གཙོ་ངོས།>> ཞིབ་འཇུག>>སྟག་ངར་གཡག་ངར།

དཔའ་བུ་བསོད་སྟོབས། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༧ཚེས་༢༥ཉིན།

༄༅།། བསྟན་འཛིན་ལགས་ཀྱི་སྙིང་གཏམ།

        སི་ཁྲོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་དང་། འོད་ཟེར་ཉིན་རེའི་ཚགས་པར་ཁང་གཉིས་ཀྱིས་མཉམ་སྒྲུབ་གནང་བའི་《བོད་ཁུལ་དམངས་ཁྲོད་ཀྱི་དཔེ་རྙིང་རྩ་ཆེན་ཕྱོགས་བསྒྲིགས》ཞེས་པའི་དེབ་གསར་འགྲེམ་སྤེལ་ཚོགས་འདུ་དང་དཔེ་ཆ་འབུལ་བའི་མཛད་སྒོ་དེ་ཟླ་འདིའི་ཚེས་11ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་པ་ཙམ་ན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སྤེལ། མཛད་སྒོའི་སྟེང་དུ་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་ཆེན་གཞོན་པ་བསྟན་འཛིན་(སྔར་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་གཞོན་པའི་འགན་བཞེས་མྱངས།)མཆོག་གཙོར་བྱས། དཀར་མཛེས་ཁུལ་དྲིལ་བསྒྲགས་ཁང་གི་སྤྱི་ཁྱབ་སྡེ་བ་བྱམས་བློ་དང་། འོད་ཟེར་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལུའུ་ཝེ་དང་། སི་ཁྲོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས(ཁོང་དེ་སྔོན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་པ་རེད།)སོགས། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་དབུ་ཁྲིད་སོགས་མི་སྣ་སུམ་ཅུ་ལྷག་ཞུགས་ཤིང་། དེ་དག་ལས་དབུ་ཁྲིད་འགས་མཛད་སྒོ་འདི་དང་འབྲེལ་ཡོད་ཀྱི་གསུང་བཤད་གལ་ཆེན་གནང་། དེ་ཡང་ཀྲུང་གོའི་རྩོམ་ལྷན་དབུ་ཆེན་གཞོན་པ་བསྟན་འཛིན་ལགས་ཀྱིས་སེམས་རྩ་འཁོལ་པོས་གསུང་དོན།  ང་ལ་བཤད་བསམ་པ་ཧ་ཅང་མང་ཡང་དུས་དབང་གིས་དོན་ཚན་གསུམ་བཤད།
        དང་པོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྐོར་ཡིན།  མི་ལ་ཚོར་སྣང་རེ་ཡོད་པ་རེད། ལྷག་པར་དུ་རིག་གནས་པ་དང་ཆེད་མཁས་པ། འགོ་ཁྲིད་སོགས་ཆེས་མཐོའི་སློབ་གྲྭ་ཁག་ཏུ་འགྲོ་སྐབས། གུས་དངངས་ཀྱི་ཚོར་སྣང་དང་། ཁྱད་འཕགས་ཀྱི་ཚོར་སྣང་རེ་སྟེར་སྲིད་པ་རེད། དཔེར་ན། ང་ཚོ་ཨ་རིའི་ཧ་ཧྥོ་སློབ་ཆེན་དང་དབྱིན་ཇིའི་ལོན་ཏན་སློབ་ཆེན་དུ་འགྲོ་སྐབས།   གུས་དངངས་ཀྱི་ཚོར་སྣང་མ་ཟད། ཁྱད་འཕགས་ཡིན་པའི་ཚོར་སྣང་རེའང་སྟེར་བཞིན་ཡོད། དེ་བཞིན་ཀྲུང་གོར་མཚོན་ན། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། བོད་ལྗོངས་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་འགྲོ་སྐབས་ཀྱང་། གུས་དངངས་ཀྱི་ཚོར་སྣང་དང་། ཁྱད་དུ་འཕགས་པ་ཡིན་པའི་ཚོར་སྣང་རེ་ཡོད་པ་ཡིན་མོད།  ང་རང་མི་སྒེར་ངོས་ནས་བཤད་ན་གོང་གསལ་སློབ་ཆེན་ཁག་ལ་ཕྱིན་མྱོང་ཡང་།  ང་ལ་གུས་དངངས་ཀྱི་ཚོར་སྣང་དང་ཁྱད་འཕགས་ཀྱི་ཚོར་སྣང་ཆེས་ཆེ་བ་སྟེར་བ་དེ་ནི། དེ་རིང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་འདིར་སླེབས་སྐབས་ཀྱི་ཚོར་སྣང་དེ་རེད། དེ་ལྟ་བུའི་དད་གུས་དང་ཁྱད་འཕགས་ཀྱི་ཚོར་སྣང་དེ། སྙིང་ཁུང་རུས་པའི་གཏིང་ནས་དང་ཡུན་རིང་པོར་ཡོད་པ་ཞིག་རེད། དེ་ལ་རྒྱུ་རྐྱེན་གསུམ་ཡོད་དེ། དང་པོ་ནི་ང་ཐེངས་ཤིག  ཨ་རིའི(ཀོ་ལིང་པི་ཡ་སློབ་ཆེན)གྱི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཕྱིན་དུས། དེར་(དཔལ་ཕྲུག)རྒྱ་བོད་དབྱིན་གསུམ་ལ་བྱང་བ་ཞིག་ཐུག་པར། གང་ནས་མཐར་ཕྱིན་པ་ཡིན་ཞེས་དྲིས་པར། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་པ་ཡིན་ཟེར།  དེ་རྗེས་པེ་ཅིན་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་ཚངས་པོ་ཟེར་བའི་ཆེད་མཁས་པ་ཆེས་བཟང་བ་ཞིག་དང་ཐུག་པར། གང་ནས་མཐར་ཕྱིན་པ་ཡིན་ཞེས་དྲིས་པས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་པ་ཡིན་ཟེར།  ང་རང་ཧྲན་ཀྲན་དུ་ནང་བསྟན་ཤེས་རིག་གླེང་སྟེགས་ཤིག་ལ་ཞུགས་སྐབས། སྤྲུལ་སྐུ་གུར་དགའ་ཞུ་བའི་ནང་བསྟན་ལ་མཁས་པ་ཞིག་དང་ཐུག་པར། གང་ནས་སློབ་མཐར་ཕྱིན་པ་ཡིན་ཞེས་དྲིས་པས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་པ་ཡིན་ཟེར། ཡང་ཐེངས་ཤིག་རྫོང་སར་མཁྱེན་བརྩེ་དབང་པོས་ཧང་ཀང་དུ་བསྡུས་པའི་རྒྱ་ཡིག་གི་ཐེག་དམན་གྱི་ཆོས་གཞུང་འགའ་བོད་ཡིག་ཏུ་བསྒྱུར་བའི་ལས་གཞིའི་སྐོར་གྱི་ཚོགས་འདུའི་སྟེང་། ཁོང་གིས་མ་དངུལ་བཏང་སྟེ་ཆེད་མཁས་པ་ཁག་གཅིག་གདན་འདྲེན་བྱས་པའི་ནང་དུ། ང་དང་མཆོག་སྤྲུལ་གཟན་དཀར་ཡང་གདན་འདྲེན་བྱས། སྐབས་དེའི་འབྱོར་ཐོ་འགོད་ཉིན་གྱི་གསོལ་སྟོན་ཐོག་ནས། དེའི་ནང་གི་བརྒྱ་ཆ་བརྒྱད་ཅུར་བརྒལ་བའི་ཆེད་མཁས་པ་རྣམས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་པ་ད་གཟོད་ཤེས།  དེར་བརྟེན།  ངས་ག་ལེར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཟེར་བ་དེ་སྤོས་ལྡན་གྲོང་ངམ་ཡང་ན་ཡུལ་གང་ཞིག་ལ་བཙུགས་ཡོད་པ་ཡིན་ནམ་བསམས་ཤིང་ཆ་མ་འཚལ། དེ་ནས་བཟུང་ཡུན་རིང་ཞིག་ལ་ང་རང་སློབ་གྲྭ་འདི་ལ་ཡིད་སྨོན་ཤོར། གཉིས་པ་ནི། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་ངེད་གཉིས་ཀྱི་གླེང་མོལ་ཁྲོད་ནས། ཁོང་གིས་ཁོང་རང་ཕྱི་གླིང་དུ་ཕེབས་ཏེ་བོད་རྒྱ་ཚིག་མཛོད་ཆེན་མོའི་སྐོར་གྱི་ལས་ཀ་བྱེད་ཚུལ་དང་། ཨ་རིའི་ཀོའུ་ལིང་པིང་ཡ་སློབ་ཆེན་གྱི་གདན་ཞུ་སློབ་དཔོན་དུ་ཕེབས་རབས་སོགས་གང་ཡང་མི་གླེང་བར། སྤོབས་པ་དང་བཅས་ང་ཚོའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གཅིག་གཅིག་དང་། ང་ཚོའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གཉིས་གཉིས་ཞེས་གླེང་གིན་འདུག    གསུམ་པ་ནི། དེ་རིང་སློབ་གྲྭའི་བཟོ་གསོ་དངོས་སྦྱོང་ཁང་གཉིས་ལ་ལྟ་སྐོར་བྱེད་སྐབས་ཤེས་གསལ་ལྟར།  སྔ་རབས་ཀྱི་གཡུ་ཐོག་གསར་རྙིང་གཉིས་ནས་ཉེ་རབས་ཀྱི་མཁྱེན་རབ་ནོར་བུ་ཕུད་མཁས་དབང་ཁྲོ་རུ་ཚེ་རྣམ་ཡན་ན་སྨན་པ་མཁས་པ་གཞན་མེད་པ་དེ་ཉིད། དེ་སྔར་སློབ་གྲྭ་འདིའི་གསོ་རིག་དགེ་རྒན་ཡིན་པ་དང་། ཉེ་རབས་སུ(ཨ་མདོ་བྱམས་པ)ཕུད་བཟོ་རིག་པར་མཁས་དབང་ཐང་ལྷ་ཚེ་དབང་ཡན་ན་མེད་པ་དེ། དེ་སྔར་སློབ་གྲྭ་འདིའི་བཟོ་རིག་དགེ་རྒན་ཡིན་པ་དང་། དེ་བཞིན་བོད་སྐད་ཡིག་དགེ་རྒན་ནི་མཆོག་སྤྲུལ་གཟན་དཀར་ཡིན་པ་སྟེ། མིག་སྔར་རྒྱལ་ནང་དུ་བོད་ཀྱི་དཔེ་རྙིང་བསྡུ་རུབ་དང་བོད་ཀྱི་རིག་གནས་གོང་སྤེལ་གཏོང་བའི་མཛད་རྗེས་ལ་ཁོང་གི་ཡན་ན་གཞན་སུ་ཡོད། དེང་གི་བླ་སྤྲུལ་མཁན་གསུམ་དང་རབ་འབྱམས་པ་དང་འབུམ་རམ་པ། དེ་བཞིན་ཧོ་ཐོག་ཐུའི་ཁྲོད་ནའང་། ཁོང་གི་མཁས་བཙུན་བཟང་བའི་ཡོན་ཏན་ལ་འགྲན་བཟོད་པ་ཞིག་ཡོད་རེ་དཀོན། ཁོང་གསུམ་པོ་སློབ་གྲྭ་འདིའི་དགེ་རྒན་དུ་བཀུར་ཡོད་ན། སློབ་གྲྭ་འདི་ལྟ་བུས་ཕུལ་བྱུང་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱས་མི་ཐུབ་པའི་རྒྱུ་མཚན་ག་ལ་ཡོད། རྒྱུ་རྐྱེན་དེ་གསུམ་ལ་བརྟེན་ནས་ང་རང་ད་རེས་སློབ་གྲྭ་འདིར་སླེབས་པ་ནི་གཟི་བརྗིད་ཅིག་ཏུ་བརྩིས་ཡོད། ད་དུང་སློབ་གཙོ་འཇམ་བློ་དང་ཡང་དངོས་སུ་ཐུག་ཐུབ་པ་བྱུང་། ངས་དཔེ་ཅི་ཞིག་གིས་སློབ་གྲྭ་འདི་མཚོན་ཐུབ་མིན་ཤེས་ཀྱི་མི་འདུག  གལ་ཏེ་དཔེ་ཅུང་འཚམས་ཤོས་ཤིག་གདམ་དགོས་ན་དེ་ནི་སློབ་གྲྭ་འདི། བོད་ཡིག་གི་ཧྭང་ཕོའུ་དམག་གི་སློབ་གྲྭ་ལྟ་བུ་རེད། ཧྭང་ཕོའུ་དམག་གི་སློབ་གྲྭ་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་རླབས་ཆེ་བའི་སློབ་གྲྭ་ཞིག་རེད། རྒྱལ་ཡོངས་ཀྱི་ཡུལ་གྲུ་སོ་སོར་ཧྭང་ཕོའུ་དམག་གི་སློབ་གྲྭའི་སློབ་གྲོགས་ཚོགས་པ་མང་པོ་ཡོད་ཅིང་། ཡུན་ནན་དང་པེ་ཅིང་ཧྲང་ཧེ་སོགས་ལ་ཡོད་པའི་ཧྭང་ཕོའུ་སློབ་གྲོགས་ཚོ་ལོ་རེ་བཞིན་འདུ་འཛོམས་བྱེད་ཀྱིན་ཡོད་པ་རེད། དེས་ན་ངས་སློབ་གྲྭ་འདི་བོད་ཡིག་གི་ཧྭང་ཕོའུ་དམག་གི་སློབ་གྲྭ་རེད་ཅེས་བརྗོད་པར་འདོད། སློབ་གྲྭ་འདི་འདྲ་ཞིག་བཙུགས་ཐུབ་པར་མཛད་རྗེས་ཆེ་ཤོས་ཡོད་པ་དེ་ནི་ལས་དཔོན་བཀྲ་ཤིས་ཚེ་རིང་ལགས་རེད། ཁོང་རྗེས་སུ་སི་ཁྲོན་དམངས་ཆེན་གྱི་ལས་དཔོན་གཞོན་པར་བསྐོས།  ཁོང་གིས་མི་རིགས་དོན་གཅོད་ཨུ་ལྷན་གྱི་ལས་དཔོན་གནང་སྐབས་སློབ་གྲྭ་འདི་བཙུགས་པ་རེད། ཁོང་གི་ལས་ཀ་གཉིས་པ་ནི་ཁྲིའུ་ཏུའུ་ཕིག་རྫོང་དུ་ས་ཉོས་ཏེ་བཀའ་བསྟན་དཔེ་བསྡུ་ཁང་བཙུགས་པ་དེ་རེད།  དེ་རིང་འདིར་དཔོན་པོ་ཡང་མི་ཉུང་བ་ཞིག་འདུག  ང་ཚོ་དཔོན་པོ་ཚོས་སོམས་དང་། ཁྱེད་ཀྱིས་མི་ཚེ་འདིར་མི་ཚོས་བརྗེད་དཀའ་བའི་ལས་ཀ་གཅིག་གམ་གཉིས་ཙམ་བསྒྲུབས་ཡོད་ཚེ། ཁྱེད་ཀྱིས་རང་གི་རྩ་འཛུགས་ལ་མི་རུང་བ་མེད་པ་དང་།  