གཙོ་ངོས།>> གནས་མཇལ།>>དགོན་སྡེ།

དཀོན་མཆོག་ཐོས་བསམ། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༡༡ཚེས་༡༠ཉིན།

༄༅།། མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་།

        མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ཐོག་མར་ཕྱག་བཏབ་པའི་དུས་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་འབྲུག་སྤྱི་ལོ་1760ལོར། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་རྗེ་ཕུར་ལྕོག་ངག་དབང་བྱམས་པ་གཉིས་ཀྱི་དངོས་སློབ། ལུང་དང་རྟོགས་པའི་བདག་ཉིད་ཆེན་པོ་སོག་བཀའ་བཅུ་པ་༧རྗེ་བཙུན་བློ་བཟང་ཆོས་དར་དཔལ་བཟང་པོ་མཆོག་གིས། གནས་མཆོག་རྫ་རྒྱལ་འཕན་པོའི་གཡས་ཕྱོགས་སུ་རྒྱབ་རི་གནས་བདག་འཁོར་ལོའི་གདོང་དང་མཆོག་རྒྱན་རི་བཀྲ་ཕྱུག་མོ་སོགས་རྒྱབ་རི་གཅིག་ལས་གཅིག་མཐོ་ཞིང་། མདུན་དུ་རྩྭ་ཐང་ནོར་བུའི་ཐང་ཆེན་རིན་ཆེན་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་རྣམ་པར་བཀྲ་བ་རང་ཆས་སུ་མངའ་བ། མི་ནོར་ཟས་གསུམ་ལ་ཕྱྭ་གཡང་འདོད་དགུའི་དངོས་གྲུབ་ཡིད་བཞིན་དུ་འབྱུང་བའི་ས་ཆ་དེར། འགྲོ་བ་ལྷ་མི་ཡོངས་ཀྱི་རླབས་ཆེན་བསོད་ནམས་བསགས་པའི་ཞིང་ས་དམ་པ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་འདི་ཉིད་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ཞིག་ལ་ཕྱག་བཏབས།
དང་པོ། དགོན་པའི་སྒྲིག་ལམ་དང་བཤད་སྒྲུབ་ཀྱི་བསྟན་པ་ཇི་ལྟར་དར་ཚུལ།
        ༧སྐྱབས་མགོན་རྒྱལ་བའི་དབང་པོ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་གི་བཀའ་ལུང་གིས་བསྔགས་པ་སྨན་ཤུལ་ཨེར་ཏི་ནི་མེར་ཀེན་མཁན་པོ་ཆེ་བ་ལིག་ཐུ་ཞེས་གྲགས་པ། ༧རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་མདོ་ཁམས་བསྟན་པའི་འབྱུང་གནས་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་གདན་རབས་དང་པོའི་ཐུགས་འགན་བཞེས་པ་དང་། ༧སྐྱབས་རྗེ་ཁྲི་བ་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་གི་སྐུ་ཕྲེང་ལྔ་པ། ༧རྗེ་བཀའ་བཅུ་བ་བློ་བཟང་ཆོས་དར་རྣམ་པ་གཉིས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་པར་མ་ཟད་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་། ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས། དེའི་སྐབས་ཀྱི་དགའ་ལྡན་ཁྲི་བ་རིན་པོ་ཆེ་སོགས་དམ་པ་མང་པོའི་བཀས་སྐུལ་དང་དུ་བླངས་ཏེ་དགོན་པ་འདིའི་སྒྲིག་ལམ་ཀུན་སྤྱོད་དང་། བཤད་སྒྲུབ་ཀྱི་འཆད་ཉན་སོགས་སྒོ་གང་ཐད་ནས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་སྒྲིག་ལམ་ཇི་ལྟ་བ་བཞིན་བཙུགས་པར་མཛད།

