འགྱུར་ཕྱིན་པའི་དབང་གིས་སྐུ་འབུམ་ལ་སོགས་མདོ་སྨད་དགོན་སྡེ་ཁག་གཅིག་གིས་རྒྱ་ལུགས་ཞིང་རྩིས་ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་ལྔ་མཆོད་འབུལ་སྲོལ་བྱུང་སྟབས། བོད་འདིར་ལོ་གཅིག་ལ་རྗེ་རིན་པོ་ཆེའི་འདས་མཆོད་ཐེངས་གཉིས་གཏོང་སྲོལ་ཆགས་པ་རེད།
        དེ་ལ་རི་བོ་དགེ་ལྡན་པའི་དགེ་བཤེས་ཆེན་མོ་མཁས་དབང་སྒོ་ཤེས་རབ་རྒྱ་མཚོ་མཆོག་གིས་བོད་ལ་བོད་རྩིས་གཅིག་གྱུར་གྱི་སྒོ་ནས་དུས་ཆེན་དང་། འདས་མཆོད་རྣམས་ཀྱང་གཅིག་གྱུར་དགོས་པའི་བཀའ་གསུང་གནང་བ་ལ། རང་འདོད་གཡག་གི་རྭ་གོག་ལྟར་གྱོང་བ།  མཐོང་རྒྱ་ཁྲོན་པའི་སྦལ་པ་ལྟར་དོག་པ་ཁ་ཅིག་གིས་དེ་ལ། བོད་ཀྱི་ཡུལ་འདིར་ས་གཤིས་མཐོ་དམན་མི་འདྲ་བའི་དབང་གིས་རྩིས་ཀྱི་རིག་གནས་གཅིག་གྱུར་ཡོང་མི་སྲིད་པ། མདོ་སྨད་དུ་བེད་སྤྱོད་པའི་རྒྱ་རྩིས་ཆེན་མོ་ནི་ཡོ་རོབ་ནས་བྱུང་བའི་ནུབ་ཕྱོགས་ཀྱི་ཚན་རིག་གི་རྩིས་ཡིན་པ་སོགས་རྩིས་རིག་གི་རྒྱུན་ཤེས་ཙམ་ཡང་ཀློག་མ་མྱོང་བའི་བླུན་པོའི་ཧམ་གཏམ་མང་པོ་ཞིག་བཤད་འདུག་པ་ནི་ངོ་ཚ་འོས་པའི་གཏམ་མོ། །སྤྱིར་བླུན་པོ་མཁས་པར་བརྫུས་པའི་ཀླད་སྐྱོན་ཅན་འདི་དག་ལ་ལན་སྨྲ་བ་ནི་རང་ཉིད་ངལ་བའི་རྒྱུ་ལས་མ་མཆིས་ཀྱང་། བོད་བསོད་ནམས་དམན་པས་ཕྱི་རབས་གཞོན་ནུ་འགའ་ཞིག་ལྟ་ངན་འདི་དག་གི་རྗེས་སུ་འབྲངས་སྲིད་པས། མི་རིགས་ཀྱི་རིག་གནས་གོད་ཆག་ལས་སྐྱོབ་པའི་ཆེད་དུ་དེ་ལ་གསལ་བཤད་འགའ་ཞིག་ཞུ་བར།
    བོད་ཀྱི་ས་གཤིས་མཐོ་དམན་མི་འདྲ་བའི་དབང་གིས་ལོ་ཐོ་གཅིག་གྱུར་མི་ཡོང་ཟེར་བ་ནི་སྨྱོན་པའི་གཏམ་དུ་ཟད་དེ། དེ་ལྟར་ན་བོད་ཡུལ་འདིར་འཛམ་གླིང་ལ་མི་སྲིད་པའི་ལུང་པ་རེའི་ནང་ལ་རྩིས་རིག་མི་འདྲ་བ་རེ་ཡོད་དགོས་ངེས་པས་ཁྱོད་ཀྱི་ལུགས་ལྟར་ན་ཟི་ལིང་གྲོང་གི་ཤར་ནུབ་གཉིས་ལའང་ལོ་ཐོ་མི་འདྲ་བ་རེ་ཡོད་དགོས་པ་ཐལ་ལོ། །འཛམ་གླིང་སྤྱི་ལུགས་ནི་དེ་ལས་ལྡོག་པ་སྟེ་དཔེར་ན། ཨ་རི་དང་། ཡོ་རོབ་གླིང་དུ་དགུན་ཁའི་དུས་སུ། ཨོ་སི་ཊོ་ལི་ཡ་དང་།  ནིའུ་རྫི་ལོན་ཌི་སོགས་ཀྱི་ཡུལ་དུ་དབྱར་ཀ་ཡིན་ཡང་ཡེ་ཤུ་ལྷ་བབས་དུས་ཆེན་དང་། ལོ་སར་ཚང་མ་གཅིག་གྱུར་ཆགས་ཡོད།
        སྤྱིར་མི་རིགས་དང་རིག་གནས་རིགས་འགྱུར་(民族与文化同化)ཡོང་ཁུངས་གཙོ་བོ་རྒྱ་བོད་འདྲེས་མའི་མཐའ་ཁུལ་ནས་ཡོང་བ་ཆོས་ཉིད་ཅིག་རེད། དེས་ནས་དེང་དུས་མི་རིགས་རིགས་འགྱུར་གྱི་བོད་གྲོང་ན། བོད་གཟུགས་རྒྱ་ཀླད་ཅན་དུ་གྱུར་པའི་གཞོན་ནུ་འགའ་ཞིག དགོན་པའི་ནང་དུ་ཞུགས་ཀྱང་གྲྭ་མགོ་མ་ཐོན།   སློབ་གྲྭ་ནས་ཐོན་ཀྱང་ལས་ཀ་མ་རྙེད་པའི་མི་ཁག་གཅིག་སྤྱི་ཚོགས་ཐོག་འཆལ། ཁོ་ཚོ་ཆུང་ངུའི་དུས་ནས་རྒྱ་གྲོང་དུ་འཚར་ལོངས་བྱུང་བས་རང་ལུགས་སྲོལ་རྒྱུན་རིག་གནས་ཕུགས་ཆོད་པ་ཞིག་མ་ཤེས། སློབ་གྲྭ་ལ་སློབ་སྦྱོང་ཡག་པོ་མ་བྱས་པས་དེང་རབས་ཚན་རིག་རིག་གནས་ཀྱང་གོ་ཆོད་པ་ཞིག་མ་ཤེས། དེས་ན་གང་སྣང་དགྲ་རུ་འཆར་ནས་སྤྱི་ཚོགས་ལ་འཁང་ར་དང་། མཁས་པའི་ལེགས་བཤད་ལ་ངོ་རྒོལ་བྱེད་ཅིང་རང་ཉིད་ལ་མིང་གྲགས་ཅུང་ཟད་དོན་དུ་གཉེར་མཁན་ཁག་གཅིག་ཡོད་པ་འདི་དག་གིས་བཤད་པའི་གཏམ་ནི་བ་གླང་གི་རྡང་གྲལ་དུ་བཏང་སྙོམས་སུ་འཇོག་འོས་པ་ཞིག་རེད། །
        དེང་དུས་མི་རིགས་ཀྱི་ལ་རྒྱ་དང་། བོད་སྐད་གཅིག་གྱུར། འདྲེས་སྐད་ལ་ངོ་རྒོལ་བཅས་ཀྱི་ཁ་འབོད་ཤུགས་ཆེན་པོ་བྱེད་ཅིང་། དོན་དངོས་རང་ཉིད་རིགས་འགྱུར་(同化)ཕྱིན་པའི་བསམ་བློ་དེས་བོད་ཁམས་ཡོངས་ལ་ཁྱབ་པར་བྱ་རྒྱུའི་བྱ་སྤྱོད་ཁོ་ན་སྤེལ་བ་འདི་ཚང་མས་དོགས་ཟོན་བྱ་འོས་པ་ཞིག་ཏུ་མཐོང་།
        བོད་ཀྱི་བླ་མས་བོད་ཀྱི་རྩིས་རིག་རྒྱ་ལུགས་སུ་བསྒྱུར་བའི་ལས་ཀ་འདི་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་ནས་མདོ་ཁམས་སྨད་ཀྱི་ཕྱོགས་ནས་བྱུང་ཡོད།
        དེང་གི་དུས་སུ་བོད་ཀྱི་བླ་མ་འགའ་ཡིས་རྒྱ་ལུགས་ཧོ་ཧྲང་ (和尚)གིས་ཤ་མི་བཟའ་བའི་ཆོས་ལུགས་དེ་བོད་ཀྱི་འབྲོག་ཁུལ་དུ་དར་ཁྱབ་གཏོང་བ་འདི་ཡང་བོད་ཆོས་རྒྱ་ལུགས་སུ་བསྒྱུར་བའི་མཛད་ཕྲིན་མདོ་ཁམས་སྟོད་སྨད་ནས་མགོ་བཙུགས་ཏེ་དར་བཞིན་ཡོད་པ་འདིས་ཀྱང་རིག་གནས་རིགས་འགྱུར་གྱི་སྣང་ཚུལ་དེ་ཡུལ་གྱི་གྲོང་མཐའ་ནས་ཡོང་ཞིང་ཡོད་པ་ཤེས་ཐུབ།
        ཨུ་ཚུགས་ཀྱིས་རྒྱ་ལུགས་ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ལ་དགའ་ལྡན་ལྔ་མཆོད་གཏོང་བ་འདི་ནི། དཔེར་ན། མི་ཚང་གཅིག་ལ་ད་ལོ་བོད་ཟླ་དང་པོའི་ཚེས་གཅིག་ལ་ཕྲུ་གུ་ཞིག་སྐྱེས་པ་དེ།  སང་ལོར་བོད་ཟླ་དང་། རྒྱ་ཟླ། དབྱིན་ཟླ་གསུམ་དུས་གཅིག་ཏུ་མི་འཁེལ་བས། ཁྱིམ་དེའི་སྤུན་ཟླ་རྣམས་རང་རང་གང་དུ་གནས་པའི་ཡུལ་དེའི་ལུགས་ཀྱི་ཟླ་བ་དང་པོའི་ཚེས་གཅིག་ལ་ཕྲུ་གུའི་སྐྱེས་སྐར་གཏོང་སྟབས། ལོ་གཅིག་ལ་མི་གཅིག་གི་སྐྱེས་སྐར་ཐེངས་གསུམ་གཏོང་དགོས་པ་བྱུང་བ་བཞིན་ནོ། །
        འཛམ་གླིང་མི་རིགས་ཐམས་ཅད་ལ་རང་རང་གི་སྲོལ་རྒྱུན་གྱི་དུས་ཆེན་འདི་དག་ནི། མི་རིགས་རིག་གནས་ཀྱི་བླ་སྲོག་ལྟ་བུ་ཞིག་ཆགས་ཡོད་སྟབས། ཚང་མས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་ཅིང་ཡོད་པ་ནི་མཐོང་བ་མངོན་གྱུར་གྱི་ལས་སོ། །དེས་ན་ཁ་ནས་བོད་ཀྱི་རིག་གནས་འབོད་ཅིང་། དོན་དུ་བོད་ཀྱི་རིག་གནས་གཏོར་བཤིག་གཏོང་བའི་བྱ་སྤྱོད་འདི་ལ་མདོ་དབུས་ཁམས་གསུམ་གྱི་རྒན་གཞོན་ཡོངས་དང་། མཁས་པ། བླ་སྤྲུལ་ཐམས་ཅད་ཀྱིས་ཐུགས་བསམ་ལེགས་པོ་ཞིག་གཏོང་འོས་སོ། །
རིགས་འགྱུར་ཕྱིན་པའི་གྲོང་མཐའ་ན། །
རང་ལུགས་རྩིས་གཞུང་རྙེད་དཀའ་ཡང་། །
བོད་ཡུལ་དབུས་ཀྱི་དཔེ་མཛོད་ན། །
བོད་ཀྱི་རྩིས་གཞུང་རི་ལྟར་སྤུངས། །
 
