གཙོ་ངོས།>> གནས་མཇལ།>>དགོན་སྡེ།

མགར་ཐར་འཇིགས་མེད་བསམ་འགྲུབ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༥ལོའི་ཟླ་བ་༡༠ཚེས་༢༠ཉིན།

༄༅།། མུ་ལི་དགོན་པ།

 

  རབ་དཀར་གངས་རིའི་མུ་ཁྱུད་ཀྱིས་མཐའ་ནས་བསྐོར་བའི་བསིལ་ལྡན་གངས་ལྗོངས་ཕྱུག་མོ་ཞེས་སྙན་པ་དབྱར་གྱི་རྔ་གསང་ལས་མཆེད་པའི་ལྷུ་ལག་གཅིག་སྟེ་མདོ་སྟོད་མིའི་ཆོལ་ཁར་གྲགས་པའི་ལྷོ་རྒྱུད་ཀྱི་ཆོས་གྲྭ་ཆེན་མོ་མུ་ལི་དགའ་ལྡན་བཤད་སྒྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ནི་བོད་རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ་ལོ་སྟེ་སྤྱི་ལོ་1656ལོར་རྗེ་བསམ་གཏན་བཟང་པོ་མཆོག་གིས་ས་ལ་དཔྱད་པ་བཟང་ཞིང་ཡུལ་ལ་དགེ་བཅུ་ཚང་བའི་གནས་སི་ཁྲོན་ཞིང་ཆེན་ལའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་མུ་ལི་བོད་རིགས་རང་སྐྱོང་རྫོང་ཐ་པ་ཡུལ་ཚོ་ཉེ་སྡེ་པ་རུ་ཉ་ཆུ་དང་ལི་ཆུ་རྒྱུད་ཀྱི་དཀྱིལ་དུ་གནས་པའི་སོ་ར་གཉེན་པོ་རི་བོའི་ངོས་སུ་ཆགས། སྤྱིར་མུ་ལི་ནི་བོད་ཀྱི་མཐའ་མཚམས་དང་། རྒྱ་དང་འཇང་དང་དབྱིས་རིགས་སོགས་དང་འདབ་འབྲེལ་དུ་གནས། སའི་གོ་ལའི་འཕྲེད་ཐིག་28.9.47 ཤར་ཁུལ་100.50.39མཚོ་འཕགས་སྨི་2637ཟིན་པའི་ས་ཞིག་ཡིན། ག་ལ་བ་དེར་ལྷ་ལྡན་དཔལ་ལྡན་འབྲས་དཀར་སྤུངས་པ་ལ་དཔེར་བླངས་ནས་མུ་ལི་དགའ་ལྡན་བཤད་སྒྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ཞེས་པ་དེ་ཕྱག་བཏབ། དམ་ཆོས་འདུལ་བ་རྨང་གཞི་བྱས་པའི་སྒྲིག་ལམ་དང་མདོ་དང་སྔགས་ཀྱིས་བསྡུས་པའི་ཆོས་སྤྱོད་ཆོ་ག་དང་ལམ་རིམ་བློ་སྦྱོང་སོགས་ཀྱི་འཆད་ཉན་སྤེལ། 1659 ལོ་ནས་བཟུང་དགོན་པའི་གཞིས་ཁྱོན་རྒྱ་བསྐྱེད་དེ་ཀ་རིང་ཉི་ཤུ་ཅན་གྱི་འདུ་ཁང་དང་འཇིགས་བྱེད་ལྷ་ཁང་། གྲྭ་ཤག་དང་གྱང་ལྷ་ལྡེབས་རིས། བཀའ་བསྟན་གཙོས་པའི་འཕགས་བོད་ཀྱི་གསུང་རབ་བགྲང་ལས་འདས་པ་སོགས་སྐུ་གསུང་ཐུགས་རྟེན་རི་བོ་གཏོས་དང་མཉམ་པ་བཞེངས་བསྐྲུན་མཛད་པས་1669ལོར་མཇུག་གྲུབ། གྲྭ་གྲངས་དང་འཆད་ཉན་ཡར་རྒྱས་སུ་སོང་ཞིང་དབུས་ཀྱི་གདན་ས་རྣམས་སུ་སློབ་གཉེར་ལ་ཕེབས་མཁན་མང་པོ་བྱུང་། བཤད་སྲོལ་ལ་འབྲས་སྤུངས་བདུན་སྟོང་བདུན་བརྒྱ་ཟེར་བ་ལྟར་དེའི་བཅུ་ཆ་གཅིག་སྟེ་མུ་ལི་དགོན་ཆེན་ལ་གྲྭ་གྲངས་བདུན་བརྒྱ་དང་བཅུ་ཞེས་གྲགས། ཕྱིས་སུ་རབ་བྱུང་བའི་གྲངས་ཀ་སྟོང་ལས་བརྒལ་བ་བྱུང་ཞིང་དགེ་འདུན་པ་སུམ་བརྒྱ་དང་བཅུ་རེ་ལ་ཁང་ཚན་རེ་བྱས་ནས་སྒྲིག་ལམ་དང་འཚོ་བའི་གཟིགས་རྟོག་བདེ་རུ་བཏང་། སྐྱབས་མགོན་སྐུ་ཕྲེང་གཉིས་པས་དབུས་ཀྱི་གདན་ས་ཁག་ཏུ་མུ་ལིའི་ཕྱོགས་ཀྱི་དགོན་ཁག་རྣམས་གྲྭ་རྒྱུན་ལ་སོང་ན་གྲྭ་ཚང་དང་ཁང་ཚན་གང་དུ་ཆོས་ཞུགས་མཛད་དགོས་པའི་འགྲོ་ལུགས་གསལ་བར་མཛད། 1711ལོར་བླ་མ་ཚུལ་ཁྲིམས་བཟང་པོ་དང་སྐྱབས་མགོན་སྐུ་ཕྲེང་གསུམ་པ་རྗེ་ངག་དབང་དཀོན་མཆོག་གཉིས་ཀྱིས་གསར་བཞེངས་མཛད་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ། གཟི་བྱུར་མུ་མེན། པད་རག་བཻཌཱུརྱ་སོགས་རིན་པོ་ཆེ་ཡིས་འཕྲ་བཏབ་པ། དར་གོས་ཟ་འོག་གི་ན་བཟའ་གསོལ་བ། ནང་རྟེན་གཟུངས་གཞུག་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་གནང་བའི་སྲིད་ན་རྙེད་པར་དཀའ་བའི་རིང་བསྲེལ་དང་བྱིན་རྟེན་རྩ་ཆེན་མང་པོ་བསྩལ་བ་དག་དང་། གཞན་ཡང་རྩ་ཆེན་རྟེན་རྫས་བསམ་གྱིས་མི་ཁྱབ་པས་བྱུར་བུར་གཏམས་པས་བྱིན་རླབས་རང་འགྲུབ་ཀྱི་བྱམས་པའི་སྐུ་གཟུགས་མཐོང་གྲོལ་རིན་པོ་ཆེ་སྤྱི་ལོ་1713ལོའི་ཟླ་བཞི་པའི་ནང་ལེགས་པར་གྲུབ་པས་རབ་གནས་དགའ་སྟོན་རྒྱ་ཆེན་བྱས། སྐབས་དེར་མུ་ལི་དགོན་པའི་ནང་གི་བཟོ་བཀོད་དང་ཆགས་དབྱིབས་ནི་དབུས་སུ་འདུ་ཁང་ཆེན་མོ་ཐོག་བརྩེགས་བཞི་ཅན་རྒྱ་ཕིབས་དང་བཅས་པ་དང་། ཤར་ཕྱོགས་སུ་བྱམས་ཁང་དུ་རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་ཐོག་བརྩེགས་བཞིའི་ཚད་དུ་ལོངས་པ་ཅན་ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་རྟེན་སྐལ་དུ་ལྷམ་མེར་བཞུགས་ཡོད། ལྷོར་མུ་ལིའི་ས་སྤྱོད་པའི་བཞུགས་ཤག་སྟེ་མུ་ལི་ཕོ་བྲང་བརྗིད་རྔམས་དང་ལྡན་པ་དེ་དང་། ནུབ་ཕྱོགས་སུ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཡོད་ལ་དེར་ཐོག་བརྩེགས་གསུམ་ལ་བུད་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་དང་གཟི་བྱིན་གྱིས་བརྒྱན་ནས་བཞུགས་ཡོད་ལ་ད་དུང་བདེ་བ་ཅན་གྱི་ཞིང་བཀོད་དང་མཛད་པ་བཅུ་གཉིས། སྲིད་པ་འཁོར་ལོ་སོགས་ཀྱི་ཐང་ག་ལྡེབ་རིས་ངོ་མཚར་བློ་ཡུལ་ལས་འགོངས་པ་མང་པོ་ཡོད།

  བྱང་ཤར་མཚམས་སུ་རིང་བསྲེལ་མཆོད་སྡོང་ལྷ་ཁང་དང་རྗེས་སུ་རྗེ་ངག་དབང་འཇམ་དཔལ་རྒྱ་མཚོའི་སྐུ་དམར་གདུང་བཞུགས་སུ་གསོལ་བའི་དངུལ་གྱི་མཆོད་རྟེན་ཆེན་མོ་དེ་1868ལོར་བཞེངས་ཤིང་རིང་པོར་མ་ཐོགས་པར་ཡུན་ནན་གྱི་ཏུའུ་བེན་ཤོས་(杜文秀)དམག་དཔུང་གིས་འཕྲོག་བཅོམ་བྱས་པ་དང་རྗེས་སུ་ཟངས་ཀྱི་མཆོད་རྟེན་དུ་བསྐྱར་བཞེངས་མཛད་པ་དེ་བཞུགས། ད་དུང་ཆོས་ར་དང་མ་ཎི་དུང་འཁོར་ཚོགས་འདུ་ཁང་དང་སྣེ་ལེན་ཁང་། བླ་བྲང་དང་མཛོད་ཁང་སོགས་རི་རབ་ལྷུན་པོ་ལ་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བའི་མཎྜལ་ཚོམ་བུའམ་འབྲས་དཀར་སྙིམ་པས་སྤུངས་པ་ལྟར་ཁྲ་ལམ་མེར་འགྲོ་བའི་ཡིད་ཀྱི་ཞིང་སར་དམ་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡངས་པོར་ཕྱེས་པ་བཞིན་སྲིད་ཞིའི་རྒྱན་དུ་མངོན་པར་འཕགས། 1919ལོ་ནས་བཟུང་གྲྭ་གྲངས་ཅུང་ཟད་ཉུང་དུ་སོང་བས་གྲྭ་པ་བརྒྱ་དང་དྲུག་ཅུ་རེ་གཅིག་ལ་ཁང་ཚན་རེ་བྱས། མུ་ལི་དགོན་ཆེན་ལ་གཏོགས་པའི་དགྲ་མེད་དགོན་དགའ་ལྡན་ཐུབ་བསྟན་དར་རྒྱས་གླིང་དང་། གདན་གྲགས་དགོན། བཀག་རི་དགོན་དགའ་ལྡན་བསམ་གཏན་གླིང་། རི་ལྗང་དཔལ་ལྡན་ལྷ་མོ་དགོན། ཝ་ཤེར་དགའ་ལྡན་བསྟན་པ་དར་རྒྱས་གླིང་། སྟོད་ལུང་ཕུན་ཚོགས་དར་རྒྱས་གླིང་། ཝ་ཤེར་བསམ་གཏན་ཆོས་འཁོར་གླིང་སོགས་དགོན་ལག་བདུན་ཡོད། རིག་གསར་གྱི་སྐབས་སུ་སྔོན་གྱི་ལོ་སུམ་བརྒྱ་ཙམ་གྱི་རིང་ལ་གཅེས་ཤིང་སྐྱོང་བའི་རྩ་ཆེན་རིག་དངོས་མཐའ་དག་སྐད་ཅིག་ཉིད་ལ་འབྱུང་བཞིའི་ཕུང་པོར་བསྟིམས་པ་དང་ཡང་དར་བསྐྱར་དར་གྱི་ཉི་གཞོན་ཤར་རིའི་ཕྲག་པ་ནས་འཛུམ་གྱིས་བཞད་སྐབས་སྔོན་གྱི་རྒན་པ་དང་བླ་སྤྲུལ་མང་ཚོགས་རྣམས་ཀྱིས་བསམ་པའི་