གཙོ་ངོས།>> ཞིབ་འཇུག>>སྟག་ངར་གཡག་ངར།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༩ཚེས་༢༠ཉིན།

༄༅།། བོད་ཀྱི་སྨན་པ་དང་མོ་པ་རྣམས་ལ་སྤྲིངས་བ།


བོད་སྨན་སྦྱོང་ན་རྒྱུད་བཞིར་ལྟོས། །
དེ་ལ་དཔྱད་མཁས་སྨན་པ་ཡིན། །
མ་འོངས་བོད་ཀྱི་གསོ་རིག་ཆེད། །
རིག་གཞུང་གཞན་གྱི་སྙིང་བཅུད་ལོངས། །


ས་སྟེང་ནད་རིགས་ཡོད་དོ་ཅོག །
རྒྱུད་བཞིའི་ནང་དུ་བཙལ་བ་འཁྲུལ། །
དེང་རབས་གནས་ལུགས་མི་ཤེས་པའི། །
སྨན་པ་རྣམས་ནི་གཤིན་རྗེའི་གྲོགས། །

སྨན་འཚོང་བྱེད་པའི་སྨན་པ་དང་། །
ཀུན་ནས་རྨོངས་པའི་མོ་པ་གཉིས། །
མཐའ་ཐུག་དམིགས་ཡུལ་ཐ་དད་ཀྱང་། །
མི་སྲོག་གཅོད་པའི་རལ་གྲི་ཡིན། །

དུས་གསུམ་མཁྱེན་པའི་སྨན་པ་དང་། །
སྲིད་གསུམ་དབང་སྡུད་རྒྱལ་པོའི་རིགས། །
ཁམས་གསུམ་འདི་ན་མི་སྲིད་པས། །
ཆོལ་གསུམ་བོད་ལ་ཇི་ལྟར་སྲིད། །

སྤྱི་ཡི་རླུང་མཁྲིས་བད་ཀན་ལས། །
བྱེ་བྲག་ནད་རིགས་མི་ཤེས་པའི། །
ཁ་བཤད་མཁས་པའི་སྨན་རྫུན་རིགས། །
དེང་དུས་བོད་ཀྱི་གྲོང་ན་མང་། །

        དེང་དུས་བོད་ཡུལ་འདིར་འཚོ་བ་ཇེ་ལེགས་སུ་འགྲོ་བའི་སྐབས་སུ་མི་རྣམས་ནད་ཆུང་ངུ་ཆེན་པོར་ཆགས། ཆེན་པོ་བཅོས་ཐབས་མེད་པར་ཆགས་ནས་ལོ་ངོ་ལྔ་བཅུ་དང་། དྲུག་ཅུ་ཙམ་སྐོར་ནས་ཤི་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག      གནད་དོན་འདི་བོད་ཀྱི་སྨན་པ་བླུན་པོ་དང་།    མོ་པ་རྣམས་ཀྱི་བྱ་སྤྱོད་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། །
        [ 1]   འདས་མ་འོངས་ད་ལྟ་དུས་གསུམ་གྱི་ནད་རིགས་ཐམས་ཅད་《རྒྱུད་བཞིའི་》ནང་དུ་ཡོད་པར་བསྒོམ་པའི་བོད་ཀྱི་སྨན་པ་བླུན་པོ་རྣམས་ཉོན་ཅིག  
