གཙོ་ངོས།>> ཞིབ་འཇུག>>སྟག་ངར་གཡག་ངར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༥ཚེས་༢༥ཉིན།

༄༅། །འབུམ་འགྱུར་ཟླ་བའི་ངོ་སྤྲོད་འཁྲུལ་སེལ།

     ཧམ་པ་འབྲོག་པའི་གཡག་ལས་ཆེ། །

     ཡོན་ཏན་སྤྲང་པོའི་ཤིག་ལས་ཆུང་། །

     ངོ་ཚ་མེད་པའི་ཆོས་བཤད་མཁན། །

     འབྲོག་བླ་ཕལ་གྱི་མཚན་ཉིད་ཡིན། །

           ཁ་སང་རང་མིང་དངོས་སུ་སྨོས་མི་ཕོད་པའི་བྷ་ར་དྷྭ་ཛ་ཟེར་བ་ཞིག་གིས་ས་ག་ཟླ་བ་དང་འབུམ་འགྱུར་ཟླ་བ་གཉིས་གཅིག་ཡིན་པའི་སྐོར་རྩོམ་ཡིག་གཅིག་བྲིས་ནས་ཆ་འཕྲིན་ནང་བཏང་འདུག ཆོས་དར་གྱི་པར་རིས་དང་ཆོས་བཤད་ཀྱི་རྣམ་པ་ལ་བལྟས་ན། དེང་དུས་བླ་ཆེན་གསར་པ་དང་། སྤྲུལ་ཆེན་གསར་པའི་རིགས་ཤིག་ཡིན་པ་འདྲ། གནས་བརྟན་བྷ་ར་དྷྭ་ཛ་ནི་མིན་པ་ཐག་ཆོད། །

         བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ལ་བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་ཆེན་ཡིན་སྟབས། དགེ་བ་གང་བྱས་འབུམ་འགྱུར་ཡིན་པས་ན་འབུམ་འགྱུར་ཟླ་བ་ཞེས་པའི་ཟེར་སྲོལ་འདི་བྱུང་། བཤད་སྲོལ་འདི་ཐོག་མར་སྤྱི་ལོ་༡༢༠༤ལོར་ཁྲོ་ཕུ་ལོ་ཙཱ་བས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་གདན་དྲངས། ཁོང་གིས་སྟོན་པའི་ཆོ་འཕྲུལ་བསྟོད་པའི་འདི་བརྩམས་ནས་བོད་ཟླ་དང་པོ་ལོ་སར་སྐབས་སུ་སྟོན་པའི་དུས་མཆོད་བྱེད་སྲོལ་འདི་བྱུང་། དེ་ལ་བརྟེན་ནས་བོད་མི་སེར་རྣམས་ཀྱིས་ཟླ་བ་འདི་ལ་འབུམ་འགྱུར་ཟླ་བ་ཟེར་ཞིང་ཡོད་པ་ནི་དེང་དུས་སྲོལ་རྒྱུན་རིག་གནས་མ་ཉམས་པའི་ཡུལ་དུ་གྲོང་མི་རྒས་པོ་དང་། རྒན་མོ་དེ་ཚོས་ཀྱང་ཟེར་བཞིན་པ་རེད། །