འཁྱེར་སོ་གཅིག་གཏད་ཀྱི་ཐོག་ནས་དཀའ་ལས་སྐུ་ཚེགས་གང་མང་བསྐྱོན་ཏེ་ལྷ་ཁང་འདུ་ཁང་གྲྭ་ཤག་སོགས་རིམ་གྱིས་བཞེངས། ད་ལྟའི་ཆར་སྐྱབས་མགོན་པདྨ་རིན་ཆེན་གྱི་ཐུགས་རྗེའི་འོག་སྒོ་ཀུན་ནས་དབྱར་གྱི་མཚོ་ཆེན་བརྡོལ་བ་བཞིན་ཡར་ནས་ཡར་དུ་བསྐྱོད་པའི་སྒང་ཡིན་ནོ།།


  སྤྱིར་མུ་ལི་དགོན་ཆེན་དུ་བླ་མ་དགེ་བཤེས་མཁན་སྤྲུལ་གང་མང་ཡོད་ཀྱང་ཐམས་ཅད་ཀྱིས་སྤྱི་བོར་བཀུར་ཞིང་མཚན་མཐོང་ཆེ་བ་ནི་ཁམས་ཀྱི་སྐྱབས་མགོན་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་མུ་ལི་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་དེ་ཡིན་ལ་དགོན་པ་འདི་ཙམ་མ་ཟད་མུ་ལི་ཕྱོགས་ནས་ཐམས་ཅད་ཀྱིས་གཙུག་ཏུ་མཆོད། དེ་ལ་སྐྱབས་མགོན་སྐུ་ཕྲེང་དང་པོ་ནི་རྗེ་ཙོང་ཁ་པའི་དངོས་སློབ། དགའ་ལྡན་ཁྲི་ཐོག་ལྔ་པ་ཁྲི་ཆེན་བློ་གྲོས་ཆོས་སྐྱོང་གི་སྐུ་སྐྱེ་རྗེ་སངས་རྒྱས་རྒྱ་མཚོ་མཆོག་ཡིན་ལ་ཁོང་ནི་ཆབ་མདོ་རུ་འཁྲུངས། རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གི་དངོས་སློབ་ཡིན་པ་དང་ཁོང་རྒྱལ་བ་རིན་པོ་ཆེའི་ཕྱག་ཕྱིར་འབྲངས་ནས་ལི་ཐང་དགོན་ཆེན་ལེགས་གྲུབ་བྱུང་བའི་རབ་གནས་ལ་བཞུགས་སྐབས་མུ་ལི་ཕྱོགས་ནས་རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུས་པར་རྒྱ་དཀར་ཤེས་རབ་གྲགས་པ་སོགས་མི་དུ་མ་ཆེད་དུ་མངགས་ཤིང་མུ་ལི་ཕྱོགས་སུ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛུགས་པར་གསོལ་བ་རྩེ་གཅིག་ཏུ་བཏབ། རྒྱལ་བ་རིན་པོ་ཆེ་ལ་དཔལ་ལྡན་ལྷ་མོས་གཟིམ་ལམ་དུ་ལུང་བསྟན་མཛད་པ་དང་དུས་སུ་མཐུན་ཞིང་གང་ཐད་ནས་རྟེན་འབྲེལ་སྒོ་ཀུན་ནས་འགྲིག་ཅིང་ཁོང་འབྱོན་མ་ནུས་ཀྱང་སྐུ་ཚབ་ཏུ་རྗེ་སངས་རྒྱས་རྒྱ་མཚོ་ཆེད་མངགས་མཛད། རྗེ་སངས་རྒྱས་རྒྱ་མཚོ་དང་རྒྱ་དཀར་ཤེས་རབ་གྲགས་པ་སོགས་མུ་ལིའི་ས་ཆ་མང་པོ་བརྒྱུད་ནས་མཐར་རྫི་བོ་ཞིག་དང་འཕྲད་པ་དེའི་ངག་ནས་བཀྲ་ཤིས་སྙན་ཚིག་གི་རོལ་མོ་ཡང་ཡང་ཐོན་པ་དང་སྔར་རྒྱལ་བ་མཆོག་ལ་ལྷ་མོས་ལུང་བསྟན་པའི་ས་གཞི་དཔྱད་བཟང་དེ་དང་། ཁོང་གི་སྐྱེ་ཕྲེང་སྔ་མ་རྣམས་ཀྱིས་བསྟན་པ་ཕྱོགས་མཐར་སྤེལ་བའི་ཐུགས་དམ་མཛད་པ་སོགས་རྟེན་འབྱུང་ཟབ་མོ་ལྷན་དུ་ཚོགས་པས་གནས་དེར་ལྷ་སྟེང་ཐུབ་བསྟན་དར་རྒྱས་གླིང་ལྷ་སྟེང་དགོན་ཆེན།ཞེས་པའི་དགོན་པ་ཕྱག་བཏབ། སྐུ་ཕྲེང་གཉིས་པ་ནི་མུ་ལི་དཔོན་མ་ཚང་དུ་སྐུ་འཁྲུངས་པའི་རྗེ་འཇམ་དབྱངས་བཟང་པོ་མཆོག་ཡིན་ལ་ཁོང་གིས་ཡུལ་དེར་ཆོས་སྲིད་ལུགས་གཉིས་བཀའ་དྲིན་སྐྱོང་སྐབས་ཡུན་ནན་ལི་ཅང་གི་འཇང་རིགས་མུའུ་ཐེན་རྒྱལ་པོས་(木天王)ཕྱོགས་དེར་དབང་བསྒྱུར་བྱས་ཤིང་སྔོན་ནས་དར་བའི་བཀའ་བརྒྱུད་ལ་དད་དགོས་པའི་ཆོས་ལུགས་གཅིག་བསྒྱུར་ལམ་ལུགས་བཙུགས་པ་དང་དགེ་ལྡན་པའི་ཕྱོགས་སུ་གཏོགས་པ་རྣམས་ལ་སྲོག་ཆད་དང་ཡན་ལག་ཉིང་ལག་བཅད་པ། ཁྲི་མུན་དུ་འཛུད་པའི་ཐབས་ཇུས་ངན་པ་བཏོན་པ་དང་སྦྱོར་ངན་ལག་ཏུ་བརྩམས་པས་ལྷ་ལྡིང་ཐུབ་བསྟན་དར་གླིང་ལ་གནོད་སྐྱོན་ཚབས་ཆེན་ཕོག རྗེ་འཇམ་དབྱངས་བཟང་པོ་མཆོག་ཡཱན་ཡོན་(盐源 )དུ་བྲོལ་བྱོལ་དུ་ཕེབས། སྦྱིན་བདག་ཁག་ཅིག་གི་རོགས་རམ་ལ་བརྟེན་ནས་གནས་དེར་བཀྲ་ཤིས་ཆོས་གླིང་དགོན་པ་གསར་བཞེངས་མཛད། ཁོང་གིས་རྗེ་བསམ་གཏན་བཟང་པོ་དབུས་ཕྱོགས་སུ་རྒྱལ་བ་ལྔ་པ་ཆེན་པོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་རྣམ་གཉིས་ལ་མུ་ལིའི་ཕྱོགས་སུ་རི་བོ་དགེ་ལྡན་པའི་བསྟན་པ་དར་རྒྱས་ཡོངས་ཐབས་ཀྱི་སྐྱབས་འཇུག་ཞུས་པར་མངགས། ཅུང་མ་འགོར་བར་རྒྱ་མི་ཅཱ་ལུའུ་གྲག(賈盧乍)ཟེར་བ་དེའི་དཔུང་ཤུགས་ཀྱིས་མུའུ་ཐེན་རྒྱལ་པོ་ཕམ་ཉེས་སུ་བཏང་བ་དང་སྐབས་དེ་དང་བསྟུན་ནས་སྔར་གྱི་དགོན་སྡེ་རྣམས་བསྐྱར་དར་དང་འཕེལ་རྒྱས་བྱུང་། རྗེ་འཇམ་དབྱངས་བཟང་པོ་ས་དེའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་དབང་བསྐུར། རྗེ་འཇམ་དབྱངས་བཟང་པོ་དགོངས་པ་གཞན་དུ་གཏད་རྗེས་ཁོང་གི་ཐུགས་དགོངས་ལྟར་རྗེ་བསམ་གཏན་བཟང་པོས་མུ་ལི་དགོན་ཆེན་ཕྱག་བཏབ་པ་དང་ཁོང་ནི་མུ་ལི་དགོན་ཆེན་གྱི་བླ་ཆེན་གཉིས་པར་གྱུར། སྐུ་ཕྲེང་གསུམ་པ་ངག་དབང་དཀོན་མཆོག་མཆོག་བསྟན་པའི་རྒྱལ་མཚན། ཁོང་ནི་མུ་ལི་ཨ་བསོད་ཉི