རང་གི་མི་སེར་ལ་མི་རུང་བ་མེད་པ་དང་།  རང་གི་གཞུང་དྲང་ལ་མི་རུང་བ་མེད་པ་རེད། གལ་ཏེ་དཔོན་པོ་ཞིག་གིས་མི་ཚེ་གཅིག་རིང་དུ་ལས་ཀ་ཧ་ཅང་མང་པོ་ཞིག་བསྒྲུབས་བསྒྲུབས་པའི་མཐར། མི་ཚོས་ཁྱེད་ཀྱིས་ཅི་ཞིག་བསྒྲུབས་ཡོད་པ་མི་ཤེས་ཚེ།  ཁྱེད་རང་ངལ་དུབ་ཀྱིས་ན་ནས་ཤི་སོང་བ་ཡིན་ཡང་ཅི་ལ་ཕན་ཏེ། མི་ཚོས་ཁྱེད་རང་བརྗེད་རྒྱུ་རེད། ངས་ཐག་ཆོད་པོས་བཤད་ཕོད་པ་ཞིག་ནི་ངས་སི་ཁྲོན་ཞིང་ཆེན་གྱི་དྲུང་ཆེ་དང་མངའ་དཔོན་གང་དང་གང་ཡིན་མི་དྲན་མོད། འོན་ཀྱང་བཀྲ་ཤིས་ཚེ་རིང་བརྗེད་ཐབས་མི་འདུག  ཡང་གཅིག་བཤད་ན་བཀྲ་ཤིས་ཚེ་རིང་གི་དཔོན་ཐོབ་ཀྱང་ཧ་ཅང་མཐོན་པོ་རང་མ་ཡིན་པར་ཐིག་རིམ་གཉིས་པར་བསྣུར་ཚར་བ་ཞིག་རེད།  འོན་ཀྱང་ཁོང་གིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་པ་དང་། བཀའ་བསྟན་དཔེ་བསྡུ་ཁང་བཙུགས་པའི་ལས་ཀ་དེ་གཉིས་ཀྱིས་ཁོང་ནམ་ཡང་སི་ཁྲོན་གྱི་བོད་པ་དང་རིག་གནས་པ་ཚོའི་སེམས་ནས་བརྗེད་ཐབས་མེད་པར་གྱུར་ཡོད།  དེ་ཡང་ལོ་བཞིའི་སྔོན་དུ་བློ་མཐུན་གནིང་རུའུ་ཧའ་ལགས་ཡུན་ནན་ལ་གུང་གསེང་སྤྲོ་སྐྱེལ་དུ་ཕེབས་སྐབས། ངེད་གཉིས་གླེང་མོལ་བྱུང་ཞིང་ཁོང་གིས་ཅིན་གར་འཁྲབ་ལེན་བསྡུ་སྒྲིག་དང་སྒྲ་ཕབ་ལས་གཞི་ཞིག་སྒྲུབ་ཀྱིན་ཡོད་ཟེར།  ངས་ཁོང་ལ་དེར་ང་ཚོས་ཉན་མི་ཤེས་པས་དགོས་པ་ཅི་ཡོད་ཅེས་དྲིས་པར། ཁོང་གིས་ངར་བསྟན་འཛིན་ཁྱེད་ཀྱིས་ཨེ་ཤེས། ཟློས་གར་འདི་ལོ་དྲུག་ཙམ་ལ་བསྒྲིགས་རྗེས།  མི་ཚོས་ངས་དེ་སྔོན་རྒྱལ་ཡོངས་སྲིད་གྲོས་དབུ་ཆེན་གྱི་འགན་ཁུར་མྱོང་བ་བརྗེད་ཟིན་ཡང་། ངས་བསྡུ་སྒྲིག་བྱས་པའི་ཅིན་གར་དེ་མི་རབས་ནས་མི་རབས་སུ་བརྒྱུད་རྗེས། མི་ཚོས་འདི་གནིང་རུའུ་ཧའ་ཡིས་བསྒྲིགས་པ་རེད་ཅེས་དྲན་ཐུབ་ངེས་རེད་ཟེར། སྐད་ཆ་དེས་རིག་གནས་ཀྱི་ཕྱོགས་ཐད་ནས་ལས་ཀ་བསྒྲུབས་ན་དོན་སྙིང་ཡོད་པ་དེ་གསལ་བཤད་བྱས་པ་རེད།  དེས་ན་ངའི་རེ་བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་འདི་རྗེས་མར། བོད་ཀྱི་རིག་གནས་རྒྱུན་འཛིན་གྱི་རྟེན་གཞི་དང་། བོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྟེན་གཞི་དང་།  བོད་ཀྱི་རིག་གཞུང་ཞིབ་འཇུག་གི་རྟེན་གཞིར་འགྱུར་དགོས།  བོད་ཀྱི་རིག་གནས་ཟབ་རྒྱ་ཆེ་བ་དེ་དཔེ་མི་སྲིད་པ་ཞིག་རེད། བོད་ཀྱི་རིག་གནས་རྒྱུན་འཛིན་གྱི་རྟེན་གཞིའི་ཐད་དུ།  ངས་ད་གིན་མཇལ་བའི་ཁྱེད་ཚོས་བཟོས་པའི་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔའི་རྒྱུད་ཁུངས་མཚོན་པའི་ཐང་ག་བཅུ་བྲིས་པ་དེ་ལྟར་རེད།  བོད་ཀྱི་རིག་གནས་དེ་ཕར་བཤད་ཚུར་བཤད་ཇི་ལྟར་བྱས་ཀྱང་རིགས་མི་འདྲ་བ་དྲུག་ཅུ་ལྷག་ཡོད་ཅིང་། བསྡུས་ན་རིག་པའི་གནས་ཆེན་ལྔ་དང་ཆུང་བ་ལྔ་སྟེ་རིག་གནས་བཅུར་འདུས་པ་རེད།  དེས་ན་གནས་འདི་བོད་ཀྱི་རིག་གནས་རྒྱུན་འཛིན་གྱི་རྟེན་གཞིར་རུང་བ་རེད།  གཉིས་པ་དེ་སྔར་བོད་ཀྱི་ཤེས་ལྡན་མི་སྣ་མང་པོ་དེ་ཙམ་བསྐྱངས་པ་རེད། མ་འོངས་པར་ཡང་དེ་བཞིན་བོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྟེན་གཞིར་འགྱུར་དགོས་པ་རེད།
        གསུམ་པ་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་རྟེན་གཞི་སྟེ། དེང་སང་རྒྱ་རིག་པ་ཕུད་རྗེས་འཛམ་གླིང་སྤྱི་མཐུན་གྱིས་ཁས་བླང་རྒྱུ་དེ་ནི་བོད་རིག་པ་ཙམ་ལས། པེ་རིག་པ་དང་དབྱིས་རིག་པ། སོག་རིག་པ་སོགས་གོ་མ་མྱོང་། ང་དེ་སྔོན་འཛམ་གླིང་གི་རྒྱལ་ཁབ་རེ་གཉིས་ཙམ་ལ་ཕྱིན་མྱངས། དེ་དག་ལས་ཕལ་ཆེ་བ་སྟེ་དབྱི་ཐྲ་ལི་དང་། དབྱིན་ཇི་དང་། ཧྥ་རན་སི་དང་།  འཇའ་མན་དང་།ཨ་སྲ་ནིའུ་ཡ་སོགས་ཀྱི་རྒྱལ་ཁབ་ཏུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཡོད་པ་རེད། ཨ་སྲ་ནིའུ་ཡ་རྒྱལ་ཁབ་ལ་མི་གྲངས་ཁྲི་ཉིས་བརྒྱ་ཙམ་ལས་མེད་ཅིང་། རྒྱལ་ཁབ་དེའི་སློབ་གྲྭ་ཞིག་ལ་འཚམས་འདྲིར་འགྲོ་སྐབས་སྐྲ་སེར་པོ་ཡིན་པའི་མཛེས་མ་ཞིག་གིས་ངའི་བཟོ་ལྟར་བལྟས་ཏེ། དབྱིན་སྐད་ཀྱིས་ཁྱེད་བོད་རིགས་ཡིན་ནམ་ཞེས་དྲིས་པར། ངའི་དབྱིན་སྐད་ཡག་པོ་མེད་པས། བོད་སྐད་ཀྱིས་ང་བོད་རིགས་ཡིན་ཞེས་བཤད་པས། མོས་ཨཱ་བཀྲ་ཤིས་བདེ་ལེགས་ཞེས་ཟེར། ངས་མོར་ཁྱེད་ཀྱིས་བོད་སྐད་ཤེས་སམ་ཞེས་དྲིས་པར། མོས་ཤེས་ཟེར་ནས་བོད་སྐད་བྱང་ལ་དག་པ་ཞིག་བཤད་སོང་། ད་དུང་སློབ་གྲྭ་དེའི་ནང་དུ་བོད་ཡུལ་དུ་ཕྱིན་མ་མྱོང་ཡང་བོད་སྐད་བྱང་མ་བཤད་ཤེས་མཁན་འདུག དེར་བསམས་ན་ཕྱི་གླིང་བས་བོད་རིག་པར་མཐོང་ཆེན་བྱེད་ཀྱིན་ཡོད་པ་མཚོན་ཞིང་། རགས་བརྩིས་བྱས་ན་འཛམ་གླིང་ཡུལ་གྲུ་ཁག་ཏུ་བོད་རིག་པའི་ཞིབ་འཇུག་ཁང་བདུན་ཅུ་ལྷག་ཙམ་ཡོད།  དེ་ལྟར་ཕྱི་གླིང་བས་བོད་རིག་པར་ཞིབ་འཇུག་དེ་ཙམ་བྱེད་ཀྱིན་ཡོད་ན། ང་ཚོ་རང་རང་གིས་ཞིབ་འཇུག་མི་བྱེད་ན་ཅིར་འགྱུར་རྒྱུ་རེད། རྒྱུ་མཚན་དེས་ན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་འདི་ཉིད། བོད་ཀྱི་རིག་གཞུང་ཞིབ་འཇུག་གི་རྟེན་གཞིར་འགྱུར་དགོས། ཁྱེད་ཚོས་རིག་བཅུ་མཚོན་པའི་ཐང་ག་ཡང་གྲ་སྒྲིག་བྱས་འདུག  གཞན་སློབ་གྲྭ་འདི་ཆེ་ཆུང་དང་སློབ་མ་མང་ཉུང་ཇི་འདྲ་དགོས་མིན་སོགས་གལ་གནད་ཆེན་པོ་མ་རེད་སྙམ། ང་ཚོའི་བོད་ཀྱི་གཏམ་དཔེ་ལ། ཐབ་ཆུང་ན་མེ་ཚ་ཞེས་པ་ལྟར་རེད། ཐབ་ཆེ་ན་མེ་ཚ་བས་ཁྱབ་པ་མེད། གལ་ཏེ་སློབ་གྲྭ་འདི་པེ་ཅིན་ཆིང་ཧྭ་སློབ་ཆེན་ལྟ་བུ་ཆེན་པོ་ཞིག་ཡིན་ན། ཤེས་ལྡན་མི་སྣ་འདི་འདྲའི་མང་པོ་ཞིག་གསོ་སྐྱོང་ཐུབ་ཡོད་མེད་མི་ཤེས། ཙནྡན་དང་གོས་ཆེན་གྱིས་བརྡར་ཞིང་ཕྱི་བརྡར་བྱས་པ་ལྟར། དགེ་བའི་བཤེས་གཉེན་ཁྲོ་རུ་ཚེ་རྣམ་དང་ཐང་ལྷ་ཚེ་དབང་། གཟན་དཀར་ཐུབ་བསྟན་ཉི་མ་སོགས་ཀྱིས་གསོ་སྐྱོང་གནང་བའི་སློབ་མ་རྣམས། ད་ལྟར་འོད་འཕྲོ་བཞིན་པའི་གསེར་དང་འདྲ་བར་གྱུར་ཡོད། དཔེར་ན། (དཔལ་ཕྲུག)དང་ཚངས་པོ།  གུར་དགའ་སོགས་བགྲང་ལས་འདས་པ་ཞིག་བྱུང་ཡོད། ད་དུང་བླ་རུང་ནང་བསྟན་སློབ་གླིང་གི་མཁན་པོ(ཕལ་ཆེར་མཁན་པོ་ཡེ་ཤེས་ཕུན་ཚོགས་ལ་ཟེར་བ་ཡིན་ནམ་སྙམ།  སྒྱུར་བ་པོས།)ཞིག་ཀྱང་སློབ་གྲྭ་འདི་ནས་ཐོན་པ་རེད་འདུག  མདོར་ན་ཚིག་གཅིག་སྟེ་སློབ་གྲྭ་འདི་ཧ་ཅང་བཟང་པོ་རེད།  ད་ལྟར་བཞུགས་མེད་པའི་བཀྲ་ཤིས་ཚེ་རིང་དང་། ད་ལྟར་ཕྱག་ལས་གནང་བཞིན་པའི་གཟན་དཀར་ཐུབ་བསྟན་ཉི་མ་སོགས་ལ་བཀའ་དྲིན་ཞུ་འོས། གཟན་དཀར་ཐུབ་བསྟན་ཉི་མ་ནི་ང་སྒེར་ནས་བཤད་ན་བླ་མའི་བླ་མ་ལྟ་བུར་བཀུར་བཞིན་ཡོད།  དེར་བརྟེན་རླབས་ཆེན་རེད། དེང་སང་སྤྲུལ་སྐུ་ཟེར་བ་གོས་ཆེན་གྱི་ན་བཟའ་གྱོན་ཞིང་། ཧྲན་ཀྲན་དང་ཀའོ་ཀྲང་སོགས་བསྐོར་ནས་སྒོར་མོ་ཇི་ཙམ་མང་ན་བཟང་པོར་རྩི་མཁན་དེ་ཚོ་སྤྲུལ་སྐུ་ངོ་མ་མ་རེད། མཆོག་སྤྲུལ་ཐུབ་བསྟན་ཉི་མས་གཞན་ནས་སྐར་གང་མི་ལེན་ཞིང་། གལ་ཏེ་བླངས་ཀྱང་སྙིང་པོ་ཡོད་པར་གཏོང་གིན་ཡོད། དེས་ན་ཁོང་རྣམ་པ་གཉིས་ང་ཚོས་བརྗེད་མི་རུང་། འདི་ངས་བཤད་པའི་དོན་ཚན་དང་པོ་ཡིན། ཞེས་གསུངས། ཡང་ཁོང་གིས་དོན་ཚན་གཉིས་པ་གསུང་སྐབས། བོད་ཀྱི་དཔེ་རྙིང་ནི་བོད་ཡིག་གི་ཐོག་ནས་གླེང་དགོས་ཤིང་། ཡོངས་གྲགས་སུ་ལོ་ཆིག་སྟོང་སུམ་བརྒྱའི་ཡར་སྔོན་གྱི་སྲོང་བཙན་སྒམ་པོའི་སྐབས་སུ་སྲོལ་བཏོད་པར་བཤད་ཀྱང་། ནམ་མཁའི་ནོར་བུ་སོགས་ཀྱིས་ཞང་ཞུང་གི་ཤེས་རིག་ཞིབ་འཇུག་ལས་འཕྲོས་ཏེ། བོད་ཡིག་གི་ལོ་རྒྱུས་དེ་ལོ་ངོ་སུམ་སྟོང་གི་ཡར་སྔོན་དུ་གཏུགས་ཤིང་། ཐོག་མར་ཞང་ཞུང་གི་སྨར་ཆེན་དང་སྨར་ཆུང་གི་ཡི་གེ་བྱུང་བ་དང་། དེ་ནས་རིམ་བཞིན་ཐོན་མིས་གསར་བཅོས་མཛད་པར་གྲགས། དུས་སྐབས་བཟང་བའི་སྐབས་སུ་དཔེ་ཆ་མཛད་ཅེས་པ་ལྟར། བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་རིམ་བྱོན་ཚོས་བསམ་ཡས་སོགས་སུ། ནང་ཆོས་སོགས་ཤེས་རིག་འབོར་ཆེན་བསྒྱུར་ཞིང་། བསྟན་པ་ཕྱི་དར་གྱི་དུས་སུ་ས་སྐྱ་དགོན་སོགས་སུ་ནང་བསྟན་ཆོས་རིག་དུ་མ་བསྒྱུར། ད་ལྟར་ས་སྐྱ་དགོན་དུ་པོ་ཏི་ཁྲི་བཅུའམ་ཉི་ཤུ་ལྷག་ཡོད་པར་བཤད། (བསམ་ཡས་སུ་དཔེ་ཆ་ཁྲི་བརྒྱ་ལྷག་ཡོད་པར་བཤད།)དེའི་ཁྲོད་དུ་པོ་ཏི་བྱེའུ་བཀྱག་མ། པོ་ཏི་དྲེལ་བཀྱག་མ། པོ་ཏི་ལྕགས་ལུང་མ་ཞེས་པ་སོགས་བཞེངས་ཡོད་ཅིང་འཆད་ཉན་གྱིས་རྒྱུན་བསྐྱངས་པས། བོད་དུ་བཀའ་འགྱུར་དང་བསྟན་འགྱུར་གྱི་གཞུང་མ་ཉམས་པར་བྱུང་།  གལ་ཏེ་བཀའ་འགྱུར་དང་བསྟན་འགྱུར་ནི་ནང་ཆོས་ཙམ་དུ་བརྩིས་ན། ཁྱེད་ནི་རྨོངས་པ་ཞིག་དང་། བླུན་པོ་ཞིག་ཡིན་པར་མ་ཟད། བཤད་སྟངས་གཅིག་བྱས་ན་ཁྱེད་རང་ངོ་ཚ་མེད་མཁན་ཞིག་ཀྱང་ཡིན་པ་རེད།  གཞུང་དེ་དག་གི་ནང་དུ་སྟེང་གནམ་ནས་འོག་ས་གཞིའི་བར་གྱི་གནས་ཚུལ་བརྗོད་ཡོད་དེ། གནམ་རིག་དང་། ལོ་རྒྱུས་རིག་པ། ང་ཚོས་ཤོད་བཞིན་པའི་རིག་གནས་ཆེ་ཆུང་ལྔའི་ནང་གི་སྡེབ་སྦྱོར་དང་།  