           ས་ག་ཟླ་བ་ཞེས་པ་ནི། ཟླ་བ་འདིའི་ཉ་སྐར་ས་ག་ཡིན་པས་ན་ས་ག་ཟླ་བ་ཟེར། འདི་ལ་སྟོན་པ་སྐུ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་བཅས་ཀྱི་དུས་ཆེན་སུམ་ཡིན་པ་བོད་རང་གི་ལུགས་སྲོལ་ཡིན། བོད་འདིར་མཁས་པ་སོ་སོའི་བཞེད་པ་ལ་སངས་རྒྱས་འཁྲུངས་འདས་ཀྱི་ལོ་ཚིགས་མི་འདྲ་བ་བཅུ་ཕྲག་ཙམ་ཡོད་འདུག་ཀྱང་། གྲགས་ཆེ་བ་དེ་མཚུར་ལུགས་དང་། ཕུག་ལུགས་གཉིས་རེད། མཚུར་ལུགས་ལྟར་ན་ས་ག་ཟླ་བའི་ཚེས་བརྒྱད་ཉིན་སངས་རྒྱས་སྐུ་འཁྲུངས་པ་དང་། ཚེས་བཅོ་ལྔ་ཉིན་སངས་རྒྱས་པ་དང་། མྱ་ངན་ལས་འདས་པའི་དུས་ཡིན་པར་འདོད། །ཕུག་ལུགས་ལྟར་ན་བྷ་ར་དྷ་ཛས་ཟེར་བ་ལྟར་ཚེས་བདུན་ལ་འཁྲུངས་པ་སོགས་དེར་བཤད་པ་ལྟར་རེད། འོན་ཀྱང་ས་ག་ཟླ་བ་ལ་འབུམ་འགྱུར་ཟླ་བ་ཟེར་སྲོལ་ནི་ཡུལ་མིའི་ངག་རྒྱུན་དང་། མཁས་པའི་གསུང་རྒྱུན་གཉིས་ཀའི་ནང་དུ་མ་རྙེད་པས་པས། བྷ་ར་དྷྭ་ཛའི་དགོངས་གཏེར་ཡིན་པ་འདྲ། སྟོན་པའི་དུས་ཆེན་བཞི་ལ་དགེ་བ་གང་བྱས་བྱེ་བ་བརྒྱ་འགྱུར་དང་། སྟོང་འགྱུར། འབུམ་འགྱུར་སོགས་ཟེར་སྲོལ་ཡོད་ཀྱང་། དམིགས་བསལ་ཟླ་བ་དང་པོ་ལས། གཞན་པའི་ཟླ་བ་ཐམས་ཅད་ལ་འབུམ་འགྱུར་ཟེར་བའི་སྲོལ་ད་བར་བོད་དུ་མེད། བཤད་སྲོལ་འདིའི་ཁུངས་གཏུགས་སའང་དྲན་པ་ཉེ་བཞག་གི་མདོ་ལས། ཉི་ཟླ་གཟའ་འཛིན་སྐབས་སུ་དགེ་བ་གང་བྱས་འབུམ་འགྱུར་དང་། འཇམ་དཔལ་རྩ་བའི་རྒྱུད་ལས་ཉི་ཟླ་གཟའ་འཛིན་སྐབས་སུ་དགེ་བ་གང་བྱས། ཟླ་བ་བྱེ་བ་བདུན་འགྱུར་དང་། ཉི་མ་བྱེ་བ་འབུམ་འགྱུར་དུ་གསུངས་པ་དེ་དག་ལ་དཔེར་བྱས་ཡོད་པར་ངེས། སྤྱིར་འདི་འདྲ་བའི་རིགས་རྣམས་ནོར་འཁྲུལ་ཆུང་ཆུང་ཡིན་ཡང་ཁུངས་ལུང་མེད་པའི་ཧོབ་བཤད་ཀྱིས་སྲོལ་རྒྱུན་རིག་གནས་ལ་ཉམ་རྒུད་གཏོང་སྲིད་པས་ཐེར་འདོན་བྱས་ན་བོད་ཀྱི་རང་ལུགས་སྲུང་ཐུབ། དེས་ན་སྟོན་པའི་དུས་ཆེན་ས་ག་ཟླ་བའི་ནང་དུ། ངག་གི་མི་དགེ་བའི་རིགས་སུ་གྱུར་པའི་རྫུན་ཚིག་གིས་གཞན་མགོ་མ་བསྐོར་ན་དགེ་བ་འབུམ་འགྱུར་ཡོད་པ་གདོན་མི་ཟ། ཞེས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཆ་རྒྱུས་ཅུང་ཟད་ཡོད་པའི་རྒྱལ་ཁམས་པ་དེས། ས་ག་ཟླ་བའི་ཚེས་གཉིས་ཉིན་རྒྱ་ནག་ཁྲེན་ཏུའི་གྲོང་ནས་སྤྲིངས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1