        མིའི་ལུས་ཁམས་ཀྱི་བདེ་ཐང་ནི། དུས་རབས་དང་། ཁོར་ཡུག འཚོ་བ་སོགས་དང་འབྲེལ་བ་དམ་ཟབ་ཆགས་ཡོད། དེས་ན་སྨན་གཞུང་རྙིང་པའི་བསམ་བློ་ཁོ་ན་ལ་བརྟེན་ནས་དེང་རབས་ཀྱི་ནད་རིགས་མང་པོ་བཅོས་ཐབས་ཡོད་བ་མ་རེད། དཔེར་ན། དེང་དུས་ཁོར་ཡུག་དང་འཚོ་བའི་རྐྱེན་གྱིས་བདེ་ཐང་ལ་གནོད་པའི་ནད་རིགས་འབྱུང་མང་ཤོས་དེ་མཆིན་ཞག་རྒྱས་པ། མཆིན་པ་མཁྲེག་འགྱུར། མཆིན་དུག་B ཅན་ལ་སོགས་པ་དེ་དག་མ་བཅོས་པ་ཡུན་རིང་འགོར་ན་མཆིན་སྐྲན་ཀན་སེ་འགྱུར་འགྲོ་ཞིང་ཡོད་པ་རེད། དེ་བཞིན་དུ་གཅིན་པ་མངར་འགྱུར་གྱི་ནད་དང་། འཕར་རྩ་འདག་ཅན་སྲ་མཁྲེག་ཅན་དུ་འགྱུར་ནས་སྙིང་གི་ཁྲག་རྩ་འགག་པ་དང་། ཀླད་རྩ་འགག་པ། ཀླད་ཁྲག་འདྲེས་པ་སོགས་ཀྱི་ནད་རིགས་འདི་དག་རེད། ནད་རིགས་འདི་དག་གི་རྒྱུ་རྐྱེན། ན་ལུགས། ནད་རྟགས། སྔོན་འགོག་བྱ་ཚུལ་སོགས་དེང་རབས་གསོ་རིག་གི་རིག་གཞུང་བརྒྱུད་ནས་སློབ་སྦྱོང་མ་བྱས་ན་རྒྱུད་བཞིའི་ནང་དུ་ཡོད་བ་མ་རེད། འོན་ཀྱང་དེང་དུས་གྲོང་ཁུལ་དུ་བོད་ཀྱི་སྨན་པ་མང་པོ་ཞིག་གིས་ནད་པ་ཞིག་བྱུང་ཚེ་དེའི་ནད་ལ་རླུང་མཁྲིས་བད་ཀན་གསུམ་པོ་གང་རུང་གི་མིང་ཞིག་བཏགས་ནས་རང་གི་སྨན་དེ་ཉོ་བཅུག དེས་ཕན་མིན་ཚོད་ལྟ་བྱེད་ཅིང་དོན་དངོས་ནད་བཅོས་པའི་དུས་ཚོད་ཡག་ཤོས་དེ་འགོར་བཅུག་ནས། ནད་པ་མང་པོ་ཞིག་མཐར་བཅོས་ཐབས་མེད་པའི་ནད་དུ་གྱུར་ཏེ་འཆི་རྐྱེན་གཙོ་བོར་བྱེད་ཅིང་འདུག གལ་སྲིད་ཁོ་ཚོས་ནད་རིགས་འདི་དག་གི་རྒྱུ་རྐྱེན་དང་། ནད་ཀྱི་ངོ་བོ་དང་། མཚན་ཉིད་རྣམས་ལེགས་པར་རྟོགས་ན། གཅིན་པ་མངར་འགྱུར་གྱི་ནད་རིགས་ཕུད་པའི་ནད་གཞན་པ་འདི་རྣམས་ལ་བོད་སྨན་ཀྱི་ཕན་ཐོག་ཡག་པོ་ཡོད་ངེས། གཙོ་བོ་ནད་དེ་ངོས་ཡག་པོ་ཞིག་ཟིན་ན། ད་གཟོད་ནད་སྨན་ཡག་པོ་ཞིག་འཕྲོད་ཐབས་བསམ་བློ་གཏོང་ཆོག་གི་རེད། མིག་སྔར་ཉེན་ཁ་ཆེ་ཤོས་དེ་བོད་སྨན་པ་མང་པོ་ཞིག་གི་དེང་རབས་ཀྱི་ནད་རིགས་འདི་དག་གི་རྒྱུ་རྐྱེན་དང་། ངོ་བོ། མཚན་ཉིད་རྣམས་རྩ་བ་ནས་ངོས་མ་ཟིན་པ་མགོ་འཁོར་ནས་བསྡད་ཡོད་པ་རེད། །