སྙན་ངག  གསོ་རིག  མཚན་ཉིད་རིག་པ། ཐ་ན་སྐྱེ་དངོས་རིག་པ་སོགས་རིགས་མི་འདྲ་བ་རེ་གཉིས་ཡོད། དེ་མ་ཟད་བཀའ་བསྟན་གྱི་གཞུང་དུ་ད་དུང(ལྕགས་སྐོར)ཞེས་གནམ་གྲུ་དང་འབྲེལ་བའི་ནང་དོན་དང་། རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་རྡུལ་ཕྲ་རབ་སོགས་ཀྱི་ནང་དོན་ཡང་འདུས་ཡོད་པ་རེད། ལོ་ངོ་ཆིག་སྟོང་ལྷག་གི་རིང་ནས་ད་བར་བོད་ཀྱི་རིག་གནས་རྒྱུན་འཛིན་བྱས་ཐུབ་པ་ནི། དཔེ་རྙིང་བསྡུ་སྒྲིག་གི་བྱ་བ་འདི་འདྲར་བརྟེན་ནས་བྱུང་བ་རེད། ད་རེས་ཁྱེད་ཚོས་བསྒྲིགས་པའི་དཔེ་རྙིང་ཕལ་ཆེར་ནི་ཏེ་ལོ་པ་དང་། ན་རོ་པ། ས་པཎ། མར་པ་ལོ་ཙཱ་བ་སོགས་ཀྱིས་མིང་ཆིང་གི་དུས་རབས་སུ་ཕྱག་བྲིས་གནང་བ་རྣམས་རེད་འདུག   བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ཞིབ་འཇུག་བྱེད་པའི་བྱ་གཞག་གི་ཁྲོད་དུ། ང་ཚོས་ངེས་པར་དུ་ཡིད་ལ་འཛིན་དགོས་པའི་གནད་ཅིག་ནི། རིག་གཞུང་རྒྱུན་འཛིན་ངོ་མ་ནི་སློབ་སྦྱོང་བྱ་རྒྱུ་དེ་རེད། ཐོས་བསམ་སྒོམ་གསུམ་བྱ་རྒྱུ་དེ་རེད།  དེས་ན་དཔེ་རྙིང་བསྡུ་སྒྲིག་དང་།  ཞིབ་འཇུག  སློབ་སྦྱོང་བཅས་བྱ་དགོས།  དེར་བརྟེན་དེང་སང་དགོན་པ་ཁག་གི་ནང་དུ་འགྲོ་སོང་འབོར་ཆེན་བཏང་ནས། ལྷ་སྐུ་ཆེན་པོ་བཞེངས་ཀྱིན་འདུག་ཀྱང་དེར་སྙིང་པོ་མེད།  བོད་ཀྱི་ལོ་རྒྱུས་སྟེང་གླང་དར་གྱི་སྐབས་དང་རིག་གསར་གྱི་སྐབས་སུ་བོད་ཀྱི་རིག་གནས་ཧ་ལམ་རྩ་གཏོར་ལྟ་བུར་སོང་ཡོད། ཁྱེད་ཚོའི་ཁྲོད་དུ་རིག་གསར་གྱི་ལས་འགུལ་དེ་གོ་མྱོང་ཡོད་ཀྱང་། དངོས་སུ་བརྒྱུད་མྱོང་ཡོད་མཁན་ཕལ་ཆེར་ཉུང་རྒྱུ་རེད། ང་བཅིངས་འགྲོལ་ཡར་སྔོན་46་ལོར་སྐྱེས་པ་རེད། དེས་ན་ངས་འདས་པའི་བོད་ཀྱི་གནས་ཚུལ་མང་པོ་ཤེས།  རིག་གསར་སྐབས་བོད་ཀྱི་རིག་གནས་ལ་གཏོར་བརླག་ཐེབས་པ་དེ་བློ་ངོར་མི་ཤོང་བ་ཞིག་ཡིན། སྐབས་དེ་དག་ཏུ་མི་ཚོས་ས་འོག་སོགས་སུ་སྦས་ཤིང་བསྐུངས་པའི་དཔེ་ཆ་འདྲ་མིན་དག  ཕྱིས་སུ་སླར་ཕྱིར་བཏོན་ནས་དར་ཞིང་རྒྱས་པ་རེད།  ཁྱེད་ཚོས་ད་རེས་འཚོལ་བསྡུ་བྱས་པའི་དཔེ་རྙིང་ཁྲོད་དུ་སྐབས་དེར་འཐོར་བའི་རིགས་ཀྱང་ཡོད་ངེས་ཤིང་།  ཐེངས་འདིའི་དཔེ་རྙིང་འཚོལ་བསྡུ་གནང་མཁན་མཁན་པོ་འཇམ་བློ་ཁོང་མི་རླབས་ཆེན་ཞིག་རེད། ཁོང(དང་ཁོང་གི་ཚོགས་ཁག་གིས་ལོ་བཅུ་ལྷག་ཙམ་རིང་བོད་ཁུལ་གྱི་ལུང་ཁུག་གྲོང་ཚོ་དང་དགོན་པ་སོགས་ཡུལ་དངོས་སུ་བསྐྱོད་དེ)འཚོལ་སྡུད་བྱས་པའི་དཔེ་རྙིང་དེབ་10000ལྷག་ཡོད་པ་ནས། ཐེངས་འདིར་ཁྱེད་ཚོས་ཚན་པ་703ཙམ་བདམས་ནས་དེབ་50ཙམ་དཔེ་སྐྲུན་བྱས་དང་བྱ་རྒྱུ་རེད། ཅེས་དང་།
བསྟན་འཛིན་ལགས་ཀྱི་སྙིང་གཏམ། གཉིས།
        མཐར་དོན་ཚན་གསུམ་པ་གསུང་སྐབས་ཁོང་གིས། མ་གཞི་དཔེ་རྙིང་དེབ་53ཡོད་པ་ལས་ཁག་དང་པོ་དེ་རིང་འགྲེམ་སྤེལ་བྱས་པའི་དེབ་སྤུས་ལེགས་གསུམ་པོ་འདི་ཉིད་ཡིན་ཞིང་། དེབ་སྤུས་ལེགས་རེད།  ཁག་གཉིས་པར་ཁྱོན་དེབ་50ཡོད་པའི་ནང་དུ་བྲིས་མ་703ཡོད་ཅིང་། དེའི་ནང་གི་ཚན་པ་དང་པོ་ནི་ས་སྐྱའི་རེད། གཉིས་པ་ནི་བཀའ་བརྒྱུད་ཀྱི་རེད། ( གསུམ་པ།)བཞི་པ་ནི་ཇོ་ནང་གི་རེད། ལྔ་པ་ནི་རྙིང་མའི་ཆོས་ཚན་རེད།  འོ་ན་དེབ་འདི་དངོས་སུ་པར་སྐྲུན་བྱས་པའི་རིན་ཐང་གང་ལ་ཡོད་ཅེ་ན། ངས་བསམས་ན་དེབ་འདིའི་ཇུས་འགོད་དང་དཔར་གཞི་སྒྲིག་སྦྱོར་ལེགས་ཤིང་ལྟ་ན་སྡུག་པས། ཨ་རིའི་དཔེ་སྐྲུན་སྐོར་གྱི་གཟེངས་རྟགས་ཆེ་ཤོས་པཎ་ནཱི་གཟེངས་རྟགས་ལས་རྩེ་གྲས་ཀྱི་གཟེངས་རྟགས་ཐོབ་པ་རེད། ཨ་རི་བས་དཔེ་སྐྲུན་གཟེངས་རྟགས་ཆེ་ཤོས་དེ་དེབ་འདིར་སྤྲད་པའི་རྒྱུ་མཚན་ནི། དེབ་འདིའི་ཕྱིའི་ཇུས་འགོད་དང་དཔར་གཞི་སྒྲིག་སྦྱོར་ལེགས་པར་བལྟས་ཡོད་པ་མ་ཟད། ནང་དོན་ལའང་བསམ་བློ་བཏང་ཡོད་ངེས་ཏེ། ཁོང་ཚོས་དེབ་འདིའི་ནང་དོན་བོད་ཀྱི་རིག་གནས་ཡིན་པ་ཧ་གོ་རྗེས། ནང་དོན་ལ་མ་བལྟས་ཀྱང་བོད་ཀྱི་རིག་གནས་འདི། རྒྱ་ཆེ་བ་དང་། ནང་དོན་བཟང་བ་དང་། འོད་སྟོང་འབར་བ་དང་། (བྱམས་བརྩེ།)ལྡན་པ་ཞིག་ཡིན་པ་ཤེས་ཡོད་པ་རེད། དེབ་འདིར་འཁོད་པའི་སྔོན་བྱོན་མཁས་པ་དག་གི་ཕྱག་བྲིས་ཀྱི་ཡིག་གཟུགས་འདིའི་རིན་ཐང་ཡང་གཞལ་དཀའ་བ་རེད། དེང་སང་གཟན་དཀར་རིན་པོ་ཆེ་ལྟ་བུ་མཁས་པ་རེ་གཉིས་ཤིག་ལས་དེ་དག་གི་ཡིག་གཟུགས་ལ་འགྲན་ནུས་པ་ག་ཚོད་ཅིག་ཡོད། དེབ་འདིའི་རིན་ཐང་དང་པོ་ནི། ནང་དོན་ཐད་དཀོན་ཞིང་རྩ་ཆེན་གྱི་དཔེ་རྙིང་ཡིན་པ་དེ་རེད།  