གཙོ་ངོས།>> གནས་མཇལ།>>དགོན་སྡེ།

མི་གསལ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༡༩ཉིན།

༄༅།།འཕན་པོ་ལྷུན་གྲུབ་རྫོང་ཁོངས་ཀྱི་བྱང་རྭ་སྒྲེང་དགོན་པ།


        དགོན་པ་དེ་ནི་བོད་རང་སྐྱོང་ལྗོངས་གཙོ་གནས་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་ཤིག་ཡིན་ཞིང་།  འཕན་པོ་ལྷུན་གྲུབ་རྫོང་ཁོངས་ཐང་འགོ་ཆུས་སུ་ཆགས་ཡོད།  བོད་དུ་ཡོད་པའི་དགོན་པའི་ནང་ནས་འདེབས་སྔ་ཤོས་གྲས་ཡིན་པའི་བཀའ་གདམས་པའི་གདན་ས་དེ་ནི།  བོད་ཀྱི་རབ་བྱུང་དང་པོའི་མེ་སྤྲེལ་སྤྱི་ལོ་ 1056 ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བཀའ་གནང་བ་ལྟར་ཁོང་གི་དངོས་སློབ་འབྲོམ་སྟོན་པས་ཐོག་མར་ཕྱག་བཏབ།

        དགོན་པ་འདི་ཆགས་པའི་གནས་ཀྱི་ཁྱད་ཆོས་ནི།  རྒྱབ་རིར་བྲག་དང་ཆུ་མིག  ཤུག་པའི་ནགས་ཚལ་བཅས་ཀྱིས་མཛེས་ཤིང་།  ཉི་མ་འཆར་སྔ་ལ་རྒས་པ་ཕྱི་བ།  མདུན་དུ་གཙང་པོ་དང་།  གཡས་གཡོན་དུ་དྭངས་གཙང་གི་ཆུ་མིག་མང་པོ་འཁྱིལ་བ།  ལུང་པའི་ཕུ་ཤར་དུ་བལྟས་ཤིང་།  མདའ་ནུབ་ཏུ་བསྟན་པ།  མདུན་གྱི་སྤངས་གཤོང་དུ་མེ་ཏོག་རིགས་མི་འདྲ་བ་མང་པོ་དང་།  རི་ལྡེབས་སུ་རྩི་ཤིང་དང་སྔོ་སྨན་གྱི་རིགས་མི་འདྲ་བ་མང་པོ་སྐྱེས་པ།  གནས་དེར་སླེབས་པ་ཙམ་གྱིས་རིག་པ་དྭངས་ཤིང་།  སྤྲོ་སྣང་འཕེལ་བ་སོགས་ཡུལ་ལྗོངས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་མི་ཡི་བཟོ་པོས་ཆེད་དུ་བསྐྲུན་པ་ལྟ་བུའི་རང་བྱུང་གི་ཁོར་ཡུག་ཧ་ཅང་མཛེས་པོ་ཞིག་ཡོད། 
        དགོན་པ་འདི་ཆགས་པའི་ལོ་རྒྱུས་ནི།  དེ་སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྙེ་ཐང་དུ་དགོངས་པ་མྱ་ངན་ལས་འདའ་ཁར།  དངོས་ཀྱི་སློབ་མ་རྣམས་ལ་ཞལ་ཆེམས་ཀྱི་ཚུལ་དུ་བཀའ་སློབ་མང་དུ་གནང་བའི་མཇུག་ཏུ་འབྲོམ་སྟོན་པ་ལ་ཇོ་བོ་རང་ཉིད་ཀྱི་ཐུགས་དམ་རྟེན་ཐུབ་དབང་གི་སྐུ་དང་།  