གཙོ་ངོས།>> གནས་མཇལ།>>དགོན་སྡེ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དྲ་བ་ལས་བཏུས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༦ཚེས་༢༥ཉིན།

༄༅། །མདོ་སྨད་རྔ་བ་སྣང་ཞིག་དགོན།

གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་པོ་མདོ་སྨད་སྣང་ཞིག་དགོན་ཆེན་ནི་སྤྱི་ལོ་1028ལོར་ཡབ་ཀླུ་རྒྱལ་སྐྱབས་དང་ཡུམ་ཉི་མ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས་པའི་ཡབ་རྗེ་སྣང་ཞིག་དོ་འཕགས་ཆེན་པོས་ཨ་མདོ་རྔ་བ་བར་མ་རུ་སྣང་ཞིག་མི་རྒྱབ་ཚང་གི་ཁྱིམ་གཞི་གསར་དུ་བཟུང་བ་དང་། ཁོང་གི་སྲས་གསུམ་གྱི་ཆེ་བ་བྱ་ཆེན་ཉི་མ་འཛིན་གྱིས་སྤྱི་ལོ་1108ལོར་མཆོད་ཞིང་དཀྱིལ་དུ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ཕྱག་བཏབ་གནང་། དེ་ནས་མདོ་སྨད་སྣང་ཞིག་ཆེན་པོའི་གདུང་རབས་རིམ་བྱོན་གྱིས་རྒྱལ་བསྟན་འཛིན་སྐྱོངས་དང་སྒོམ་སྒྲུབ་ཉམས་ལེན་གྱི་སྡེ་ཇེ་རྒྱས་སུ་བཏང་སྟེ་མདོ་སྨད་སྣང་ཞིག་དགོན་ཆེན་ཞེས་ཡོངས་སུ་གྲགས་པ་རེད། ལྷག་པར་དུ་གདུང་རབས་ཉེར་དགུ་བ་སྣང་ཞིག་རིན་ཆེན་རྒྱལ་མཚན་གྱིས་སྤྱི་ལོ་1766ལོར་གཡས་རུ་མན་མཎྚལ་ལྟ་བུའི་སྒང་དུ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་དགོན་གནས་གསར་སྤོར་བྱས་ཏེ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ངམ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་ཞེས་གསོལ། དགོན་འདི་ཡིས་སྐུ་གསུང་ཐུགས་རྟེན་བྲག་རི་བརྩེགས་པ་ལྟར་རྟེན་གྱི་གཙོ་བོ་སྟོན་པའི་འཕེལ་གདུང་རྒྱ་མདུད་མ་དང་། སྤ་རིགས་བསྟན་རྒྱལ་དབུ་ཐོད་དང་སངས་རྒྱས་འོད་སྲུང་གི་ཚེམས། ན་རོའི་རུས་རྒྱན་དང་དགོངས་མཛོད་ཤ་རི་རམ་རྡོ་ལ་ཡི་གེ་ཨ་དཀར་རང་བྱོན་སོགས་དང་། སྣང་ཞིག་དོ་འཕགས་ཆེན་པོའི་ཤ་རི་རམ་གྲུ་བཞི་རྒྱ་མདུད་བཻཌཱུའི་མདངས་འཛིན་པ་དང༌། རྒྱུད་འཛིན་རིམ་བྱོན་དམ་པ་རྣམས་ཀྱི་འཕེལ་གདུང་ལ་ཕུར་གང་ཙམ་འགྲོ་བའི་རྟེན་དུ་བཞུགས། ཁྱད་པར་སྣང་སྟོན་ནམ་མཁའ་བློ་གྲོས་ཀྱི་ངོ་མཚར་དབུ་ཡངས་པད་དཀར་མདངས་ལྡན་གྱི་དབུས་སུ་ཀུན་བཟང་རང་བྱོན་གྱི་ཡིག་འབྲུ་སྣ་ཚོགས་མདངས་དང་ལྡན་ཞིང་། མཐོང་སྣང་མི་འདྲ་བ་ཤར་བའི་རྟེན་དབྱིབས་དང་ཁ་དོག་སོགས་ཀུན་ནས་མི་མཐུན་པའི་སྐུ་གསུང་ཐུགས་རྟེན་ཤ་རི་རམ་གསུམ་དང༌། དངུལ་གྱི་སྟོན་པ་གསུང་འབྱོན་ལོ་བརྒྱད་ཀྱི་ཚད་དང་རིན་ཆེན་དང་པོའི་ཇོ་བོ་གསུང་འབྱོན་དང༌། ཁམས་ཆེན་བྱ་བྲིས་དུམ་བུ་བཅུ་དྲུག་གསེར་བྲིས་དྲི་མེད་སྐལ་བཟང་ཀླུ་འབུམ་སོགས་གསུང་རབ་གསེར་ཡིག་གྲངས་མང་སོགས་བཞུགས་སོ།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1