        བོད་སྨན་པ་ཁག་གཅིག་གིས། ས་སྟེང་འདིར་བྱུང་དང་འབྱུང་འགྱུར་གྱི་ནད་ཐམས་ཅད་《རྒྱུད་བཞིའི》ནང་དུ་ཡོད་པ་རེད་བསམ་ནས། དེང་དུས་ཀྱི་མཆིན་ཞག་རྒྱས་པ་དང་། གཅིན་པ་མངར་འགྱུར་ལ་སོགས་པའི་ནད་པ་དང་འཕྲད་སྐབས། དེའི་རྟགས་བཅོས་སྐོར་《རྒྱུད་བཞིའི》ནང་དུ་བཙལ་ཡང་ཁ་གསལ་མ་རྙེད། ནད་དེ་དག་གི་རྒྱུ་རྐྱེན་དང་བཅོས་ཐབས་ཀྱང་མི་ཤེས་པའི་སྐབས་སུ། ནད་པ་ལ་སྨན་འདྲ་མིན་སྣ་ཚོགས་སྟེར་ནས་ཚོད་ལྟ་བྱ་ཡུལ་དང་། སྨན་བཙོང་ཡུལ་ལྟ་བུ་ཞིག་ཆགས་འདུག ནད་དེ་དག་གི་ཁུངས་མི་ཆོད་པའི་སྐབས་སུ་འགྲེལ་བཤད་སྣ་ཚོགས་བརྒྱབ་ནས་ནད་པ་མགོ་གཡོག སྨན་བཅོས་ཀྱི་དུས་ཚོད་ཡག་ཤོས་དེ་ཕྱི་འགྱངས་སུ་བཏང་ནས་ནད་པ་མང་པོ་འཆི་རྐྱེན་བྱེད་ཅིང་འདུག དཔེར་ན། ང་ཚོར་སྨན་རྩྭ་ངོས་འཛིན་ཞེས་པའི་འཕྲིན་ཕྲན་ཚོགས་པ་ཞིག་ཡོད་པ་དེའི་ནང་དུ། དྲྭ་མིང་ཚ་བའི་རྟོག་དཔྱོད་ཟེར་བ་ཞིག་གིས་མཆིན་ཞག་རྒྱས་པའི་ནད་འདི་ལ་འགྲེལ་བཤད་རྒྱག་སྐབས། བྱེ་བྲག་ནད་ཀྱི་རྒྱུ་རྐྱེན་གང་ཡང་མི་ཤེས་པའི་འཚང་འགེབ་ཆེད་དུ། ཁོང་ནད་ཀུན་གྱི་རྒྱུ་ནི་མ་ཞུ་བ། ཟེར་བའི་ཚིག་སྐམ་དེ་ཁ་ཁྱེར་ནས་ལོག་བཤད་མང་པོ་ཞིག་དོན་དངོས་དང་མ་འབྲེལ་བའི་རྒྱ་ཆེ་རྒྱང་བཤད་མང་པོས་མི་རྣམས་མགོ་བསྐོར་ཞིང་འདུག བྱ་སྤྱོད་འདི་རིགས་ནི་ནད་པ་གཤིན་རྗེའི་ལག་ཏུ་སྐྱེལ་བའི་ཕོ་ཉ་མཆོག་ཏུ་གྱུར་པ་ཞིག་རེད། །