གསང་འདུས་འཇམ་དཔལ་རྡོ་རྗེའི་གསེར་སྐུ།  སྒྲོལ་མ་གསུང་བྱོན་མ།  སྦྱན་རས་གཟིགས་ཀྱི་བྲིས་ཐང་རྒྱ་དཔེ་པོ་ཏི་ཁག།  བླ་མ་གསེར་གླིང་པའི་གདུང་ཁང་དངུལ་གདུགས་ཅན་བཅས་གནང་ནས་བཀའ་སློབ་ལ།  སངས་རྒྱས་ཀྱི་བསྟན་པ་གནས་པ་དགེ་འདུན་གྱི་སྡེ་ལ་རག་ལས་པས་ཁྱེད་ཀྱིས་རྟེན་འདི་རྣམས་བཞུགས་པའི་གཙུག་ལག་ཁང་བཞེངས་ཏེ།  དགེ་འདུན་གྱི་སྡེ་ཚུགས་ཤིག་ཅེས་གསུངས་པ་མངགས་ཡོད་པ་ཐུགས་སུ་བཅངས་ནས།  ཇོ་བོ་རྗེ་སྐུ་མྱ་ངན་ལས་འདས་པའི་ཕྱི་ལོ་དེར།  རྭ་སྒྲེང་གི་གནས་བདག་ཞང་འཕྲང་ཀ་བེར་ཆུང་གིས་སྔོན་ནས་རེ་སྐུལ་ཞུས་པ་ལྟར་གདན་དྲངས་སྐབས་གནས་འདིར་ཕེབས་ནས་ས་གཞི་བརྟག་པ་མཛད་ཅིང་།  གནས་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པར་གཟིགས་ཤིང་ས་ཆའི་བདག་པོ་ཕྲང་ཀ་བེར་ཆུང་གིས་ཀྱང་དད་འབུལ་ཞུས་པ་བཅས་ཐོག་མར་ཀ་བ་གཉིས་ཀྱི་རྒྱ་ཁྱོན་ཡོད་པའི་དབུ་རྩེ་ཀ་གཉིས་མ་བཞངས།  དེ་རྗེས་དགོན་པ་གོང་མ་བཏབ་སྟེ་ནུབ་ནས་ཤར་དུ་རིམ་བཞིན་ཇོ་བོ་རྗེའི་དངོས་སློབ་རྣལ་འབྱོར་པ་ཆེན་པོ་དང་།  དཔལ་ལྡན་དགོན་པ་བ།  རྣལ་འབྱོར་པ་བྱམས་པའི་བློ་གྲོས། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་བཅས་ཀྱི་གཟིམས་ཁང་རྣམས་བཏབ།  ཀླུ་རྒྱལ་ནེའུ་ལུང་གི་ཕོ་བྲང་ཡོན་ཟེར་བའི་སྟེང་དུ་འབྲོམ་སྟོན་པ་རང་ཉིད་ཀྱི་གཟིམས་ཁང་བཅས་བཞེངས། དེ་རྗེས་རྭ་སྒྲེང་དགོན་པ་བཏབ་པའི་ཕྱོ་ལོ་དེར།  ལྷ་ཁང་ཁྱུང་མགོ་ཅན་བཞེངས།  དེའི་ཕྱོགས་བཞིར་ཀ་པ་གཉིས་རེ་སྟེ་པ་ཀ་བ་བརྒྱད།  ཟུར་བཞི་ལ་ཀ་བ་རེ་རེ།  དབུས་སུ་ཀ་བ་གཉིས་བཅས་ཀ་བ་བཅུ་བཞི་ཡོད་པ་དང་།  ཀ་བའི་བར་རྣམས་སྤང་ལེབ་དང་།  ཤིང་ཕྲན་གྱིས་བཀག་སྡེ་དེ་ལ་འཇིམ་པའི་ཞལ་བ་བྱས་ཤིང་།  སྟེང་དུ་རྒྱ་ཕིབས་བཀལ་བ་ཞིག་ཡོད་པར་གྲགས།  ལྷ་ཁང་དེའི་ཁྱམས་སྟོད་རྣམས་བཞེངས་གྲུབ་ནས།  དེའི་འཕྲོས་རྣམས་བྱེད་མཁན་ཡོང་གསུངས་ནས་མཚམས་འཇོག་གནང་སྟེ་རབ་གནས་མཛད།  