        དེང་གི་ཆར་དགོན་པ་འདི་ལ་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་དང་། གསང་སྔགས་རྒྱུད་པ་གྲྭ་ཚང་། མཐོ་རིམ་ནང་བསྟན་སློབ་གླིང་། གསོ་རིག་འགྲོ་ཕན་གྲྭ་ཚང་སྟེ་གྲྭ་ཚང་བཞི་ཡོད། ཐོས་བསམ་གླིང་གྲྭ་ཚང་གི་ཡིག་ཆ་དང་རྩོད་པའི་འགྲོ་ཕྱོགས། བློ་འཛིན་རྒྱུགས་འབུལ་དང་འཆད་ཉན་བྱེད་ཕྱོགས་ཐམས་ཅད་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྒྲིག་ལམ་གཅིག་མཚུངས་དང་། གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཆོ་ག་ཕྱག་ལེན་དང་ཐིག་རྡུལ་མཚོན་གར་ཐིག་དབྱངས་རོལ་སོགས་རྒྱུད་སྡེ་ཁག་ལ་འཆད་ཉན་དང་འཛིན་སྐྱོང་བྱེད་ཕྱོགས་ཐམས་ཅད་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལྟར་ཡིན། མཐོ་རིམ་ནང་བསྟན་སློབ་གླིང་ལ་ད་ལམ་གྲྭ་བ་དཔེ་ཆ་བ་ཉིས་སྟོང་ལྷག་དང་། གདན་ས་ཆེན་པོ་ལྟར་ཀ་པོད་ལྔ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་ཡོད། གསོ་རིག་འགྲོ་ཕན་གྲྭ་ཚང་གིས་གསོ་རིག་རྒྱུད་བཞིའི་འཆད་ཉན་དང་། བོད་ཀྱི་ཐུན་མོང་རིག་གནས། རྒྱ་ཡིག་གི་སྡེ་ཚན་བཅས་ལ་སློབ་སྦྱོང་བྱེད་བཞིན་ཡོད།

མདོ་ཁམས་རྫ་སེར་ཤུལ་དགོན་གྱི་དགེ་བཤེས་དམ་བཅའ་ཆེན་མོ།

གཉིས་པ། དགོན་འདིར་དགེ་བཤེས་གཏོང་ཆོག་པའི་ཆོག་མཆན་ཐོབ་ཚུལ།མདོ་ཁམས་རྫ་སེར་ཤུལ་དགོན་གྱི་དགེ་བཤེས་དམ་བཅའ་ཆེན་མོ།མདོ་ཁམས་རྫ་སེར་ཤུལ་དགོན་གྱི་དགེ་བཤེས་དམ་བཅའ་ཆེན་མོ།
        མེ་ཕོ་བྱི་བ་སྟེ་སྤྱི་ལོ་1936ཧོར་ཟླ་10པའི་ཚེས་13ཉིན། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་དགུ་བ་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་དགོན་པ་འདིར་ཆིབས་ཁ་བསྒྱུར་ནས། དགོན་པ་འདིའི་མདོ་སྔགས་གཉིས་ཀའི་ཕྱོགས་ལ་འཛིན་སྐྱོང་ཇི་ལྟར་བྱེད་ཕྱོགས་ཀྱི་སྐོར་ལ་གཟིགས་ཞིབ་དང་རྒྱུགས་ལེན་ལེགས་པར་མཛད་མཐར། ཀུན་གཟིགས་༧པཎ་ཆེན་མཁྱེན་པ་མཆོག་ཐུགས་དགྱེས་པ་ཆེན་པོས་བསྟོད་བསྔགས་ཇི་ལྟར་གནང་བའི་ཚུལ་ནི། དམ་པ་མཆོག་ཉིད་ཀྱིས་དགོན་པ་འདིར་གནང་བའི་བཅའ་ཡིག་ལས། རྫ་སྟོད་སེར་ཤུལ་ཁུལ་གྱི་དགོན་ཁག་གི་གཙོ་བོ་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆོས་སྡེ་ཐེག་ཆེན་དར་རྒྱས་གླིང་འདི་ཉིད་དུ། སྔ་སོར་ནས་དགེ་འདུན་གྱི་སྡེ་རྣམས་སྡོམ་བརྩོན་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བས་ཉིན་མཚན་འཁོར་ཡུག་ཏུ་དུས་འདའ་བའི་མཁས་གྲུབ་གཉིས་ལྡན་གྱི་དམ་པ་མང་དུ་བྱུང་བ་སོགས་བོད་ལྗོངས་གདན་ས་རྣམས་དང་། ཁྱད་པར་མ་མཆིས་པ་ལྟ་བུ་ཁུལ་འདིའི་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་མཆོག་བླ་ན་མ་མཆིས་པ་མཆོག་དམན་ཚང་མས་བསྙེན་བཀུར་ཕྱག་འོས་ཀྱི་གནས་སུ་གྱུར་ཀྱང་། ངོས་ནས་ཀྱང་གོམ་པའི་འདེགས་འཇོག་གནས་འདིར་བཀོད་ནས་མདོ་སྔགས་ཀྱི་ཟབ་ཆོས་དུ་མའི་འབྲེལ་བས་བསྐྱངས་ཤིང་ཏིང་ངེ་འཛིན་གྱི་སྲུང་འཁོར་དུ་བཅུག་ཟིན་གསུངས་པ་སོགས། བསྟོད་བསྔགས་དང་བཅས་དགེ་བཤེས་ཀྱི་མིང་རྟགས་དགོན་པ་རང་ནས་གཏོང་ཆོག་རྒྱུའི་བཀའ་ལུང་དགྱེས་བཞིན་བསྩལ་གནང་མཛད་པ་དང་། ཐོག་མར་མགོན་པོ་མཆོག་ཉིད་ཀྱིས་དགེ་བཤེས་རབ་འབྱམས་པ་ལྔ་ལ་མཚན་གསོལ་གནང་བ་ནི། དཀར་བོའི་བློ་བཟང་ཚེ་བརྟན། བློ་བཟང་འགྱུར་མེད། ངག་དབང་ཐོགས་མེད། འཕྲིན་ལས་ཚུལ་ཁྲིམས། བློ་བཟང་བཀྲ་ཤིས་རྣམས་སྐོ་བཞག་མཛད་པ་སོགས་བཀའ་དྲིན་གྱི་ཁུར་ཆེན་པོས་བསྐྱངས་པར་མཛད། དེང་གི་དུས་སུ་ཡང་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་ཀྱི་མིང་རྟགས་གཏོང་བ་སོགས་སྔར་གྱི་མཛད་སྒོ་རྣམས་ཇི་ལྟ་བ་བཞིན་མ་ཉམས་པར་གནས་སོ། །
གསུམ་པ། ནང་རྟེན་རྙིང་པའི་སྐོར་དང་ད་ལྟའི་གནས་བབ།
        དུས་ཀྱི་འཕོ་འགྱུར་མ་བྱུང་བའི་སྔོན་དུ། སེར་ཤུལ་དགོན་པ་འདིར་གྲྭ་པའི་ཞལ་གྲངས་ཆིག་སྟོང་ལྷག་དང་། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་མང་པོ་བཞུགས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་བཟང་པོའི་འོག་ཆོས་སྒོ་ཐོག་མར་ཕྱེ་སྐབས་སྔར་གྱི་གཙུག་ལག་ཁང་དང་ཁམས་ཚན་སོགས་གསར་བཞེངས་དང་ཉམས་གསོ་བྱེད་འགོ་ཚུགས། དེ་སྐབས་ཀྱི་རྟེན་རྙིང་ལག་སོན་བྱུང་བ་གཙོ་བོ་ཁག་གི་བཞུགས་ཡུལ་སྨན་ཤུལ་རིན་པོ་ཆེ་མཆོག་གིས་གསར་བཞེངས་ལེགས་མཛད་ཀྱིས་གསེར་གདུང་ཁང་ཆེན་མོ་གསར་བསྐྲུན་གནང་། གསེར་གདུང་ཁང་དེའི་རྟེན་གཙོ་བོ་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོ་བློ་བཟང་བསྟན་འཛིན་ལགས་ཀྱིས་དུས་ངན་གྱི་ཁྲོད་ཉར་ཐུབ་པ་བྱུང་པའི་ཁམས་གསུམ་འགྲོ་བའི་བླ་མ་རྗེ་རྒྱལ་བ་ཙོང་ཁ་བ་ཆེན་པོའི་ཚེམས་རིན་པོ་ཆེ་རིང་བསྲེལ་གྱིས་ཕྱུར་བུར་བལྟམས་པ་དེ་ནང་བཞུགས་ཀྱི་གཙོ་བོར་མཛད་པའི་གསེར་གདུང་མཆོད་བརྟེན་དང་། རྒྱུ་ཙན་དན་ལས་གྲུབ་པའི་འཕགས་ཡུལ་དཔལ་ནཱ་ལེནྡྲའི་གཎྜི་ཤེར་ཕྱིན་གྱི་གཟུངས་སྔགས་ཟབ་མོའི་རང་སྒྲ་སྒྲོགས་པ་ཅན་དང་། མཁས་གྲུབ་རྗེས་ཕྱག་བཟོ་གནང་བའི་དམ་ཅན་ཆོས་རྒྱལ་གྱི་སྐུ་བརྙན། རྒྱལ་མཆོག་བདུན་པ་ཆེན་པོ་བསྐལ་བཟང་རྒྱ་མཚོ་མཆོག་གིས་བསྩལ་གནང་མཛད་པའི་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་བརྙན་སོགས་རྟེན་རྙིང་མང་དུ་མཆིས། གཞན་ཡང་རྒྱ་བོད་ཀྱི་པཎ་གྲུབ་རྣམས་ཀྱི་གསུང་རབ་པོ་ཏི་གྲངས་ལས་འདས་པ་དང་བཅས་སྐུ་གསུང་ཐུགས་གསུམ་གྱི་རྟེན་གཙོ་ཁྱད་པར་ཅན་མང་དུ་བཞུགས་ཡོད།
བཞི་པ། དགོན་འདི་ལ་རྒྱལ་ཁབ་ཀྱིས་མཐོང་ཆེན་ཇི་ལྟར་བྱས་ཚུལ།
       1981ལོར་སེར་ཤུལ་རྫོང་གི་མངའ་ཁོངས་སུ་རིས་མེད་དགོན་ཁག་མང་དུ་ཡོད་པའི་ནང་ནས་དགོན་པ་འདི་ཐོག་མར་ཆོས་སྒོ་ཕྱེས་པར་མ་ཟད་ཞིང་ཆེན་དང་ཁུལ་རྫོང་རིམ་པ་བཅས་ནས་མཐུན་རྐྱེན་དང་རྒྱབ་སྐྱོར་ཚད་མེད་གནང་།
དེང་གི་ཆར་གྲྭ་ཚང་བཞི་དང་ཁང་ཚན་དྲུག་ལས་གྲུབ་པའི་དགོན་སྡེ་འདི་ནི་སྐྱབས་རྗེ་ཁྲི་བ་རིན་པོ་ཆེ་སོགས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་དང་། ལས་ཀྱི་སྣེ་མོར་གཏོགས་པ་ཡོངས་དང་དགེ་འདུན་འདུས་པ་རྒྱ་མཚོའི་སྐུ་གསུང་ཐུགས་གསུམ་གྱི་སྦྱོར་བ་དུང་ལྟར་དཀར་བའི་རྟེན་འབྱུང་ལྷུན་གྱིས་གྲུབ་པའི་ངང་སྒོ་ཀུན་ནས་ཐུགས་མཐུན་ཁྲིམས་གཙང་གི་ངོས་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་མཐའ་དག་ཡར་ངོའི་ཟླ་ལྟར་འཕེལ་བཞིན་མཆིས། །
བསྟན་འཛིན་ཞབས་བརྟན་ཐུགས་མཐུན་དགེ་འདུན་རྣམས། །
བསྟན་པ་འཁོར་ལོ་གསུམ་གྱིས་སྐྱོང་བ་དང་། །
བསྟན་ལ་དད་པའི་སྐྱེ་བུ་ས་སྟེང་ཁྱབ། །
རིས་མེད་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །
འཇིག་རྟེན་ཀུན་ཏུ་དམག་འཁྲུག་མུ་གེ་དང་། །
གདུག་རྩུབ་བསམ་སྦྱོར་མིང་ཡང་མི་གྲགས་ཤིང་། །
ཡིད་ཅན་བྱམས་ལྡན་སྣོད་བཅུད་དགེ་མཚན་འཕེལ། །
བདེ་དགའ་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །
2016ལོའི་ཁ་བཏགས་དཀར་པོའི་དེབ་3པ་ལས་བཤུས། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1