གཙོ་ངོས།>> གནས་མཇལ།>>རྒྱ་ནག་ཡུལ་གྱི་གནས་ཆེན།

རྣམ་དཀར་ལྷ་མོས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༩ཚེས་༠༥ཉིན།

༄༅།། ལྕགས་སྐུ་དགོན།

ལྕགས་སྐུ་དགོན།---འདུ་ཟིང་ཁྲོད་ཀྱི་བསྟི་གནས།

        གྲོང་ཁྱེར་དུ་འཚོ་བ་རོལ་བའི་ང་རང་ལ་མཚོན་ན། ཕ་ཡུལ་ལ་ལོག་པའི་གོ་སྐབས་ཧ་ཅང་ཉུང་ཞིང་། ཕ་ཡུལ་ན་ཡོད་དུས་མཆོད་མཇལ་དང་སྐོར་བ་སོགས་ལ་འགྲོ་རྒྱུར་གོམས་པས། འདུ་འཛི་རྒོད་པའི་གྲོང་ཁྱེར་འདི་ནས་ཕ་ཡུལ་ལྟ་བུའི་ལྷིང་འཇགས་ཀྱི་གནས་མལ་ཞིག་དང་ཕ་ཡུལ་གྱི་དགོན་སྡེ་ལྟ་བུའི་སེམས་ཀྱི་གཏད་སོ་ཞིག་ཤིན་ཏུ་རྙེད་པར་དཀའ། ཕྱིའི་དངོས་པོའི་དཔལ་ཡོན་ལ་འཕེལ་རྒྱས་ཅུང་ཙམ་བྱུང་བ་ནས་བཟུང་མི་རྣམས་ཀྱིས་རང་རང་གི་སེམས་པའི་གཏད་སོ་ཞིག་གམ་ཡང་ན་ནང་སེམས་ཀྱི་ལྷིང་འཇགས་ཤིག་འཚོབ་ཞིབ་བྱེད་བཞིན་མཆིས།
        སྔོན་ཆད་གྲོང་ཁྱེར་གྱི་གྲུ་ཟུར་རེ་རེ་ན་ལྷིང་འཇགས་སུ་གནས་པའི་དགོན་སྡེ་དག་ཏུ་རིམ་བཞིན་མཆོད་འབུལ་བྱེད་མཁན་ཇེ་མང་དུ་གྱུར་ཅིང་། དགོན་སྡེ་དེ་དག་གི་མཐའ་འཁོར་དུ་གནས་པའི་མི་རྣམས་འཆམ་འཆམ་དུ་འགྲོ་སའི་སྤྱི་གླིང་ཞིག་ཏུ་གྱུར་འདུག་ལ་འདིར་གླེང་བར་བྱ་བའི་ལྕགས་སྐུ་དགོན་ཡང་དེ་ལས་མ་འདས།

        ལོ་ངོ་དུ་མའི་ཡར་སྔོན་ཞིག་ལ་སྟེས་དབང་གིས་དགོན་པ་འདིར་མཇལ་སྐོར་ལ་ཐེངས་གཅིག་ཕྱིན་པའི་གོ་སྐབས་ཐོབ་མོད། བྲེལ་འཚུབ་ཀྱི་དབང་གིས་མཆོད་མཇལ་བྱས་པ་ལས་དགོན་པ་འདིར་རྒྱུས་ལོན་ཟབ་མོ་ཞིག་བྱ་མ་ཐུབ།  ཉེ་སྔོན། གཟའ་མཇུག་གི་དུས་ཚོད་འདི་བེད་སྤྱད་དེ་ཆེད་དུ་ལྕགས་སྐུ་དགོན་ལ་མཇལ་སྐོར་དུ་སོང་བ་ཡིན། ལྕགས་སྐུ་དགོན་དེ་ཁྲེན་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཁུལ་གྱི་ལྷོ་མཐར་གནས་ཤིང་།  ལོ་འགའི་སྔོན་གནས་འདིར་མཇལ་སྐོར་དུ་ཡོང་དུས་ཞིང་ས་དང་རྩེག་རལ་འགའ་ལས་མེད་མོད། ད་ནི་ཕྱོགས་བཞི་ཐོག་ཁང་གིས་བསྐོར་ཞིང་། དགོན་པའི་ཉེ་འཁོར་དུ་ཁམས་གསེང་སྤྱི་གླིང་བསྐྲུན་འདུག དགོན་པའི་ལྟག་རྒྱབ་ཏུ་བཞུར་རྒྱུན་ལོགས་གཉིས་སུ་ཆགས་ཡོད་པའི་ཆུ་བོ་ཞིག་ཀྱང་འདུག  ང་རང་ཆུ་འགྲམ་བརྒྱུད་དེ་བསྐྱོད་དུས་བདུག་སྤོས་ཀྱི་དྲི་ངད་ཅིག་སྣ་ལམ་དུ་འཐིམ་ཅིང་གྲོང་ཁྱེར་ཁྲོད་ཀྱི་སུན་སྣང་དང་ཟང་ཟིང་དེ་སེམས་ངོགས་སུ་ག་ལེར་ཡལ། 