དེ་ནས་ལོ་ངོ་བརྒྱད་སོང་བའི་ཤིང་འབྲུག་སྤྱི་ལོ་1084 ལོར།  བྱ་འདབ་ཀྱི་འོག་ཏུ་མཆོད་རྟེན་བརྒྱ་རྩ་བརྒྱད་དང་། དགོན་པའི་གཉའ་གོང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་དང་བཅས་པ་བཞེངས་ཏེ།  དེ་ཐམས་ཅད་ལ་ཇོ་བོ་རྗེའི་གདུང་ཐལ་ལས་བཞེངས་པའི་ཚ་རེ་དང་།  འབྲོམ་སྟོན་པ་རང་ཉིད་ཀྱི་ཕྱག་ཕྲེང་རྡོག་རེ་བཅུག་ཡོད།  འབྲོམ་སྟོན་པ་སྐུ་མྱ་ངན་ལས་འདས་ནས་ཡུན་རིང་མ་སོང་བར་དཔོན་གྱད་པ།  ཟུར་ཁ་ཆོས་གྲགས་སོགས་དད་ལྡན་མང་པོས་སྦྱིན་བདག་ཞུས་ཏེ།  དབུ་རྩེ་ཀ་གཉིས་མའི་ནུབ་ངོས་སུ་ཀ་བ་བཅུ་དྲུག་ཡོད་པའི་དཀོར་ཁང་སྒོ་ལྷོ་ཕྱོགས་སུ་བསྟན་པ་ཐོག་སོ་གཉིས་ཡོད་པ་ཞིག་བཞེངས།       དབུ་རྩེ་ཀ་གཉིས་མ་བཞེངས་ནས་ལོ་དགུ་བཅུ་གོ་གཉིས་སོང་བ་རབ་བྱུང་གཉིས་པའི་ས་འབྲུག་

        སྤྱི་ལོ་1148ལོར།  ཞང་འོད་འཇོ་བ་རྭ་སྒྲེང་གི་གདན་སར་ཕེབས་ནས་ལོ་བཅུ་གཉིས་བར་བསྐྱངས་ཏེ་དེའི་རིང་།  ཞང་འཕྲང་ཀ་བེར་ཆུང་གི་ཡང་ཚ་དཔོན་སྲི་བོ་གཞོན་ཚུལ་གྱིས་སྤྱིན་བདག་བྱས་ཏེ་དབུ་རྩེ་ཀ་བ་ཉི་ཤུ་རྩ་བཞི་ཡོད་པ་བཞེངས་ཤིང་།  དེའི་ཤིང་ཆ་རྣམས་ནགས་ཤོད་ཀ་རོང་ནས་དྲངས།  དེ་ནས་ཞང་འོད་འཇོ་བོའི་སློབ་མ་ཡོན་བརྩོན་འགྲུས་རྡོ་རྗེས་སྦྱིན་བདག་བྱས་ཏེ་དབུ་རྩེ་ཀ་བཞི་མ་བཞེངས།  དེ་ནས་རབ་བྱུང་བཞི་པའི་དཀྱིལ།  སྤྱི་ལོའི་དུས་རབས་བཅུ་གསུམ་པའི་འགོར་སོག་དམག བོད་དུ་འབྱོར་ནས།  འཕན་པོ་རྒྱལ་ལྷ་ཁང་སོགས་དགོན་པ་མང་པོ་མེར་བསྲེགས་སྐབས།  རྭ་སྒྲེང་དགོན་པ་འདི་ཡི་སྐུ་གསུང་ཐུགས་རྟེན་མང་ཆེ་བ་མེས་ཚིག་ནས།  ཇོ་བོ་འཇམ་དཔལ་རྡོ་རྗེ་དང་།  སྒྲོལ་མ་གསུང་བྱོན་མ།  བླ་མ་གསེར་གླིང་པའི་གདུང་ཁང་དངུལ་གདུབས་ཅན་ཆེ་ཆུང་།  རྒྱ་དཔེ་ཁག་ཐུགས་དམ་གཤིང་རྗེ་གཤེད་ཀྱི་སྐུ་ཐང་བཅས་མེས་གཏན་ནས་མ་ཚིག་པར་ལུས་ཞེས་ཡོངས་སུ་གྲགས།  དེ་ནས་ལོ་ཤས་སོང་བ་རབ་བྱུང་བཞི་པའི་ལྕགས་ཡོས་སྤྱི་ལོ་ 1231ལོར་བྱ་བཏང་རིན་ཆེན་བཟང་པོ་དང་།  འཇམ་དབྱངས་རིན་ཆེན་གྲགས་གཉིས་ཀྱིས་ཐུགས་ཁུར་བཞེས་ནས།  གཙུག་ལག་ཁང་ཉམས་གསོ་གསར་བཞེངས་གནང་།  

