གཙོ་ངོས།>> ཞིབ་འཇུག>>སྟག་ངར་གཡག་ངར།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། ༢༠༡༥ལོའི་ཟླ་བ་༡༢ཚེས་༢༨ཉིན།

༄༅།།ཉི་ལྡོག་རིག་གནས་ཀྱི་རྣམ་བཤད།

རང་ལུགས་ཚུལ་བཞིན་མི་ཤེས་པའི། །

རང་གི་གང་དྲན་འགྲེལ་བཤད་ནི། །

རང་རེ་བོད་ཀྱི་རིག་གཞུང་གི །

ལོ་རྒྱུས་རྙོག་པའི་འདབ་རྫབ་དངོས། །

  དེ་རིང་བོད་ཀྱི་སྲོལ་རྒྱུན་ནང་མེད་པའི་ཉི་ལྡོག་ཉིན་མོར་ཀུན་བཟང་སྨོན་ལམ་འདོན་དགོས་པའི་སྐུལ་མ་མང་པོ་ཞིག་འཕྲིན་ཕྲན་ནང་བརྒྱུད་སྤེལ་བྱེད་ཅིང་འདུག ཀུན་བཟང་སྨོན་ལམ་འདོན་ན་ཕན་ཐོག་ཡོད་པ་གཏན་འཁེལ། འོན་ཀྱང་ཉི་ལྡོག་ཉིན་མོ་འདིར་འདོན་དགོས་པ་ནི་སྔར་སྲོལ་ནང་མེད་པའི་གསར་བཟོ་ཞིག་རེད། གཞན་ཡང་། རྒྱ་བོད་ཤན་སྦྱར་གྱི་འཕྲིན་ཕྲན་ཞིག་ལས་ཉིན་དེར་བཀྲ་ཤིས་པའི་བྱ་བ་རྣམས་ཉིན་མོ་ཉིན་རེ་ནས་ཉིན་རེར་ཡར་རྒྱས་འགྲོ་བའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་པས་ལེགས་པའི་བྱ་བ་རྣམས་འགོ་འཛིན་ནས་རྟེན་འབྲེལ་བྱེད་པ་དང་རིམ་གྲོ་བྱེད་ཀྱིན་ཡོད་ཅེས་གཏོང་བཞིན་ཡོད་འདུག འདི་ནི་བོད་ཀྱི་ལུགས་སྲོལ་དང་རྩ་བ་ནས་རྒྱབ་འགལ་ཕྱིན་པའི་འགྲེལ་བཤད་ཤིག་རེད། །

དགུན་ཉི་ལྡོག

  གོང་གསལ་གྱི་གནད་དོན་འདི་དག་ལ་གསལ་བཤད་མདོར་བསྡུས་ཞིག་ཞུ་བར། བོད་ཀྱི་སྐར་འབྱུང་རྩིས་ཀྱི་དགོངས་དོན་ལྟར་ན། དགུན་ཉིན་ལྡོག་ཉིན་ཉི་མ་ལྷོ་ཕྱོགས་གཤིན་རྗེའི་གྲོང་ནས་ལྡོག་ཅིང་ནད་ཡམས་དང་མུ་གེའི་ཐལ་རླུང་འདྲེན་འོང་བ་དང་། སྐྱེ་འགྲོ་རྣམས་ལ་གཤིན་རྗེའི་ཁྲོམ་ཁ་འདེབས་པའི་མགོ་བཙུགས་པའི་ཉིན་དང་པོ་ཡིན། ཉིན་འདིར་དགོན་པ་ཚད་ལྡན་རྣམས་ཀྱིས་གཤིན་རྗེའི་ཁྲོམ་ཁ་བཟློག་ཅིང་། མ་མོའི་ཁྲོམ་ཁ་བསྒྱུར་དགོས་པའི་དུས་གཉན་ཞིག་ཡིན་སྟབས། མགོན་པོའི་ལས་ཆོག་ལ་སོགས་པའི་ཡི་དམ་དང་ཆོས་སྐྱོང་གི་སྒོ་ནས་ཉི་ལོག་གི་གཏོར་ཟློག་རྒྱེབ་སྲོལ་ཡོད་པ་རེད། དཔེར་ན། གནའ་བོའི་དུས་སུ་མཚུར་ཕུ་དགོན་དུ་མགོན་པོ་ཕྱག་བཞི་པའི་གཏོ་ཟློག་དང་། དཔལ་སྤུངས་དགོན་དུ་རྡོ་རྗེ་ཕུར་པའི་གཏོ་ཟློག་རྒྱེབ་སྲོལ་ཡོད་འདུག དེང་དུས་དཔལ་སྤུངས་སུ་ཕལ་ཆེར་སྒྲོལ་མ་གཡུལ་མདོས་ཙམ་གྱིས་འཐུས་པ་བྱེད་ཅིང་ཡོད་པར་ཐོས། །

  གཞན་ཡང་ཉིན་འདི་ས་བདག་ལྟོ་འཕྱེ་ཁ་བསྐོར་བའི་མགོ་བཙུགས་ཤིང་ཡོད་པ་དང་། དེ་ནས་བཟུང་ལོ་སར་ཚེས་གཅིག་བར་ཉིན་ལྟར་གནས་པ་བདུན་ཅུ་རྩ་གཉིས་ཀྱི་ས་བདག་རྣམས་རེ་རེ་བཞིན་རུ་ས་སྐྱས་འཕོ་བྱེད་ཅིང་ཡོད། ཆེས་མཐའ་མར་ལོ་སར་ཚེས་གཅིག་ཉིན་ཧལ་ཁྱི་སྐྱས་འཕོ་ཟིན་པ་དང་ལོ་གཅིག་གི་ས་བདག་རྣམས་འཕོ་སྐྱས་རྫོགས་པར་བཞེད། དེས་ན་དུས་འདིའི་རིང་ལ་གཤིན་རྗེས་ཁྲོམ་ཁ་ཐེབས་པ་དང་། ལྷ་འདྲེའི་ཀོ་ལོང་དང་ཕོག་ཐུག་གི་གནོད་པ་མང་བའི་དུས་ཡིན་སྟབས། དགོན་པ་རྣམས་ཀྱིས་ཉི་ལོག་གཏོ་ཟློག་ནས་བཟུང་བདུན་ཕྲག་ཙམ་གྱི་རིང་ལ་ཟློག་པ་དང་རིམ་གྲོ་ཡུལ་ལུགས་སོ་སོ་དང་བསྟུན་ཏེ་བྱ་སྲོལ་ཡོད། གྲོང་ཆོག་པ་རྣམས་ཀྱིས་ཉིན་འདི་ནས་བཟུང་ཟབ་མདོ་བདུད་ཟློག སྒྲོལ་མ་གཡུལ་མདོས། བརྒྱ་བཞི། འཆི་བསླུ་སོགས་གཏོ་མདོས་ཡས་གླུད་འབོར་བའི་དུས་ཚིགས་གཅིག་ཡིན། །

དབྱར་ཉི་ལྡོག 

  དབྱར་ཉི་མ་བྱང་ཕྱོགས་རྣམ་སྲས་བང་མཛོད་ནས་ལྡོག་ཅིང་ཡོད་སྟབས། ཆར་ཆུ་འབེལ་ཞིང་ལོ་ཕྱུགས་ལེགས་པའི་རྟེན་འབྲེལ་དུ། གཡང་བསངས་ཁ་སྤྲོད་ཅེས་པ་བདུན་གཅིག་གི་རིང་ལ་གཡང་སྐྱབས་གཡང་དང་འབེབ་འདོན་ཞིང་། ལྷ་བསངས་རྒྱས་པ་གཏོང་སྲོལ་དང་། ཨ་མཆོད་རྣམས་ཀྱིས་མདོ་གསེར་འོད་དམ་པ་ཀློག་འདོན་བྱེད་པའི་དུས་ཡིན། ། ཞེས་པ་དགུན་ཉི་ལྡོག་གི་རིག་གནས་སྐོར་ལ་ལོག་འགྲེལ་འགའ་ཞིག་མཐོང་བའི་རྐྱེན་བྱས་ཏེ་གནའ་བོའི་བོད་ལུགས་མ་ཉམས་པའི་སྐར་འབྱུང་རྩིས་གཞུང་ལྟར་དགོན་སྡེ་རྣམས་ཀྱི་ཕྱག་ལེན་ཇི་ཡོད་མདོར་བསྡུས་ངོ་སྤྲོད་ཞུས་པ་འདི་ནི། ཤར་དཔལ་སྤུངས་པའི་རྩིས་རིག་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༡༥ལོའི་ཟླ་བ་༡༢པའི་ཚེས་༢༢ཉིན་རྒྱ་ནག་པེ་ཅིང་གྲོང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས་སོ། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1