གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༡༠ཚེས་༡༧ཉིན།

༄༅།། བུད་མེད་ཀྱི་གྲང་བ་དཀར་པོར་ཁྱད་ཆོས་ཅི་ཡོད་དམ།

        

        གྲང་བ་དཀར་པོ་ལ་ཁམས་དཀར་ཡང་ཟེར། དེ་ནི་ཁམས་དཀར་པོའི་སྙིགས་མ་དང་མངལ་ཁའི་ཟགས་རྫས་སོགས་གསང་ལམ་ནས་དུས་མིན་ངེས་མེད་དུ་བཞུར་བའི་འབྱར་བག་ཅན་གྱི་གཤེར་ཁུ་དཀར་པོ་ལ་ཟེར་ཞིང་། དེ་ཉིད་བསམ་སེའུ་ཡི་བྱེད་ལས་ད་དུང་འཐུང་ཚང་བྱུང་མེད་པ་དང་། བུད་མེད་རྒན་པ་ལ་བསམ་སེའུ་ཡི་བྱེད་ལས་ཉམས་པས་དེ་དག་ལ་སྤྱིར་བཏང་གྲང་བ་དཀར་པོ་མེད། རོ་ཙའི་སྟོབས་ཀུན་ནས་རྫོགས་པའི་བུད་མེད་ཀྱི་གྲང་བ་དཀར་པོའི་མདོག་དཀར་ལ་དྭངས་ཤིང་དྲི་མ་མེད་པ་དང་། གསང་དོར་གྱི་ངོས་ལ་འབྱར་བ་དེ་སྐམ་ཚེ་ཅུང་ཟད་སེར་ཤས་ལྡན་ལ་སྲ་མོར་འགྱུར་ངེས། གྲང་བ་དཀར་པོ་ལ་གསང་ལམ་དང་མཚན་ཁར་རླན་ཕབ་པའི་ནུས་པ་ལྡན།

        རྒྱུ་རྐྱེན་གང་དག་ལས་གྲང་བ་དཀར་པོ་ཇེ་མང་དུ་འགྲོ་ངེས་སམ་ཞེ་ན།
        སྤྱིར་དུས་བཅད་ལྟར་ཟླ་བ་རེར་ཁམས་དམར་ཕུད་སྐབས་དང་། ཟླ་མཚན་འབབ་པའི་སྔ་རོལ། ཡང་ན་མངལ་སྦྲུམ་པའི་སྐབས་བཅས་ལ་གྲང་བ་དཀར་པོ་ཇེ་མང་དང་ཇེ་སླར་འགྲོ་ངེས། དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པ་ལས་ནད་འགྱུར་གྱི་གྲས་མིན་པས་ཐུགས་ཁྲལ་བྱེད་མི་དགོས། སྐབས་དེ་རྣམས་མ་ཡིན་པའི་དུས་གཞན་དུ་གྲང་བ་དཀར་པོ་མངོན་གསལ་དུ་ཇེ་མང་དུ་འགྲོ་བ་དང་མདོག་ལའང་འགྱུར་བ་བྱུང་ན་རྒྱུན་ལྡན་མ་ཡིན་ཞིང་། དེའི་རྒྱུ་རྐྱེན་གཤམ་གསལ་ལྟར།
1.སྐྱེ་འཕེལ་དབང་པོར་གཉན་ཚད་རྒྱས་ན་གྲང་བ་དཀར་པོ་ཇེ་མང་དུ་འགྲོ་ངེས་ཏེ། དཔེར་ན་གསང་ལམ་དང་མངལ་ཁ། བུ་སྣོད་ནང་སྐྱི། ཁམས་འདྲེན་སྦུ་གུ། ཚང་ཁོག་བཅས་ལ་གཉན་ཚད་རྒྱས་ན་གྲང་བ་དཀར་པོ་ཇེ་མང་དུ་འགྲོ། སྤྱིར་བཏང་གྲང་བ་དཀར་པོ་ཇེ་མང་དུ་འགྲོ་བ་ནི་བུད་མེད་ཀྱི་སྐྱེ་འཕེལ་དབང་བོར་གཉན་ཚད་རྒྱས་པའི་རྟགས་གཙོ་བོ་ཞིག་ཡིན།
2.ཚང་ཁོག་ཏུ་འབྲས་དང་སྐྲན་ཡོད་ན་གྲང་བ་དཀར་པོ་ཇེ་མང་དུ་འགྲོ་ངེས། དཔེར་ན་བསམ་སེའུ་ཡི་འབྲས་ནད་དང་མངལ་སྐྲན་ལྟ་བུ།
3.གསང་ལམ་དང་བུ་སྣོད་ཀྱི་ནང་དུ་དངོས་པོ་གཞན་ཡོད་པ་དང་། སེམས་འཚབ་པ། གཉིད་ཡལ་བ། ངལ་དུབ་ཐལ་དྲགས་པ། ལུས་ཁམས་མི་བདེ་བ་བཅས་ལས་གྲང་བ་དཀར་པོ་གནས་སྐབས་ཇེ་མང་དུ་འགྲོ་ངེས། 
        གལ་ཏེ་གྲང་བ་དཀར་པོ་ཇེ་མང་དུ་སོང་བའི་ཁར་དྲི་ངན་པ་བྲོ་ཞིང་མདོག་ལ་ཡང་འགྱུར་བ་བྱུང་ན་ངེས་པར་སྨན་པ་བསྟེན་དགོས། བུད་མེད་ལ་ལས་གྲང་བ་དཀར་པོ་ཇེ་མང་དུ་སོང་ན་རང་འདོད་ཀྱིས་སྨན་ཞིག་ཉོས་ནས་བསྟེན་པ་མང་དུ་མཐོང་། དེ་ལྟར་བྱས་ན་སྐབས་འགར་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་མ་ཟད་གནོད་འཚེ་གཞན་དག་ཀྱང་འབྱུང་ངེས་པས། ནད་རྒྱུ་མི་ཤེས་པར་སྨན་སྦྱོར་བབ་ཅོལ་དུ་བསྟེན་མི་རུང་། །
     «བུད་མེད་ཀྱི་བདེ་ཐང་སྐོར་གྱི་དྲིས་ལན་གནད་བརྒྱ་མ»ལས་བཤུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1