གྲུབ་མཐའི་གདོན་གྱིས་མྱོས་པ་ཡི། །
སེར་གོས་གྱོན་པའི་དུག་སྦྲུལ་འགས། །
རང་འདོད་དུག་གི་མཆེ་བ་ཡིས། །
རང་ལུགས་མེས་པོའི་སྲོག་རྩ་གཅོད། །

བོད་ཀྱི་ཤ་རུས་རྒྱ་ཀླད་ཅན། །
ཀྲུང་ཧྭ་སྤྱི་ལ་གལ་ཆེ་ཡང་། །
སྐུ་ཚེ་གཅིག་ལ་འདས་ཐེངས་གཉིས། །
ཙོང་ཁ་པ་ལ་འོས་སམ་ཅི། །
 
གནས་ཡུལ་ཐ་དད་ལྷོ་བྱང་མཐའ། །
དུས་བཞི་ཐ་དད་དབྱར་དགུན་གཉིས། །
རིག་གནས་གཅིག་པའི་མི་རིགས་རྣམས། །
ཡེ་ཤུ་འཁྲུངས་སྐར་ཉིན་གཅིག་འདོད། །
 
རང་རིགས་ཉམས་པའི་གྲོང་མཐའ་དེར། །
རང་འདོད་ཆེ་བའི་རྒྱ་མ་བོད། །
རང་གཞན་དབྱེ་བ་མི་འབྱེད་པས། །
རང་ལུགས་ཟླ་ཚེས་ཇི་ལྟར་རྟོགས། །
 
དགོན་དུ་ཞུགས་ཀྱང་སྡོམ་པ་ཤོར། །
སློབ་གྲྭ་ཐོན་ཀྱང་ལས་ཀ་མེད། །
དེས་ན་ཀུན་ལ་འཁང་ར་ཅན། །
མདོ་སྨད་ཡུལ་ན་འགའ་ཞིག་མཐོང་། །
 
རིག་གཞུང་བོད་ཡུལ་དབུས་དང་བསྟུན། །
འཚོ་ཐབས་རང་རང་ལུགས་ལྟར་གཅེས། །
ལྟ་བ་ཚན་རིག་རྗེས་སུ་འབྲངས། །
གངས་ལྗོངས་དར་བའི་རྟེན་འབྲེལ་ཡིན། །
     ཞེས་པ་བོད་ཀྱི་རིག་གཞུང་གཏོར་བརླག་གཏོང་མཁན་གྱི་མི་འགའ་ཞིག་གིས་འཁྲུལ་རྟོག་ལ་ཡིད་སྐྱོ་བའི་རྐྱེན་གྱིས། རང་གི་རིགས་དང་རིག་གཞུང་ལ་ཞེན་པ་ཅུང་ཟད་ཡོད་པའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། བོད་ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན་ཏེ་རྗེ་ཙོང་ཁ་པའི་དགའ་ལྡན་ལྔ་མཆོད་ཚེས་ལ་ཉེ་བའི་སྐབས་སུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1