        《རྒྱུད་བཞི།》སྨན་གཞུང་ཡག་པོ་རེད། གནའ་དུས་སུ་དེ་ལྟ་བུའི་ལུས་ནད་གཉེན་པོ་གསུམ་གྱི་སྐོར་རྒྱས་བཤད་བྱས་པའི་སྨན་གཞུང་འདི་འདྲ་མི་རིགས་གཞན་ལ་དཀོན་པོ་རེད། ཡིན་ནའང་《རྒྱུད་བཞིའི》ནང་དུ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་ནད་རིགས་ཐམས་ཅད་བཅོས་ཐབས་ཡོད་པ་ངོས་འཛིན་བྱ་བ་དེ་ནོར་འཁྲུལ་ཆེན་པོ་རེད། མ་འོངས་པར་ནད་རིགས་གསར་པ་བྱུང་ན་དེ་ལ་སྐབས་ཐོབ་དང་བསྟུན་པའི་བརྟགས་ཐབས་དང་། བཅོས་ཐབས་གསར་པ་ཞིབ་འཇུག་བྱ་དགོས་པ་ལས། མ་འོངས་པའི་ནད་རིགས་གསར་པ་འབྱུང་བ་ལ་བཅོས་ཐབས་སྔོན་ནས་ཇི་ལྟར་བསྟན། འབྱུང་འགྱུར་གྱི་ནད་ཐམས་ཅད་བཅོས་ཐབས་བཤད་པའི་སྨན་གཞུང་ཞིག་བོད་པ་ལྟ་ཅི། འཇིག་རྟེན་གྱི་ཁམས་ན་ཡོད་མི་སྲིད་པ་ཞིག་རེད། ཡོད་ན་འཇིག་རྟེན་འདིར་བོད་ཀྱི་གསོ་རིག་དང་། བོད་མིའི་བློ་རིག་ལ་སུས་ཀྱང་འགྲན་ཟླ་མེད་པ་ཞིག་ཆགས་ཚར་པ་རེད། བསམ་བློ་འདི་ནི་རྒྱུད་བཞི་ལ་བལྟ་ཀློག་བྱེད་མ་མྱོང་བ་དང་། གསོ་བ་རིག་པ་མི་ཤེས་པའི་རྟགས་ཡིན་པ་མ་ཟད། རྒྱུན་ལྡན་འཇིག་རྟེན་གྱི་གནས་ལུགས་ཙམ་མི་ཤེས་པའི་ལྐུགས་རྟགས་ཤིག་རེད། ཁོ་པས་རང་ཉིད་ཀྱིས་《རྒྱུད་བཞི།》 ལ་བལྟ་ཀློག་མ་མྱོང་བའི་རྐྱེན་གྱིས་མི་གཞན་གྱིས་ཀྱང་《རྒྱུད་བཞི།》ལ་བལྟ་ཀློག་ཞིབ་ཆ་བྱས་མེད་པར་བསམ་ནས། ཁྱོད་ཀྱིས་《རྒྱུད་བཞི།》ལ་སློབ་གཉེར་ཇི་ཙམ་བྱེད་མྱོང་། ཅེས་སྐད་འཕྲིན་ནང་དུ་ང་ལ་འདྲི་བ་བཏོན་བྱུང་། དེ་ལ་འདིར་ལན་གསལ་པོ་ཞིག་ཞུ་འདོད་བྱུང་། 《 ཕྱི་མ་རྒྱུད་》ལས། གསོ་ཡུལ་ནད་ལ་བཞི་བརྒྱ་རྩ་བཞིར་གསུངས། །རྒྱས་པར་ཕྱེ་ན་སྟོང་དང་ཉིས་བརྒྱ་ཡོད། །མདོར་རུ་བསྡུས་པས་བཅོས་དགོས་བརྒྱ་རྩ་གཅིག ཅེས་པ་དེ་དེང་དུས་སྨན་པ་ཕལ་ཆེ་བས་ནད་རིགས་སྟོང་དང་ཉིས་བརྒྱའི་སོ་སོའི་མིང་དང་། རྒྱུ་རྐྱེན། ནད་རྟགས། བཅོས་ཐབས་རྣམས་ཤེས་པ་ལྟ་ཅི། མདོར་རུ་བསྡུས་པ་བཅོས་དགོས་བརྒྱ་རྩ་གཅིག