རིན་ཐང་གཉིས་པ་ནི།  རྣམ་པ་གསར་གཏོད་དང་སྤུས་ལེགས་ཡིན་པ་དེ་རེད།  རིན་ཐང་གསུམ་པ་ནི། རིན་ཐང་གཞལ་དཀའ་བ་སྟེ་དེབ་འདིའི་ནང་དོན་དང་རྣམ་པ་ཡིག་གཟུགས་བཅས་གསུམ་པོ་གོང་བུ་གཅིག་ཏུ་གྱུར་པའི་རིན་ཐང་དེ་རེད། དེབ་འདིར་གཟེངས་བསྟོད་ཐོབ་པའི་དོན་སྙིང་བཞི་ཡོད་པ་སྟེ། དང་པོ་ནི་དེབ་འདི་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་དཔེ་རྙིང་རྩ་ཆེན་ཞིག་ཡིན་པ། གཉིས་པ་ནི་བོད་ཀྱི་རིག་གནས་ཞིབ་འཇུག་གི(དཔྱད་གཞི།)གལ་ཆེན་ཞིག་ཡིན་པ། གསུམ་པ་ནི་བོད་ཀྱི་རིག་གནས་གོང་སྤེལ་གཏོང་བའི་(དཔེ་ལྟོས)གལ་ཆེན་ཞིག་ཡིན་པ། བཞི་པ་ནི་བོད་ཀྱི་རིག་གནས་དར་སྤེལ་གཏོང་བའི་གསུང་རབ་གླེགས་བམ་ཞིག་ཡིན་པ་རེད།     
        དེ་ཡང་ང་ཚོས་བདེན་ཡོད་སྤོབས་ཆེའི་ངང་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་དགོས་ཏེ། དབུ་ཆེན་ཞིན་ཅིན་ཕིང་གི་གསུང་ཚིག་གཉིས་ཡོད་པ་ལས། གཅིག་ནི་ཀྲུང་ཧྭ་རིག་གནས་ནི་མི་རིགས་ང་དྲུག་གིས་ཐུན་མོང་དུ་གསར་གཏོད་བྱས་པ་རེད་ཅེས་པ་དེ་དང་། གཅིག་ནི་ཀྲུང་ཧྭ་རིག་གནས་ཀྱི(དཔེ་མང་།)རང་བཞིན་དང་། སྣ་ཚོགས་རང་བཞིན་དང་། སྣ་མང་ཕུང་གཅིག་གི་གནས་བབ་རྒྱུན་འཁྱོངས་བྱ་དགོས་ཞེས་གསུངས་པ་དེ་རེད།  ཕུང་གཅིག་གི་སྔོན་འགྲོ་ནི་སྣ་ཚོགས་དང་སྣ་མང་དེ་ཡིན་པ་རེད། སངས་རྒྱས་ཆོས་ལུགས་དེའང་བོད་ཀྱི་རིག་གནས་རེད། དཔེར་ན། འཆམ་རྒྱག་པ་དེ་རིག་གནས་ཀྱི་སྣང་ཚུལ་ཞིག་མིན་ན་ཅི་རེད། དེ་ཟློས་གར་མིན་ན་ཅི་རེད།  སངས་རྒྱས་ཆོས་ལུགས་ཀྱི་རོལ་དབྱངས་དེ་རོལ་མོ་མིན་ན་ཅི།  དེ་དཔེ་མི་སྲིད་པ་ཞིག་རེད།  སངས་རྒྱས་ཀྱི་སྐུ་འདྲ་དེ་ཆེས་ཆེ་བའི་བཟོ་བཀོད་སྒྱུ་རྩལ་ཞིག་རེད།  དེའི་ནང་དུ་ཐང་གའི་རིག་གནས་ཀྱང་འདུས། དེ་ལྟར་བོད་ཀྱི་རིག་གནས་ཀྱི་སྙིང་པོ་གསུམ་ཡོད། དེ་ལ་བོད་ཀྱི་རིན་ཆེན་རྣམ་གསུམ་ཡང་ཟེར། དང་པོ་ནི་བོད་ཀྱི་ཡིག་གཟུགས་རེད། གཉིས་པ་ནི་ཐང་གའི་རི་མོ་རེད། གསུམ་པ་ནི་བོད་སྨན་རེད། བོད་ཀྱི་རིག་གནས་འཛམ་གླིང་ན་ཁྱབ་པ་དང་པོ་ནི་བོད་སྨན་རེད། བོད་སྨན་གྱིས་འཛམ་གླིང་ན་སྙན་གྲགས་འཇོག་བཞིན་པ་དང་གཟེངས་བསྟོད་ཆེན་པོ་ཐོབ། གལ་ཏེ་མིའི་ལུས་ཀྱི་གསང་གནད་གཏོར་ཐུབ་ཚེ་ནུབ་སྨན་ཉི་མ་གཅིག་ལ་དགོས་མེད་དུ་འགྱུར་རྒྱུ་རེད།  བོད་སྨན་ལ་ལོ་མང་རིང་གི་ཉམས་མྱོང་རང་བཞིན་དང་རྒྱུན་སྤེལ་རང་བཞིན། ཚན་རིག་རང་བཞིན་སོགས་ལྡན་པ་རེད། བོད་ཀྱི་རེབ་གོང་སོགས་ནས་ལྷ་བཟོ་མཁས་པས་བྲིས་པའི་ཐང་ག་འགའ་ཡིས། མི་དམངས་ཤོག་སྒོར་ཁྲི་ཚོ་སུམ་བརྒྱ་ཡན་ཁུག་ཅིང་། ཆེས་ཉུང་ནའང་ཁྲི་ཚོ་ལྔ་བཅུ་ཡན་ཁུག་ཐུབ་པ་རེད། དེ་ལས་སྔར་བའི་ཐང་ག་སྤུས་ལེགས་ཡིན་ན་ཁྲི་ཚོ་སྟོང་ལྷག་ཁུག་པ་རེད། འོན་ཀྱང་སངས་རྒྱས་ཆོས་ལུགས་པས་དེ་ཉོ་ཚོང་གི་ཆེད་དུ་སྤྱོད་མི་རུང་བ་རེད།  བོད་ཀྱི་ཡིག་གཟུགས་ཀྱི་ཁྱད་ཆོས་ཀྱང་སྨོས་མ་དགོས་པ་ཞིག་རེད།  དེ་ལྟར་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་ཆོག་པར་ཀྲུང་དབྱང་ནས་གསལ་པོ་གནང་ཚར་བ་དང་། གོང་གསལ་ཞིན་ཅིན་ཕིང་གི་གསུང་དེས་བོད་ཀྱི་རིག་གནས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་ཐེ་བ་དང་བཅས་པ། རྒྱུན་འཛིན་དང་ཞིབ་འཇུག་དར་སྤེལ་གཏོང་བར། བར་སྟོང་ཆེས་ཆེན་པོ་ཞིག་འདོན་སྤྲོད་བྱས་ཡོད།  ང་རང་སྔ་ཕྱི་ཐེངས་གཉིས་དར་མདོར་ཡོང་བས། སྤྱི་ཁྱབ་སྡེ་བ་བྱམས་བློས་དེ་སྔོན་ལོ་ངོ་གཉིས་རིང་ལ། དཀར་མཛེས་ཁུལ་གྱི་རིག་གནས་འཛུགས་སྐྲུན་གྱི་བྱ་གཞག་ཐད།  མང་ཚོགས་ཀྱི་ཁྲོད་དུ་སྙན་གྲགས་དང་ཤུགས་རྐྱེན་ཆེས་ཆེན་པོ་བཞག་ཐུབ་པ་བྱུང་འདུག   ང་ཚོའི་བཀྲ་ཤིས་ཚེ་རིང་དང་འདྲ་བར་རིག་གནས་ཐད་བརྗེད་དཀའ་བའི་ལས་ཀ་བྱེད་པ་མ་གཏོགས། བྱ་བ་གཞན་ལ་དཀའ་བ་སྤྱད་ན་དགོས་པ་མི་འདུག   གནའ་དཔེ་འཚོལ་བསྡུ་སོགས་བསྒྲུབ་ན་འགྲིག་པ་རེད། ཁོང་གིས་ཁམས་པའི་རྩོམ་པ་པོ་མཐུན་ཚོགས་བཙུགས་ཤིང་། སྔ་ཕྱིར་དེབ་དུ་མ་དཔེ་སྐྲུན་བྱས་འདུག  ད་དུང་མི་རིང་བར་ཁམས་པའི་སྒྱུ་རྩལ་དུས་ཆེན་གཟུགས་གྲབས་བྱེད་ཀྱིན་ཡོད་པ་ཚོར་བྱུང་། དེ་དངོས་གནས་རླབས་ཆེན་རེད།  ངས་ཀྱང་རེ་ཞུ་བྱས་ཏེ་དེར་ཞུགས་བསམ་པ་ཡོད།  