        མདུན་སྒོ་བརྒྱུད་དེ་སོང་བ་ན་རྒྱ་ཡིག་གིས་བྲིས་པའི་མ་ཎི་ཡིག་དྲུག་གིས་དགོན་པ་དེའི་སྒོ་ཆེན་ལེགས་པར་བརྒྱན་འདུག  ཁྲེན་ཏུའུ་ཉེ་འཁོར་གྱི་དགོན་པ་དང་བསྡུར་ན་ལྡེབས་རིས་དང་བཟོ་བཀོད་ཕྱོགས་གང་ཐད་ནས་བོད་ཀྱི་ཁྱད་ཆོས་ལྡན་ཞིང་། ཞིབ་ཏུ་བལྟས་ཚེ་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་ཟབ་པའི་དགོན་སྡེ་ཞིག་ཡིན་པ་བློ་ངོར་ཆགས་ཐུབ།  སྒོ་ཆེན་བརྒྱུད་དེ་ནང་དུ་སོང་བ་ན་དགོན་པ་སྤྱིའི་འཛུགས་སྐྲུན་གྱི་རྣམ་པའི་ངོ་སྤྲོད་དང་དགོན་པ་འདི་ཅི་ལྟར་བཙུགས་པའི་སྐོར་རགས་བསྡུས་ཤིག་བཀོད་འདུག
        《ཧྭ་དབྱང་རྫོང་གི་ལོ་རྒྱུས་དེབ་ཐེར། 》དུ་བཀོད་པ་ལྟར་ན་སྤྱི་ལོ་1590ལོ་སྟེ་མིང་རྒྱལ་རབས་ཀྱི་དུས་སུ་ས་འོག་ནས་རྒྱུ་ཆ་ལྕགས་ལས་གྲུབ་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་ཞིག་རྙེད་ཅིང་།  ལྕགས་སྐུའི་རྟེན་གཙོ་བོ་བྱས་ཏེ་དགོན་པ་འདི་ཐོག་མར་ཕྱག་བཏབ་ཅེས་བཀོད་ཡོད་ལ་གྲྭ་བཙུན་དང་ཡོན་བདག་ཀུན་གྱིས་དགོན་པ་རྒྱ་བསྐྱེད་དང་ཞིག་གསོ་གང་མང་མཛད་ཅིང་རྒྱ་བོད་སོག་གསུམ་གྱི་མཆོད་གཞིས་རྒྱུན་མ་ཆད་པར་གནང་བས།  ལྕགས་སྐུ་དགོན་ཞེས་ད་ལྟ་ཡང་ང་ཚོའི་མིག་གི་དགའ་སྟོན་དང་སེམས་པའི་དད་སོ་རུ་གྱུར་བ་ལགས། 

        འཛུགས་སྐྲུན་གྱི་རྣམ་པར་བལྟས་ན་དགོན་པ་འདིར་བོད་བརྒྱུད་དང་རྒྱ་བརྒྱུད་ནང་བསྟན་གཉིས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་དང་།  དགོན་པའི་གཙོ་རྟེན་ཇོ་བོ་ཤཱཀྱ་མུ་ནེའི་ལྕགས་སྐུ་ལྷ་ཁང་འདིའི་དཀྱིལ་དབུས་སུ་ཆགས་ཅིང་།  ལྷ་ཁང་གི་རྟེན་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནེ་དཀྱིལ་དུ་བཞུགས་པ་དང་གཡས་ཕྱོགས་སུ་རྗེ་བཙུན་བྱམས་པ་མགོན་པོ་དང་གཡོན་ཕྱོགས་སུ་འཇམ་དཔལ་དབྱངས་གཉིས་ཀྱི་སྐུ་བརྙན་བཞུགས་འདུག  དགོན་པའི་ནང་ལོགས་ཀྱི་མཆོད་ཆས་དང་གྱང་ཐང་རྙིང་བར་གྱུར་འདུག་ལ་བལྟས་ཚོད་ཀྱི་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ལྡན་པ་དཔག་ཐུབ།  དགོན་པ་དེའི་ཇོ་མོ་རྒན་པ་ཞིག་གིས་དགོན་པ་འདི་ཐོག་མར་མིང་རྒྱལ་རབས་ཀྱི་དུས་སུ་བཞེངས་པ་དང་བར་སྐབས་ཤིག་ལ་གྲྭ་བ་སྟོང་ལ་བུད་མེད་མོད།  མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་དམག་འཁྲུག་ཁྲོད་བསྟན་འགྲོའི་བསོད་ནམས་ཟད་པས་དགོན་པར་ཆག་སྒོ་ཆེན་པོ་ཐེབས།  ཡིན་ཡང་ཁྲེན་ཏུའུ་ས་ཆའི་དགོན་སྡེ་གཞན་དང་བསྡུར་ན་ལྟོས་བཅས་ཀྱིས་ཅུང་ཡག་ཤོས་ཡིན་ཟེར། 