        དེ་ནས་རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་སྤྱི་ལོ་ 1650ལོར་ཏྭ་ལའི་བླ་མ་སྐྲ་ཕྲེང་ལྔ་པས་མཆོད་ཁང་ཀ་བ་བརྒྱད་ཅུ་དང་།  ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་ཆེ་ཆུང་གཉིས་གྲ་ཤག་བདུན་ཅུ་ལྷག་ཙམ་གསར་བསྐྲུན་ཐོག  དགེ་འདུན་ཞལ་གྲངས་གསུམ་བརྒྱ་ལྷག་ཙམ་བར་འཕེལ་རྒྱས་བཏང་ཞིང་།  མཆོད་གཞེས་སུ་མི་སེར་ཐེམ་དུད་ཤོག་ཁ་བཅུ་གཉིས་ཀྱི་བདག་དབང་གནང་།  དགའ་ལྡན་ཁྲི་ཐོག་ང་བཞི་པ་ཁྲི་ཆེན་ངག་དབང་མཆོག་ལྡན (རྭ་སྒྲེང་སྐུ་ཕྲེང་དང་པོ་)གྱིས་ཏྭ་ལའི་བླ་མ་སྐུ་ཕྲེང་བདུན་པའི་ཡོངས་འཛིན་གནང་ཞིང་།  དགོངས་པ་མ་རྫོགས་ཙམ་དུ་ཏྭ་ལའི་བླ་མ་མཆོག་ལ་རྭ་སྒྲེང་དགོན་པ་འདི་འཛིན་བདག་ཏུ་གསོལ་རས་ཞུ་གནང་མཛད་པ་ལྟར་ཁོང་ལ་ཕུལ་བ་དེ་ནས་ཁོང་གི་སྐུ་ཕྲེང་རིམ་བྱོན་ལ་རྭ་སྒྲེང་སྤྲུལ་སྐུ་ཞེས་པའི་མཚན་ཐོགས།  ཁོང་གི་སྐུ་ཕྲེང་རྗེས་མ་ཁྲི་ཆེན་བསྟན་པ་རབ་རྒྱས་སྐུ་འཚོ་བཞུགས་སྐབས་ཆིང་རྒྱལ་རབས་ཀྱི་གོང་མ་ཅྭ་ཆིང་གིས་དགོན་པ་འདིར་དགེ་འཕེལ་གླིང་ཞེས་པའི་བསྔགས་བརྗོད་ཀྱི་པཎ་གནང་ཞིང་།  དེ་ནས་བཟུང་ཡོངས་གྲགས་སུ་དགོན་མིང་གསར་རྙིང་ཟུང་འབྲེལ་གྱི་ཐོག་ནས་རྭ་སྒྲེང་དགེ་འཕེལ་གླིང་ཞེས་བརྗོད་སྲོལ་ཡོད།
        དགོན་པ་འདིའི་ནང་ཡོད་པའི་སྐུ་གསུང་ཐུགས་རྟེན་དང་གནའ་རབས་རིག་དངོས་སྐོར་རྟེན་གྱི་གཙོ་བོར།  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ་གྱི་རྟེན་ཇོ་བོ་འཇམ་དཔལ་རྡོ་རྗེའི་(གསང་བ་འདུས་པ་འཇམ་དཔལ་རྡོ་རྗེ་)གསེར་སྐུ་འདི་ཡི་ལོ་རྒྱུས་སུ་སྐུ་འདི་བཞེངས་པ་ནས་ཨ་ཏི་ཤའི་ཕྱག་ལ་འབྱོར་བའི་བར་ལོ་ཉིས་སྟོང་བརྒྱད་བརྒྱ་ལྷག་སོང་ཚུལ་འཁོད་ཡོད།  ཇོ་བོ་རྗེའི་ཐུགས་དམ་རྟེན་རྗེ་བཙུན་སྒྲོལ་མའི་ལི་སྐུ་དང་།  