གཙོ་ངོས།>> གནས་མཇལ།>>དགོན་སྡེ།

ཆོས་འཕེལ། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ཅན་ལྗོངས་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་བཏུས། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༣ཚེས་༢༣ཉིན།

༄༅། བྲ་འོར་དགོན།

    མཚན་རྒྱས་པར་དཔལ་ལྡན་བྲ་འོར་ཆོས་ཀྱི་སྡེ་ཆེན་པོ་ཞེས་ཞུ།  ཡང་དགེ་བཤེས་པོ་ཏོ་བའི་ཐུགས་སྲས་སྨྱོས་སྟོན་ཆོས་འབར་གྱིས་གཙུག་ལག་ཁང་བཏབ་མཐར་ལྕགས་རིས་བསྐོར་བས་གྲྭ་སྐོར་ཞེས་བཏགས།  གཉལ་སྡེ་དྲུག་གི་གཙོ་དགོན་ཡིན། མཁར་སྟེང་དགོན་ནས་ལྷུན་རྩེ་རྫོང་ཕྱོགས་སུ་འཁོར་ལམ་དེད་སྤྱི་ལེ་ཉི་ཤུ་ཙམ་བསྐྱོད་ན་ལམ་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། དེའང་ཐོག་མར་གཉལ་གཞུང་དེ་ཆུས་འཇིག་ནས་གཉལ་ཆུ་ལུང་དཀར་པོ་ཞེས་བརྗོད་པ་ལ། སྐབས་དེར་རྒྱ་གར་ནས་གྲུབ་ཆེན་ལ་བ་པ་ཞེས་པ་བླ་གོང་ལ་རྩེར་ཕེབས་ནས་ཉེ་གནས་ལ་ཆུ་ཇི་ཙམ་ཆག་ཡོད་མེད་བལྟ་པ་བཏང་གནང་བས། ཉེ་གནས་ཀྱིས་ཡུལ་དེར་ཆུ་ཤིན་ཏུ་ཆེ་བས་ཕེབས་མི་ཐུབ་ཅེས་ཞུས། ཡང་ཐེངས་གཉིས་པ་བཏང་གནང་བས་ད་ཆུ་ཅུང་ཙམ་ཆག་སྟེ་ཐང་རྒྱལ་མཚན་འདྲ་བ་ཞིག་དང་། གད་པ་གླང་ཆེན་འདྲ་བ་སྒྲུབ་ཕུག་བཅས་མངོན་གྱི་འདུག་ཅེས་ཞུ་པར། ད་ངེད་གཉིས་ཆུ་ཕ་རིར་འགྲོ་དགོས་ཞེས་གསུངས་ནས་ཁྱི་པགས་ཀྱི་བཞུགས་གདན་དེ་ཀོ་གྲུའི་ཚུལ་མཛད་ནས་ཁོང་བླ་སློབ་གཉིས་གནས་དེར་ཕེབས།  གནས་དེ་ནི་བདེ་མཆོག་གི་གནས་ཁྱད་པ་ཅན་ཡིན་གསུངས།   དེ་ལྟར་ལ་བ་ཕུག་ཏུ་ཡུན་རིང་བཞུགས་རྗེས་ཙ་རི་ལ་བ་ཕུག་ཏུ་གསང་ལམ་བརྒྱུད་ཕེབས་ནས་མཐར་ཙ་རི་ལ་བ་ཕུག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམས་ཞེས་ཟེར།  དེ་རྗེས་གཉོན་སྟོན་ཆོས་འབར་དང་། དེ་རྗེས་ཀུན་མཁྱེན་མཚོ་སྣ་བ་སོགས་བྱོན་ནས་ཆོས་འཁོར་རྒྱ་ཆེར་སྤེལ་གནང་བ་དང་། མཚོ་སྣ་བའི་གདན་ས་ལྟ་བུར་འགྱུར། མཚོ་སྣ་བ་སྐུ་གཞོན་ནུའི་མཛད་རྣམ་དེབ་འདིའི་མཚོ་ཙམ་དང་དེའི་ནང་རྟེན་དང་བརྟེན་པ་བཅས་བཞེངས་གནང་མཛད།  ཡུལ་དེའི་འོན་ལོང་གླེན་ལྐུག་སོགས་སྐྱེ་བོ་མང་པོ་སྡུག་བསྔལ་ལས་སྒྲོལ་བར་མཛད།  ད་ལྟ་འདུ་ཁང་རྙིང་པའི་སྒོ་ཕྱོར་དུའང་འཁོར་ལོ་བདེ་མཆོག་རྣམ་སྤྲུལ་ལྭ་བ་པ། དེ་དག་རྣམ་སྤྲུལ་གཉོན་སྟོན་ཆོས་འབར་དང་། སླར་ཡང་རྣམ་སྤྲུལ་ཀུན་མཁྱེན་མཚོ་སྣ་བ།  མཚུངས་མེད་སྐྱབས་གནས་གསུམ་ལ་གསོལ་བ་འདེགས་ཞེས་སོགས་གསལ་བ་་བཞིན་ཀུན་མཁྱེན་མཚོ་སྣ་པ་ནི་གདན་ས་དེར་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་དགེ་འདུན་ཞལ་གྲངས་བརྒྱ་ཕྲག་ལྷག་བར་འཕེལ། སྔོན་དགོན་དེར་འདུ་ཁང་ཀ་བ་སོ་དྲུག་ནང་རྟེན་གཙོ་ཀུན་མཁྱེན་ཆོས་སྐྱབས་བཟང་པོའི་ཕྱགས་བཟོ་སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཐོག་བརྩེག་གཅིག་ལྷག་དང་ལྭ་བ་པའི་ཐུགས་དམ་གྱི་རྟེན་ཛྷེེ་ཀྵིམ་གྱི་ཇོ་བོ་པད་མ་འོད་འབར་ཞུ་བ་ཞིག་སོགས་རྟེན་གཙོ་མང་པོ་མཇལ་རྒྱུ་ཡོད།  

    ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་སྔོན་གྱི་དུས་གསུམ་སངས་རྒྱས་ལ་ཉམས་གསོ་ཞུས་པ་དང་། གསར་བཞེངས་མཚན་ཞབས་བསྟན་པའི་སྒྲོན་མེའི་འདྲ་སྐུ་དང་།  གུ་རུ་སྣང་སྲིད་ཟིལ་གནོན་གཞན་ཡང་ལྡེབས་རིས་རྙིང་མ་ངོ་མཚར་ཅན་མང་པོ་སོགས་མཇལ་རྒྱུ་ཡོད།  

    དགོན་དེ་ནས་མི་རིང་བའི་ས་ན་དགོན་དེའི་དགོན་ལག་ཨོ་རྒྱན་གླིང་ཞེས་པའི་རི་ཁྲོད་ཅིག་ཀྱང་མཇལ་རྒྱུ་ཡོད། །

            ཆོས་འཕེལ་གྱིས་བརྩམས་པའི་《གངས་ཅན་ལྗོངས་ཀྱི་གནས་བཤད་ལམ་ཡིག་གསར་མ།》ལས་བཤུས། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1