་མ་ཚང་དུ་སྐུ་འཁྲུངས། སྐུ་ཕྲེང་བཞི་པ་རྗེ་ངག་དབང་ཕུན་ཚོགས་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་ལྔ་པ་རྗེ་ངག་དབང་དཔལ་ལྡན་རྒྱ་མཚོ། སྐུ་ཕྲེང་དྲུག་པ་རྗེ་ངག་དབང་འཇམ་དཔལ་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་བདུན་པ་རྗེ་ངག་དབང་བློ་བཟང་དཔལ་ལྡན་རྒྱ་མཚོ། སྐུ་ཕྲེང་བརྒྱད་པ་རྗེ་ངག་དབང་འཇམ་དཔལ་དགེ་ལེགས་ཉི་མ། ཁོང་ནི་མུ་ལི་མེ་རྡེའུ་ནང་དུ་འཁྲུངས། སྐུ་ཕྲེང་དགུ་པ་མི་ཉག་ར་རྔ་ཁ་ནས་སྐུ་འཁྲུངས་པའི་རྗེ་ངག་དབང་གྲགས་པ་རྒྱལ་མཚན་ཡིན་ལ་བཅིང་གྲོལ་སྔ་རྗེས་སུ་ནུབ་ཁམས་ཞིང་ཆེན་གྱི་དམངས་ཆེན་འཐུས་མི་དང་། མུ་ལི་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་མཚན་འཛིན་ཀྲུའུ་ཞི། རྫོང་དཔོན་གཞོན་པ་བཅས་ཀྱི་འགན་བཞེས་ནས་མཐར་དགུང་ལོ་དྲུག་ཅུ་རེ་བརྒྱད་ཐོག་ཆབ་མདོ་རུ་སྐུ་གཤེགས་སོ།།


  སྐུ་ཕྲེང་བཅུ་པ་ནི་བློ་བཟང་ཡེ་ཤེས་གྲགས་པ་དབང་ཕྱུག་གམ་མཚན་གཞན་དུ་པདྨ་རིན་ཆེན་ཞེས་ཞུ་བ་དེ་ཡིན་ལ་ཁོང་ནི་1977ལོར་མུ་ལི་རུ་འཁྲུངས། ཆུང་དུས་སློབ་ཆུང་དང་སློབ་འབྲིང་རིམ་པར་འགྲིམ་ཞིང་སྐྱབས་མགོན་སྐུ་ཕྲེང་བཅུ་པར་ངོས་བཟུང་རྗེས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཅས་སུ་སློབ་གཉེར་ཚུལ་བཞིན་བྱས། ད་ལྟའི་ཆར་དགོན་སྡེའི་འཛིན་སྐྱོང་དང་རྒྱལ་ཁབ་ཀྱི་གོ་གནས་རིམ་པ་མང་པོ་གཅིག་ལྕོགས་སུ་བཞེས་ཤིང་བསྟན་དང་འགྲོ་ལ་སྨན་པའི་བྱ་བ་ལ་རྩེ་གཅིག་ཏུ་གཞོལ་བ་ལགས་སོ།། 

  མུ་ལི་དགོན་ཆེན་གྱི་ངོ་སྤྲོད་མདོར་བསྡུས་འདི་ནི་རྒྱ་ཡིག་ཐོག་བྲིས་ཡོད་པའི་ལོ་རྒྱུས་གཞིར་བཟུང་ནས་བྲིས་པ་ཡིན་པས་ནོར་འཛོལ་འགལ་འདུ་མི་ཤོར་བའི་ངེས་པ་མེད་པས་འབྲེལ་ཡོད་ཀུན་གྱིས་དགོངས་ཡངས་མཛད་པར་གསོལ་བ་དང་རྗེས་སུ་འདི་ལས་ཞིབ་ཅིང་རྒྱས་པའི་འདུ་བྱེད་བསྟེན་དགོས་སྙམ་པའི་ཀུན་སློང་ཞིག་སྙིང་དུ་ཉར་ནས་སྨྲས་པ་དགེའོ།།


    2015ལོའི་《ཁ་བཏགས་དཀར་པོ།》དེབ་5པ་ལས་བཤུས། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1