ཅེས་ནད་བརྒྱ་དང་གཅིག་ཡོད་པ་དེ་དག་གི་མིང་ཙམ་ཡང་བགྲངས་ཤེས་མི་ཤེས་པ་ལོག་འགྲེལ་ཁོ་ན་བྱེད་ཞིང་ཡོད་འདུག དེས་ན་ལོ་ངོ་ཉི་ཤུའི་གོང་དུ་ཁོ་བོས་གནད་དོན་དེ་མཐོང་ནས་《མན་ངག་རྒྱུད།》ལ་ལན་གྲངས་དུ་མ་ཞིབ་དུ་བལྟས་ནས་དེར་བསྟན་པའི་ནད་རིགས་སྟོང་དང་ཉིས་བརྒྱ་པོ་ཐམས་ཅད་རེ་རེ་བཞིན་མིང་དང་། ནད་ཀྱི་རྒྱུ་རྐྱེན། ནད་རྟགས་རྣམས་སོ་སོར་མ་འདྲེས་པ་ཞིབ་དུ་བཀོད་པའི་རེའུ་མིག 《ངོས་འཛིན་རྟགས་ཀྱི་རྣམ་བཤད།》ཅེས་པ་དེ་བྲིས་ཤིང་སྤྱི་ལོ་2003ལོར་འགྲེམས་སྤེལ་བྱས། དེས་ན་ངར་《རྒྱུད་བཞི།》ལ་སྐྱོན་ཡོན་གང་ཡོད་གསལ་པོ་བཤད་པའི་སྤོབ་པ་དང་ཐོབ་ཐང་གཉིས་ཀ་ཡོད། དྲྭ་གྲོགས་ཚ་བའི་རྟོག་དཔྱོད་ལགས་ཀྱིས་《མན་ངག་རྒྱུད།》ཀྱི་དོན་མ་གོ་ནའང་། ཁོ་བོའི་དེབ་ཆུང་འདི་ལ་ལྟོས་དང་ཕན་ཐོག་ཡོང་ངེས། །
        གཞན་ཡང་། 《རྒྱུད་བཞིའི》ནང་དུ་བསྟན་པའི་གཟའ་གྲིབ་ཅེས་པ་དེ་ནི་དོན་དངོས་དེང་དུས་ཀླད་ཁྲག་འགག་པ་དང་། ཀླད་ཁྲག་འདྲེས་པའི་ནད་རིགས་འདི་དག་ཡིན་ལ། ནད་རིགས་འདི་དག་གནའ་བོའི་དུས་ནས་ཡོད་པ་ཞིག་ཡིན་ཡང་《རྒྱུད་བཞིའི》ནང་དུ་གཟའ་གདོན་ནད་ཀྱི་རྒྱུ་རྐྱེན་གསལ་བཤད་མེད་པ་མ་ཟད། བཅོས་ཐབས་དང་སྔོན་འགོག་གི་སྐོར་དེ་ལས་ཀྱང་ཚན་རིག་དང་མཐུན་པ་ཞིག་གསུངས་མི་འདུག དེས་ན་《མན་ངག་རྒྱུད།》ཀྱི་གཟའ་གདོན་ལེའུ་ཁོ་ན་ལ་བརྟེན་ནས་ཀླད་ཁྲག་འགག་པའི་ནད་རིགས་སོགས་བཅོས་པའི་རེ་བ་ནི་མུན་པའི་ནང་དུ་སྦར་བསྙབ་ཀྱིས་དངོས་པོ་འཚོལ་བ་དང་འདྲ་བས་ཕལ་ཆེར་བཅོས་ཐུབ་པ་མི་སྲིད། འོན་ཀྱང་དེང་རབས་གསོ་རིག་གཞུང་དུ་བསྟན་པའི་ཀླད་ཁྲག་འགག་པ་སོགས་ཀྱི་ནད་འདི་དག་གི་རྒྱུ་རྐྱེན་གཙོ་བོ་ཟས་སྤྱོད་རྐྱེན་གྱིས་དུས་ཡུན་རིང་པོར་ཁྲག་གི་ནང་དུ་ཞག་རྩི་དང་། མངར་ཆ་སོགས་ཁྲག་སྐྱོན་མང་བའི་རྐྱེན་གྱིས་ཁྲག་གར་པོ་ཆགས་པ་དང་། ཟུང་ཁྲག་ནང་དུ་ཁྲག་རིལ་དང་ཁྲག་ལྷོག་ཆགས་ནས་འཕར་རྩ་འདག་ཅན་ཁྲ་མཁྲེགས་ཅན་དུ་གྱུར་ཞིང་། མཐར་འབྲས་ཀླད་པའི་ནང་གི་ཁྲག་རྩ་འགག་པ་དང་། འགད་པའི་སྣད་སྐྱོན་འདི་དག་ཡོང་གི་ཡོད་པའི་གནས་ཚུལ་རྣམས་ཞིབ་ཏུ་སློབ་སྦྱོང་བྱེད་ཅིང་། ནད་ཀྱི་ངོ་བོ་དང་། རྣམ་པ་ཧ་གོ་བར་བྱ་ཞིང་། དེ་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་བསམ་བློའི་ཐོག་ནས་ཟས་དང་། སྤྱོད་ལམ་གྱི་སྒོ་ནས་ནད་རིགས་འདི་དག་སྔོན་འགོག་དང་། བཅོས་ཐབས་གསར་པ་བཟོ་ཞིང་བོད་ཀྱི་གསོ་རིག་ལ་ཁ་སྣོན་བྱས་ན་ད་གཟོད་བོད་ཀྱི་གསོ་རིག་དེ་དུས་རབས་དང་བསྟུན་པའི་ཡར་རྒྱས་ཡོང་སྲིད་ཅིང་། དེ་ལ་བོད་ཀྱི་སྨན་པ་ཞེས་མིང་བཏགས་པ་ནི་མིང་དོན་མཚུངས་པའི་སྨན་པ་ཞིག་རེད་སྙམ། དེ་ལྟར་མ་ཡིན་པ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་ནད་ཐམས་ཅད་རྒྱུད་བཞིའི་ནང་དུ་ཡོད་པ་བསྒོམ་མཁན་ནི་གསོ་བ་རིག་པ་ཕྱོགས་ཙམ་ཡང་མི་ཤེས་པའི་བླུན་པོ་དད་པ་ཞིག་ཡིན་པ་གདོན་མི་ཟའོ། །
     [2]    ལོང་བས་ལོང་བ་ཁྲིད། ལོང་བ་གཡང་དུ་ལྷུང་པའི་མོ་པ་རྣམས་ཉོན་ཅིག
        ཁྱོད་རྣམས་ཀྱི་མོ་འབྲས་ལ་བརྟེན་ནས་ནད་པ་མང་པོ་ཞིག་ནད་ཆུང་ངུ་རྣམས་ཆེན་པོར་བྱེད། ཆེན་པོ་རྣམས་བཅོས་ཐབས་མེད་པ་བྱེད་ཅིང་ཕྱི་མའི་ལྔ་ལམ་དུ་སྐྱེལ་བའི་སྤྱོད་ངན་འདི་རིགས་དོར་འོས་སོ། མོ་འདེབས་ཟེར་བ་དེ་མི་རྣམས་རང་གི་བློ་རིག་གིས་དཔྱད་མ་ནུས་པ་ཅི་བྱ་གཏོལ་མེད་ཀྱི་སྐབས་སུ། ཨུ་ཐུག་ནས་ལེགས་ཉེས་ལྷ་ལ་འདྲི་བའི་བྱ་བ་ཞིག་རེད། སྤྱི་བཏང་མི་ཡོན་ཏན་མེད་མཁན་དང་། བློ་རིག་རྟུལ་པོ་རྣམས་ཀྱིས་བྱ་བའི་ལས་ཞིག་རེད། དེས་ན་ཁྱིམ་བདག་རྣམས་ཀྱིས་ཀྱང་དོན་ཆུང་རིགས་མོ་ལ་ཡིད་གཏད་ནས་ཐག་བཅད་ན་མ་འགྲིགས་པ་ཆེར་མི་འདུག་ཀྱང་། དོན་ཆེན་པོ་མིའི་ཚེ་སྲོག་དང་འབྲེལ་བའི་སྐབས་སུ་ཐེ་ཚོམ་མེད་པ་རང་འཁོས་དང་བསྟུན་པའི་སྨན་ཁང་གང་ཡག་ཅིག་ལ་སྐྱེལ་ཐབས་བྱ་དགོས་པ་ལས། དགོས་མེད་ཀྱི་མོ་འདེབས་པའི་བྱ་སྤྱོད་སྤང་ན་ལེགས། གྲོང་གསེབ་ཀྱི་མོ་པ་བླུན་པོ་ཚོས། རང་སྣང་གང་དྲན་གྱི་ལུང་བསྟན་དུ། ནད་པ་སྨན་ཁང་དུ་འགྲོ་ན་མི་ལེགས་ཤིང་སྐུ་རིམ་བསྒྲུབ་དགོས་པ་དང་། ཕྱི་ལུགས་སྨན་ཁང་དུ་བསྟན་མི་རུང་བས་བོད་སྨན་བསྟན་དགོས་པ་སོགས་བསླབ་སྟོན་བྱེད་ཅིང་ཡོད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། འདི་ནི་དོན་དངོས་ནད་པ་འཆི་བའི་ལམ་དུ་ཁྲིད་པའི་བྱ་སྤྱོད་ཅིག་རེད།
        སྤྱིར་བཏང་ནད་ཕྲན་ཚེག་གི་རིགས་རྣམས་ཅི་མགྱོགས་ཀྱིས་བོད་སྨན་བསྟེན་ཞིང་སྨན་བཅོས་བྱས་ན་བཅོས་ཐུབ་པ་དང་། ནད་ཚབ་ཆེ་བའི་རིགས་རྣམས་ཕྱི་ལུགས་སྨན་ཁང་ནང་དུ་མྱུར་དུ་སྐྱེལ་ན་སྨན་བཅོས་བྱ་ཐུབ་པའི་རེ་བ་ཡོད་ལ། གལ་སྲིད་སྨན་ཁང་དུ་མ་བསྐྱལ་པའམ་ཡང་ན་སྨན་ཁང་དུ་འགྲོ་རྒྱུ་ཕྱིར་འགྱངས་སོང་ན་ནད་པ་དེ་ཕལ་ཆེར་འཆི་སྲིད་པ་ཞིག་རེད། མོ་པས་མོ་འདེབས་རྗེས་ནད་པ་སྨན་ཁང་དུ་འགྲོ་རྒྱུ་ཕྱི་བཤོལ་བྱ་རྒྱུ་དེ་ནི་དངོས་གནས་ནད་པ་འཆི་བའི་ལམ་དུ་སྐྱེལ་མགོ་ཚུགས་པ་ཞིག་རེད། དེས་ན་མོ་པ་རྣམས་ཀྱིས་ལོང་བས་ལོང་བ་ཁྲིད། ལོང་བ་གཡང་དུ་ལྷུང་ཟེར་བའི་དཔེ་ལྟར་འདི་ཕྱི་གཉིས་གནོད་ཀྱི་བྱ་སྤྱོད་འདི་དག་སྤངས་ནས། ནད་པ་རྣམས་ལ་སྨན་ཁང་དུ་མགྱོགས་མྱུར་འགྲོ་དགོས་པའི་སྐུལ་མ་རེ་གནང་ཐུབ་ན་བཀའ་དྲིན་ཤིན་ཏུ་ཆེ། །སྤྱིར་བཏང་མོ་པ་ནི་རྫུན་མ་ཡིན་པ་བཤད་མ་དགོས་ཀྱང་། མོ་འདེབས་མཁན་དེ་རྒྱལ་ཕྱི་ནང་གི་གནས་ཚུལ་ཤེས་མཁན། ལྟ་རྒྱ་དང་མཐོང་རྒྱ་ཆེ་བ། འཇིག་རྟེན་གྱི་གནས་ལུགས་ཤེས་མཁན་ཞིག་ཡིན་ན། ནད་པ་མྱུར་དུ་སྨན་ཁང་དུ་སྐྱེལ་ན་མོ་ཡག་པོ་འདུག་ཟེར་ངེས་རེད། དེ་ལས་ལྡོག་པ་གྲོང་གསེབ་ཀྱི་མོ་པ་རྣམས་ཀྱིས་རང་འདོད་ལྟར་ནད་པ་ལ་རིམ་གྲོ་བསྒྲུབ་ན་ལེགས་པ་དང་།        ཕྱི་ལུགས་སྨན་ཁང་དུ་བསྟན་ན་མོ་མི་བཟང་ཟེར་བ་ནི་རྗེས་དཔག་གི་སྒོ་ནས་ཤེས་ཐུབ། དེས་ན་རང་རེ་བོད་ཀྱི་མི་དམངས་རྣམས་ད་རུང་རྫུན་ལ་ཡིད་ཆེས་ཆེན་པོ་ཡོད་ན།    རྫུན་ལབ་མཁན་དེ་ལྟ་རྒྱ་དང་མཐོང་རྒྱ་ཡོད་མཁན་ཞིག་བཙལ་ན་ལེགས་པར་སེམས་སོ། །

སྨན་པ་རྫུན་མས་སྨན་འཚོང་བྱེད། །
མོ་པ་རྫུན་མས་རིམ་གྲོ་སྐུལ། །
རྫུན་ལ་ཡིད་ཆེས་གངས་ཅན་པ། །
མཐའ་མཇུག་རང་སྲོག་རྫུན་ལ་འབུལ། །

རིང་འཚོ་འདོད་ན་ཟས་སྤྱོད་གཟོབ། །
ནད་བཅོས་འདོད་ན་སྨན་ཁང་འཚོལ། །
བདེ་སྐྱིད་འདོད་ན་སློབ་གཉེར་གྱིས། །
རང་དབང་འདོད་ན་རྨོངས་དད་སྤོངས། །

རིང་ནས་འབྲེལ་བའི་གངས་ཅན་པའི། །
ཚེ་སྲོག་ཆེད་དུ་རྩོམ་འདི་འབུལ། །
རང་འདོད་ཅན་གྱི་སྨན་རྫུན་རྣམས། །
ཁྲོས་པ་སྲིད་ཀྱང་བཏང་སྙོམས་ཡིན། །
   ཞེས་སྨན་རྩྭ་ངོས་འཛིན་ཞེས་པའི་འཕྲིན་ཕྲན་གྱི་ཚོགས་པའི་ནང་དུ་ཚ་བའི་རྟོགས་དཔྱོད་ཞེས་པ་དང་། གསེར་ཐང་རིག་ལྡན་ཞེས་པའི་བླུན་པོ་སྨན་པའི་གཟུགས་བརྙན་འཛིན་པ་འགའ་ཞིག་ནད་པའི་གཤེད་མར་འགྱུར་བའི་སྣང་ཚུལ་ལ་བསམ་ནས་སྙིང་རྗེ་བའི་ངག་ཏུ་ཐལ་བྱུང་གི་ཤོར་བའི་བདེན་དོན་སྨྲ་བའི་རང་སྒྲ་འདི་ནི་ཤར་དཔལ་སྤུངས་པའི་སྨན་གྲལ་འཛིན་པ་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༡༦ལོའི་ཟླ་བ་༩པའི་ཚེས་༡༦ཉིན། ལྷོ་ནུབ་མི་རིགས་གཙུག་ལག་སློབ་སྡེའི་རང་ཤག་ནས་སྤྲིངས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1