བླ་མ་གསེར་གླིང་པས་ཇོ་བོ་རྗེ་ཨ་ཏི་ཤ་ལ་དད་རྟེན་དུ་གནང་བའི་ཐུབ་དབང་གི་སྐུ་བརྙན་མཐོ་གང་ཙམ།  ལྷ་ལུང་དཔལ་གྱི་རྡོ་རྗེའི་ཐུགས་དམ་གྱི་རྟེན་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ།  འབྲོམ་སྟོན་པ་ལ་ཇོ་བོ་རྗེའི་ཉེ་གནས་ཨ་ཙརྱས་ཕུལ་བའི་བྲམ་ཟེ་སྐྱེ་བ་བདུན་པའི་དབུ་ཐོད་བཅས་ཡོད།  བྲིས་སྐུའི་གྲས།  ཇོ་བོ་རྗེའི་འདྲ་ཐང་དབུ་ཡོན་མ་ཞེས་པའི་གྲགས་ཅན་གྱི་བྲིས་ཐང་ཆེ་བ་འབྲོམ་སྟོན་པ་ཉིད་ཀྱི་དད་རྟེན་དུ་བཞེངས་གནང་མཛད་རྗེས། ཇོ་བོ་རྗེ་ཉིད་ཀྱིས་རབ་གནས་མཛད་པ།  ཡང་ཇོ་བོའི་སྐུ་འདྲ་དབུ་ཡོན་མ་ཆུང་བ།  ཇོ་བོ་རྗེའི་ཤངས་མཚལ་ལ་རང་ཉིད་ཀྱིས་སྐྱ་རིས་འབྲི་གནང་མཛད་པ།  ཇོ་བོ་རྗེའི་ཡབ་རྒྱལ་པོ་དགེ་བའི་དཔལ་དང་།  ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་ཐུགས་དམ་རྟེན་རྗེ་བཙུན་སྒྲོལ་མའི་ཞལ་ཐང་།  འབྲོམ་སྟོན་པའི་ཐུགས་དམ་གྱི་རྟེན་རྗེ་བཙུན་སྒྲོལ་མ་དཀར་སྔོན་གྱི་ཞལ་ཐང་རི་མོ་ཧ་ཅང་གསལ་པོ་རང་མེད་པའི་ངོ་མཚར་ཅན།  ཇོ་བོ་རྗེའི་རྩ་བའི་བླ་མ།  ར་ཧུ་ལ་ཀུཔྟའི་ཐུགས་དམ་གྱི་རྟེན་གཤིན་རྗེ་གཤེད་ཀྱི་བྲིས་ཐང་བླ་མའི་ཕྱག་རྗེས་ཁྲ་ལམ་མེར་གསལ་བ།  གཞན་ཡང་བཀའ་གདམས་པའི་དགེ་བཤེས་མང་པོའི་ཐུགས་དམ་གྱི་རྟེན་བྲིས་ཐང་ངོ་མཚར་ཅན་ལྔ་བཅུ་ང་གསུམ་ཙམ་ཡོད།  གསུང་རྟེན་གྱི་སྐོར།  ཇོ་བོ་རྗེ་ཨ་ཏི་ཤའི་ཐུགས་དམ་རྒྱུན་གཟིགས་ཕྱག་དཔེའི་གྲས།  བརྒྱད་སྟོང་བ་དང་།  དེའི་འགྲེལ་པ།  གསང་བ་འདུས་པའི་འགྲེང་པ་སོགས་མདོ་དང་སྔགས་ཀྱི་གཟིགས་དཔེ་ཏྭ་ལའི་ལོ་མར་བྲིས་པ་བྱིན་ཅན་ངོ་གྲངས་ཤི་ཤུ་ལྷག་ཙམ།  ཇོ་བོ་རྗེའི་དངོས་སློབ་ནག་ཚོ་ལོ་ཙྭ་བའི་གཟིགས་དཔེ།  སྐྱེས་རབ་སོ་བཞི་པ་དང་།  སྤྲིན་ཆེན་པོའི་མདོ།  ཚད་མ་ཀུན་བཏུས་རྩ་བ་དང་འགྲེལ་པ་སྒོམ་རིམ་རྣམ་གསུམ་སོགས་དཔེ་སྣ་བཅུ་གསུམ་ཡོད་ཅིང་།  འབྲོམ་སྟོན་པའི་གཟིགས་དཔེའི་གྲས།  