        ཚོམས་ཁང་བསྐོར་ནས་ཕྱི་ཡི་ར་སྐོར་དུ་ཐོན་དུས། མདུན་ཕྱོགས་ཚོམས་ཁང་གི་འཛུགས་སྐྲུན་དང་མི་འདྲ་བའི་ལྷ་ཁང་གཉིས་བཞེངས་འདུག་ལ།  ལྷ་ཁང་གི་རྒྱ་ཕིབས་མཚལ་མདོག་གི་རྫ་གཡམ་གྱིས་གྲུབ་ཅིང་།  བཟོ་བཀོད་ཀྱི་ཆ་ནས་བོད་ཁུལ་གྱི་དགོན་པ་དང་ཤིན་ཏུ་འདྲ་པོ་འདུག  ལྷ་ཁང་འདི་རྗེ་ཙོང་ཁང་པའི་ལྷ་ཁང་ཡིན་ལ་ནང་དུ་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་གསེར་ཆུ་བྱུགས་པ་གསུམ་བཞུགས་འདུག  ལྷ་ཁང་ནང་འཁོར་གྱི་བཀོད་པ་ནི་བོད་ཀྱི་འདུ་ཁང་དང་ལྷ་ཁང་དང་གཉིས་སུ་མེད།  དེའི་མདུན་ཕྱོགས་སུ་གསར་དུ་བཞེངས་པའི་དཔེ་མཛོད་ཁང་ངམ་གཙུག་ལག་ཁང་ཡོད་ལ་བཟོ་བཀོད་ཀྱི་ཆ་ནས་རྗེ་ཙོང་ཁ་པའི་ལྷ་ཁང་དང་གཅིག་མཚུངས་ཡིན་པ་རེད། 

        རྗེ་ཙོང་ཁ་པའི་ལྷ་ཁང་འདི་ནི་རྒྱའི་ཉེ་རབས་ཀྱི་བླ་མ་གྲགས་ཅན་ནེན་ཧའེ་བོད་ཡུལ་དུ་ཐེངས་གཉིས་ལ་བྱོན་རྗེས་སུ། དགེ་ལུགས་པའི་ཁང་གསར་བླ་མར་བསྟེན་ནས་བོད་རྒྱུད་ནང་བསྟན་གྱི་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་དཔྱིས་ཕྱིན་པར་བགྱིས་ཏེ། ཕྱིར་ནང་ལོག་ཏུ་ཕེབས་ནས་རྡོ་རྗེས་སེམས་དཔའི་སྔགས་རྒྱུད་ཀྱི་ཆོས་ར་བདུན་བཙུགས་ཤིང་ཆོས་རྒྱུད་བསྐྱངས།  ལྕགས་སྐུ་དགོན་ནི་སྔགས་རྒྱུད་ཆོས་ར་བདུན་ལས་ཅོ་མོ་དགོན་གཅིག་པུ་ཡིན་ལ།   ནེན་ཧའེ་བླ་མས་དགོན་པ་འདིར་རྗེ་ཙོང་ཁ་པའི་ལྷ་ཁང་བཞེངས་ཤིང་བོད་དང་ཆོས་འབྲེལ་ལེགས་པར་བཙུགས།   

        ལྷིང་འཇགས་ཀྱི་ཁོར་ཡུག་དང་སྤོས་ངད་ཁྲོད་ནས་ཕྱི་དྲོའི་དུས་ཚོད་ཅི་ལྟར་སོང་བའང་མ་ཚོར་ཞིང་། རླབས་ཆེན་གྱི་མི་སྣ་དག་གི་མཛད་འཕྲིན་དང་ཟང་ཟིང་འཁོར་བའི་ཁྲོད་ཀྱི་ལྷིང་འཇགས་ཀྱི་བསྟི་གནས་འདིས་གྲོང་ཁྱེར་གྱི་འཚོ་བར་མི་གོམས་པའི་སེམས་ཀྱི་སུན་སྣང་དེ་རེ་ཞིག་ཞི་འཇགས་སུ་གྱུར་ཐུབ་པ་དང་།  སེམས་པ་འདི་ཡང་བྱི་དོར་ཐེངས་ཤིག་བྱས་པ་དང་ཀུན་ནས་མཚུངས་སོ། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1