དེ་འདྲ་ལ་ཐེངས་རེར་ཞུགས་ཐུབ་ན་སེམས་ཁམས་སྔར་མེད་དུ་སྤྲོ་ངེས་ཡིན། སྤྱིར་ང་ཚོ་ད་ལྟར་སེམས་མི་སྐྱིད་པ་མེད། མིའི་བདེ་སྐྱིད་ངོ་མ་དེ་སྒོར་མོ་ཁོ་ནའི་སྟེང་ནས་གཞལ་རྒྱུ་མ་རེད།  འོན་ཀྱང་སྒོར་མོ་མེད་ནའང་མི་འགྲིག་སྟེ། གལ་ཏེ་ཀྲུང་དབྱང་གིས་སྒོར་མོ་འབོར་ཆེན་མ་བཏང་ན་ང་ཚོས་དཔེ་རྙིང་རྩ་ཆེན་འདི་འདྲ་འཚོལ་བསྡུ་བྱས་མི་ཐུབ། མཛའ་མཐུན་ནི་སྒོར་མོ་ལས་ཀྱང་གལ་ཆེ་བ་རེད།  ང་ཚོ་དེ་རིང་ལྷན་འཛོམས་བྱུང་ཞིང་། སྤྱི་ཁྱབ་སྡེ་བ་བྱམས་བློ་དང་ཐུག་པར་སེམས་པ་ཧ་ཅང་དགའ་པོ་བྱུང་། འདི་རིག་གནས་པ་དང་རིག་གནས་པ་ཐུག་པའི་དགའ་གུས་ཤིག་རེད།  རྒྱུན་དུ་མཉམ་པོར་ཆང་བཏུང་ཞིང་འཛོམས་པ་ཡིན་ན་མཛའ་མཐུན་ཡོད་པའི་ངེས་པ་མེད་ཅིང་། མཛའ་མཐུན་ངོ་མ་ནི་རྒྱུན་དུ་མ་ཐུག་ཀྱང་སེམས་ནས་བརྗེད་དཀའ་བ་དེ་རེད། འདི་སྒོར་མོས་ཉོ་མི་ཐུབ། ཐེངས་འདིར་ང་རང(འོད་ཟེར་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ།)ལུའུ་ཝེའི་བཀའ་ལྟར། ང་རང་ལ་ལས་བྲེལ་ཆེན་པོ་ག་འདྲ་ཡོད་ཀྱང་ཚང་མ་བསྐྱུར་ཏེ་རྒྱུག་ཡོང་བ་ཡིན།  ལམ་བར་གྱི་གནམ་གྲུའི་རིན་པ་སོགས་འགྲོ་གྲོན་རང་སྒེར་གྱིས་གཏང་དགོས་ནའང་ཡོང་འདོད་བྱུང་། རྒྱུ་མཚན་ནི་དེབ་འདི་དག་གི་ཇུས་འགོད་སོགས་ཕྱོགས་མང་པོ་ཞིག་གི་ཐད་ནས་རིན་ཐང་དང་ལྡན་པ་བྱུང་ཡོད་ཅིང་། དེ་ཡང་རྒྱ་རིགས་ནི་བོད་རིགས་ལས་ཅུང་སྤྱང་པོ་ཡོད་པས་ཡིན་པ་དང་། ཁོང་གི་ཤེས་རབ་དང་ད་དུང་ཁོང་ལ་སྒོར་མོ་གཏོང་བའི་དབང་ཆ་ཡོད་པ་མ་ཟད། ཆེས་གལ་ཆེ་བ་ཞིག་ནི་ཁོང་ལ་བརྩེ་སེམས་ཡོད་པ་སྟེ། ཁོང་གིས་ད་གིན་ངོ་སྤྲོད་གནང་བ་བཞིན་ཁོང་གིས་དེ་སྔར་བོད་ལྗོངས་སུ(ལོ་ངོ་ཉི་ཤུ་ལྷག)ལས་ཀ་བསྒྲུབས་མྱོང་ཞིང་།  བོད་ལྗོངས་སུ་སྙན་གྲགས་ཆེན་པོ་ཡོད་པ་རེད། ངས་ཁོང་བོད་ལྗོངས་ཀྱི་དབུ་ཆེན་གནང་རྒྱུའི་འོས་སྦྱོར་ཡང་བྱས་མྱོང་། ཐེངས་འདིའི་ལས་ཀར་ཡང་འོད་ཟེར་ཉིན་རེའི་ཚགས་པར་ཁང་དང་། ལྷག་པར་ལུའུ་ཝེ་མི་སྒེར་གྱི་བརྩེ་སེམས་དེ་མཐུན་རྐྱེན་གཙོ་བོར་གྱུར་ཡོད།  (ལུའུ་ཝེས་ཟུར་ནས་དེབ་འདི་སྤུས་དག་ཅིག་བྱུང་བ་ནི་གཙོ་བོ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་རེད་གསུང་གིན་འདུག)དེར་བརྟེན་ངས་གོ་སྐབས་འདིར་བསྟུན་ནས་དོན་ཚན་གསུམ་པོ་འདི་བཤད་པ་ཡིན། ཚང་མར་བཀའ་དྲིན་ཧ་ཅང་ཆེ་ཞུ་རྒྱུ་ཡིན། དེང་སྐབས་ཀྲུང་དབྱང་ནས་རིག་གནས་ཐད་ཀྱི་སྲིད་ཇུས་བཟང་པོ་འདི་འདྲ་གཏན་འབེབས་བྱས་ཡོད་པ་རེད། འདི་འདྲའི་གུ་ཡངས་དང་། འདི་འདྲའི་ཁོང་ཡངས་ཡིན་པ་རེད། རིག་གསར་གྱི་དུས་སྐབས་དང་གཏན་ནས་མི་འདྲ། ཕྱོགས་གཅིག་ནས་བཤད་ན་ང་ཚོར་འདི་འདྲའི་ནོར་བུ་མང་པོ་ཞིག་ཡོད་པས།  སྲིད་ཇུས་ཀྱིས་གོ་སྐབས་བཟང་པོ་གནང་བ་འདིར་སྟབས་བསྟུན་ཏེ། ང་ཚོ་རིག་གནས་པ་རྣམས་ཁྲ་འཁྱིལ་ལེར་གར་སྟེགས་ཐོག་ཏུ་ཐོན་པའི་དུས་སྐབས་ཤིག་རེད། ད་དུང་ཁྱེད་ཚོའི་(དཀར་མཛེས་ཁུལ།)ཐེངས་འདིའི་རྟ་རྒྱུག་དུས་ཆེན་ལྟ་བུ་ཡང་། བོད་ཀྱི་རིག་གནས་རྣལ་མ་རེད།  ངས་རིག་གནས་ཟེར་བ་འདི་འཚོ་བའི་རྣམ་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་འཚོ་བ་རོལ་སྟངས་ཤིག་རེད།  སྒྱུ་རྩལ་ཟེར་བ་གང་རེད། སྒྱུ་རྩལ་ཟེར་བ་ནི་འཚོ་ཐབས་བྱེད་སྟངས་ཤིག་རེད། འཚོ་ཐབས་བྱེད་སྟངས་ཀྱི་སྒྱུ་རྩལ་ནི་ང་ཚོས་གསར་སྐྲུན་བྱེད་པའི་སྒྱུ་རྩལ་ལས་ཀྱང་རླབས་ཆེན་རེད། དེ་ནི(འཁྲབ་སྟོན)མ་རེད། དེ་བཅོས་མ་མ་རེད། དེ་གཡོ་ཟོལ་མ་རེད། དེ(མཛེས་སྒྲོས)མ་རེད། དེ་ནི་རྣམ་དག་རེད། དེ་ནི་གཉུག་མའི་རྣམ་པ་རེད། དེང་སང་གཉུག་མའི་རིག་གནས་ལ་དགའ་པོ་བྱེད་མཁན་ཇེ་མང་དུ་ཕྱིན་པའི་རྒྱུ་མཚན་ཡང་། དེ་ཉིད་རྫུན་མ་མ་ཡིན་པས་རེད། ཅེས་གསུངས་སོ།།
བསྒྱུར་མཆན།      
དབུ་ཆེན། 主席         དྲུང་ཆེ། 书记     མངའ་དཔོན། 省长   ལས་དཔོན། 主任
སྤྱི་ཁྱབ་སྡེ་བ། 部长    ལུའུ་ཝེ། 刘伟
གུས་དངངས།(གུས་ཤིང་སྐྲག་པ།)敬畏
ཅིན་གར་(ཅིན་ཅུས་ཟློས་གར།)京剧
ཧྭང་ཕོའུ་དམག་གི་སློབ་གྲྭ། 黄埔军校
        གསལ་བཤད།  མཛད་སྒོའི་སྟེང་དུ་བསྟན་འཛིན་ལགས་ཀྱིས་དགོས་པའི་དབང་གིས། རྒྱ་སྐད་ཀྱི་ཐོག་ནས་དོན་ཚན་གཙོ་བོ་གསུམ་གསུངས་པའི་དོན་ཚན་དང་པོ་ཧ་ལམ་ཆ་ཚང་བ་དང་། དོན་ཚན་གཉིས་པ་དང་གསུམ་པ་ཅུང་བསྡུས་ཏེ་བསྒྱུར་ཡོད།  ཕྲན་གྱིས་ཁོང་གི་རྒྱ་སྐད་ཀྱི་གསུང་བཤད་སྒྲ་ཕབ་ནས་མཉན་ཏེ་བོད་ཡིག་ཏུ་ཕབ་པ་ཡིན་པས། གཅིག་ནས་སྒྲ་པར་སྨྱུ་གུ་སྤྱད་དེ་སྒྲ་འབེབས་སྐབས། བར་ཐག་གི་རྐྱེན་སོགས་ཀྱིས་སྒྲ་འགའ་གསལ་པོར་མི་ཚོར་བ་དང་།  གཉིས་ནས་ཁོང་གི་རྒྱ་སྐད་བཤད་སྟངས་འགའ་རེར་གོ་བ་མི་ལོན་པས།  རྒྱ་ཡིག་ལྟར་ཚིག་མཛོད་ནས་ཇི་ལྟར་བཙལ་དགོས་པ་མི་ཤེས་པ་དང་། གསུམ་ནས་ང་རང་གི་བོད་རྒྱ་ཡིག་སྒྱུར་གྱི་ཆུ་ཚོད་དམའ་ཞིང་ཉམས་མྱོང་གང་ཡང་མེད་པ་སོགས།  མདོར་ན་མ་རྟོགས་པ་དང་ལོག་པར་རྟོགས་པ་དང་ཐེ་ཚོམ་གྱི་དབང་དུ་སོང་བའི་རྐྱེན་གྱིས།  ཁོང་གི་གསུང་བཤད་ཀྱི་ནང་དོན་བསྟན་འདོད་ཀྱང་། ཇི་ལྟ་བ་བཞིན་བསྟན་ཐུབ་མེད་པ་གདོན་མི་ཟ་བས།  ཀློག་པ་པོ་རྣམ་པར་དགོངས་དག་ཞུ་རྒྱུ་ཡིན།  ཁོང་གི་གསུང་སྐད་གསལ་པོར་མི་གོ་བ་འགའ། རྗེས་ནས་སྐབས་དེར་ཚོགས་འདུར་ཞུགས་ཡོད་པའི་དགེ་རྒན་འགར་དྲིས་ཀྱང་། གསལ་པོ་གསུང་རྒྱུ་མེད་པ་དཔེར་ན། ཁོང་དང་ཨ་རི་ནས་ཐུག་པའི་བོད་ཡིག་སློབ་གྲྭའི་སློབ་གྲོགས་དེའི་མཚན་ལ་ཅི་ཟེར་མི་ཤེས་པས། ངས་གུག་རྟགས་ཤིག་གི་ནང་དུ་ཧ་ལམ་ཙམ་དུ་(དཔལ་ཕྲུག)ཅེས་བྲིས་པ་ལྟ་བུ་རེད།  གཞན་ཀྲུའུ་ཞི་ལ་དབུ་ཆེ་དང་པུའུ་ཀྲང་ལ་སྤྱི་ཁྱབ་སྡེ་བ་སོགས་གོ་ཐོབ་ཀྱི་མིང་འགའ་ནི། མཁས་དབང་ལྕགས་ཐར་རྒྱལ་གྱིས་བསྒྱུར་བ་ལྟར་སྤྱད་ཡོད། གཞན་敬畏ཞེས་པར་རྒྱ་བོད་ཚིག་མཛོད་དུ་གུས་ཤིང་སྐྲག་པ་ཞེས་འཁོད་ཡོད་པར། ངས་???    དེ་ལྟར་གོང་གི་མཛད་སྒོའི་སྟེང་དུ་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་ཆེན་གཞོན་པ། བསྟན་འཛིན་ལགས་ཀྱིས་རྒྱ་སྐད་ཐོག་གསུངས་པའི་གསུང་བཤད་གལ་ཆེན་རྣམས། བོད་ཡིག་ཏུ་ཕབ་བསྒྱུར་བྱས་ནས་སྤེལ་བར་རྒྱུ་མཚན་འགའ་ཡོད་དེ།
དང་པོ། ཁོང་གིས་དེ་སྔར་བོད་རང་སྐྱོང་ལྗོངས་ཀྱི་དབུ་ཆེན་གཞོན་པའི་འགན་བཞེས་སྐབས། དོན་དམ་པའི་དམངས་ཕན་གྱི་བྱ་བ་མང་པོ་བསྒྲུབས་མྱོང་བ་རེད་ཅེས། བོད་ལྗོངས་སུ་ཚོང་ལས་གཉེར་བཞིན་པའི་ངའི་ངོ་ཤེས་མང་པོའི་ཁ་ན་གྲགས་པ།
གཉིས་པ། ཁོང་གིས་བོད་ལྗོངས་དང་ཡུན་ནན་སོགས་སུ་ཕྱག་ལས་གནང་སྐབས། བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་གཏང་བར་ཕྱག་རྗེས་མི་དམན་པ་བཞག་དང་འཇོག་བཞིན་ཡོད་པ།
གསུམ་པ། ཁོང་ནི་གུང་ཁྲན་ཏང་ཡོན་ཡིན་ལ། གོ་གནས་ངེས་ཅན་ཡོད་པའི་བོད་རིགས་དབུ་ཁྲིད་ཅིག་ཡིན་པ་མ་ཟད། རྒྱ་བོད་ཡིག་རིགས་གཉིས་ལ་མཁས་པའི་རིག་གནས་པ་ཞིག་ཡིན་པ།
བཞི་པ།  ཁོང་གི་གསུང་བཤད་ནི་ཕྱོགས་གཞན་ཞིག་ནས་བཤད་ན།  སྲིད་གཞུང་གི་དགོངས་པ་ཡིན་པ།
ལྔ་པ། ཁོང་གི་གསུང་བཤད་འདི་དག་སྐབས་དེར་སློབ་གྲྭར་བཞུགས་མེད་པའི་དགེ་རྒན་དང་། ལས་རོགས་ཚོ་མ་ཟད།  འདིར་དོ་ཁུར་གནང་བའི་ངའི་དྲྭ་གྲོགས་དང་བཅས་པས་ཉམས་སུ་མྱོང་ཕྱིར་ཡིན།
     དེ་ཡང་ཁོང་གིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་གདེང་འཇོག་ཚད་མཐོ་གནང་བར་རྒྱུ་མཚན་མེད་པ་མ་ཡིན་ཏེ། སློབ་གྲྭ་འདི་ཐོག་མར་འཛུགས་དུས་ནས་བར་དུ་འཕེལ་རྒྱས་ཕྱིན་པའི་གནས་སྐབས་སུ། སློབ་གྲྭ་འདིར་གསེར་གྱི་ལྷུན་པོ་ལྟ་བུའི་དགེ་བའི་བཤེས་གཉེན་མང་པོ་ཞིག་ཕེབས་མྱོང་ལ་ད་ལྟར་ཡང་འགའ་ཞིག་བཞུགས་ཡོད་པ་འདི་རེད། ཁོང་རྣམ་པའི་མཁས་བཙུན་བཟང་བའི་གཟི་བྱིན་གྱི་འོག་ཏུ། ཆར་རྗེས་ཀྱི་ཤ་མོ་བཞིན་འཚར་ལོངས་བྱུང་བའི་བུ་རབས་མང་པོ་ཞིག་ནི། གོང་དུ་བསྟན་འཛིན་ལགས་ཀྱིས་གསུངས་པ་ལྟར། མཛད་བཟང་གི་འོད་ཟེར་རྣམ་པར་འཕྲོ་བཞིན་པ་རེད།
        ཇི་སྐད་དུ། དཔལ་དོན་གྲུབ་རྒྱལ་གྱིས། མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས། ད་ལྟའི་ཚབ་བྱེད་མི་ཐུབ་ཅེས་གསུངས་པ་ལྟར། ང་ཚོས་སྔོན་ཆད་ཀྱི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས།   ད་ལྟའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཚབ་བྱེད་མི་ཐུབ་པ་གསལ་པོར་ཤེས་དགོས་ལ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བ་རྣམས་ཀྱི་ཕྲག་ཏུ་ལྗིད་ཏིག་ཏིག་གི་འོས་འགན་རེ་ཡོད་པའང་ཤེས་དགོས་སོ།།
             ཞེས་དཔའ་བུ་བསོད་སྟོབས་ནས།
              ༢༠༡༦་༧་༡༣་ཉིན་རྫོགས་པར་སྦྱར་རོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1