གསེར་བྲིས་ཀྱི་བརྒྱད་སྟོང་པ་སོགས་ཁ་ཤས་ཡོད་གཞན་ཡང་བཀའ་བསྟན་འགྱུར་དང་།  འབུམ་རྒྱས་འབྲིང་བསྡུས་གསུམ་སོགས་གསུང་རབ་པོ་ཏི་སྟོང་ཕྲག་འགའ་ཤས་ཡོད།  ཐུགས་རྟེན་གྱི་གྲས།  བཀའ་གདམས་ཀྱི་དགེ་བཤེས་དང་།  གདན་སའི་མཁན་རབས་རིམ་བྱོན་གྱི་གདུང་རྟེན་སོགས་མཆོད་རྟེན་ཆེ་ཆུང་སྣ་ཚོགས་མི་ཉུང་ཙམ་ཡོད་དགོན་པ་འདི་རིག་གནས་གསར་བརྗེའི་མཆོད་རྟེན་ཆེ་ཆུང་སྣ་ཚོགས་མི་ཉུང་ཙམ་ཡོད་དགོན་པ་འདི་རིག་གནས་གསར་བརྗེའི་སྐབས་རྩ་འཐོར་དུ་སོང་ཡང་།  ཏང་གི་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱུང་རྗེས་སྤྱི་ལོ་1985ལོར་ཉམས་གསོ་འགོ་ཚུགས་ཤིང་། སྔར་ཡོད་རྭ་སྒྲེང་དགོན་པའི་རྟེན་གྱི་གཙོ་བོ་ཇོ་བོ་འཇམ་དཔལ་རྡོ་རྗེ་ཡང་རིག་གསར་སྐབས་ནས་གར་ཡོད་མ་ཤེས་པར་སྒྱུར་ཀྱང་།  རྗེས་སུ་ ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཉར་ཚགས་བྱས་ཁོངས་ནས་བཙལ་རྙེད་བྱུང་བ་ད་ལྟ་རྭ་སྒྲེང་དགོན་པ་རང་དུ་བཞུགས་སུ་གསོལ་ཡོད་པ་དང་།  དེ་མིན་དང་དུང་གཞན་གྱིས་ཉར་ཚགས་བྱས་པ་རྡོ་ནག་མཐོ་གང་ཙམ་ཞིག་གི་ཐོག་རྡོ་དཀར་གྱི་སྤྱན་རས་གཟིགས་བཅུ་གཅིག་ཞལ་རང་བྱོན་ཡོད་པ་དཔལ་ལྡན་མགོན་པོ་བས་སྟག་ལུང་ཐང་པར་གནང་བའི་དད་རྟེན་ཡིན་ཟེར་བ་གཅིག་དང་།  བླ་མ་སེར་གླིང་པ་དང་།  ཇོ་བོ་རྗེ།  སྒྲོལ་མ་ཉི་ཤུ་རྩ་གཅིག  ཇོ་འབྲོམ་གཉིས་ཞལ་འཕྲོད་དུ་བཞུགས་པ།  སྲུང་མ་མགོན་པོ་གྲི་གུག་བཅས་ཀྱི་ཞལ་ཐང་རྙིང་མ་ཁག་གཅིག  དེ་སྔོན་བཀྲ་ཤིས་མགོན་ཞེས་པའི་རྟེན་གཙོ་ཤར་ལིའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་མཐོ་གང་ཙམ་ཡོད་པ་གཅིག་བཅས་ཡོད།  དགོན་པ་དེར་ད་ལྟ་དགེ་འདུན་གྲངས་ 50སྐོར་གྱིས་སྔར་སྲོལ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་བཞིན་ཡོད་པ་དང་།  དད་ཅན་མང་ཚོགས་ཚོས་ཀྱང་ཕྱག་སྐོར་སོགས་འདོད་མོས་ལྟར་བྱེད་བཞིན་ཡོད་པ་བཅས་སོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1