གཙོ་ངོས།>> གནས་མཇལ།>>དགོན་སྡེ།

མི་གསལ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༡༩ཉིན།

བཀའ་བརྒྱུད་ཆུང་བརྒྱད་ཀྱི་ནང་ཚན་སྟག་ལུང་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས།


        དགོན་པ་འདི་ནི་བཀའ་བརྒྱུད་ཆུང་བརྒྱད་ཀྱི་ནང་ཚན་སྟག་ལུང་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས་ཡིན།  ཕག་མོ་གྲུ་པའི་སློབ་མ་ཁམས་པ་མི་གསུམ་གྱི་གྲས་སྟག་ལུང་ཐང་པ་རིན་པོ་ཆེ་བཀྲིས་དཔལ་བས།  རབ་བྱུང་གསུམ་པའི་ལྕགས་བྱི་སྤྱི་ལོ་1180ལོར་ཕྱག་བཏབ།
         ཐོག་མར་བླ་བྲང་ནག་པོ་ཞེས་བྱ་བར་བཞུགས་སྐབས།  བྱ་རོག་ཞིག་གིས་སྐུའི་ཉེར་སྤྱད་མང་པོ་མཆུས་ཁྱེར་ཏེ་དགོན་པ་ཆགས་པའི་ས་གནས་དེར་བསྐྱལ་བ་ཡང་ཡང་བྱུང་བས་རྐྱེན་བྱས་ནས་བཞུགས་ཡུལ་ཁང་ཕྲན་འགའ་ཞིག་བཏབ།  རྗེས་སུ་རིམ་པས་འཇག་སྤྱིལ་རྭ་སྐོར་དང་བཅས་པ་དང༌།  གཙུག་ལག་ཁང་ཆེན་མོ་མཆོད་ཁང་རྙིང་མར་འབོད་པ་བཅས་གསར་བསྐྲུན་གནང༌།  ལྷ་ཁང་ཆེན་མོ་ནི།  སྐུ་ཡལ་བ་རིན་ཆེན་མགོན་གྱིས་རབ་བྱུང་བཞི་པའི་ཤིང་སྤྲེལ་སྤྱི་ལོ་1224ལོར་བཞེངས་གནང་མཛད།  ལྷ་ཁང་འདི་ཐོག་མར་བཞེངས་སྐབས་རྒྱ་ཁྱོན་ཀ་བ་བརྒྱད་ཅུ་སྟེ་(ཁྱམས་སྟོད་ཀ་བ་སོ་གཉིས་ ཁྱམས་སྨད་ཀ་བ་ཉི་ཤུ་རྩ་བཞི་འགྲམ་གཉིས་ལ་ཀ་བ་བཅུ་གཉིས་གློ་འབུར་གཉིས་ལ་ཀ་བ་བཞི་ སྒོ་འཕྱོར་ཀ་བ་བཞི་ སྒོ་ཕུག་ཀ་བ་བཞི་བཅས་ཡིན་) སྤྱི་ཁྲེ་གྲུ་བཞི་མ་དྲུག་བརྒྱ་བཅོ་བརྒྱད་ཀྱི་ས་དང༌། ཤིང་བརྩིགས་རིམ་པ་བཅུ་གསུམ། (ཀ་བ།  བྲེ་སྟན།  བྲེ།  བྲེ་ཁེབས། གཞུ། གདུང་སྟན།   གདུང་བ།  གདུང་ཁེབས།  པད་མ།  ཟེའུ་འབྲུ།   མཆོད་བརྩེགས།  བབས་བསྐུམས་མ།   བབས་བླངས་མ་བཅས།) དང་ལྡན་པའི་བཀོད་པ་མཛེས་པ་དང༌།  ཤིང་ཆ་རྣམས་ནགས་ཤོད་ནས་དྲངས་པ་དང་བཅས།  ཞིབ་པར་སྟག་ལུང་ཆོས་འབྱུང་ནང་གསལ། 
ལྷ་ཁང་ཆེན་མོ་འདིར་བཞུགས་པའི་རྟེན་གསུམ་དང་རིག་དངོས་ཀྱི་སྐོར།ལྷ་ཁང་འདིར་རྟེན་གསུམ་གྲངས་ལས་འདས་པ་བཞུགས་པའི་ནང་ནས་གཙོ་ཆེ་བ་ནི་སྐུ་ཡལ་བ་རིན་ཆོན་མགོན་གྱིས།    དེ་སྔོན་རབ་བྱུང་བཞི་པ་མེ་བྱི།  སྤྱི་ལོ་ 1216ལོར་བཞེངས་པའི་སྟག་ལུང་ཐང་པ་རིན་པོ་ཆེའི་འདྲ་སྐུ་བོད་ཀྱི་བཟོ་རིག་མཁས་པ་དཔོན་ལྷ་ཆུང་གིས་བཞེངས་པ།  སྐུ་རྒྱུ་ལྟེ་བ་དངུལ་དང༌།  ན་བཟའ་སྐུ་འགག་རྣམས་ཟངས།  སྐུ་ཆོས་དང་བེར་ཟླམ་རག་ལས་གྲུབ་པ།  དེའི་ཐོག་གི་ཤིང་ལོ་དང༌།  མེ་ཏོག་གི་རི་མོ་སོགས་གསེར་སྐུད་དང་དངུལ་སྐུད་ཀྱིས་གཏིར་ཚགས་བྱས་པའི་བཟོ་ཁྱད་ཧ་ཅང་ཕུན་སུམ་ཚོགས་པ་རྒྱབ་ཡོལ་དང་བཅས་པ་ཞིག་དང༌།  ཡང་སྟག་ལུང་ཐང་པ་རིན་པོ་ཆེའི་དབུ་སྐྲ་དང༌།  ཐུགས་ལྗགས་སྤྱན་གསུམ།  ཕྱག་གཡོན་པའི་སྲིན་ལག་བཅས་ནང་རྫོངས་སུ་བཞུགས་པའི་གདུང་རྟེན་མཐོ་གང་ཙམ་བྱས་པ་དེ་ཉེད་ལ་སླར་ཡང་དེའི་ཕྱི་ནས་དངུལ་གི་མཆོད་རྟེན་ཁྲུ་གང་ཙམ་ཞིག་གིས་གཏུམས་པ།  གདུང་རྟེན་ཆེན་མོ་བཀྲ་ཤིས་འོད་འབར་ཞེས་པ་སྐུ་རྒྱུ་དངུལ་ལས་བཞེངས་པའི་གདུང་རྟེན་མཐོ་ཚད་ལ་སྐུ་ཡལ་བ་རིན་ཆེན་མགོན་ཉིད་ཀྱི་ཕྱག་མཐོ་ཉི་ཤུ་རྩ་ལྔ་སྟེ་ཚད་ལྡན་གྱི་མིའི་མཐོ་གང་ལ་སྤྱི་སྐར་ཉི་ཤུ་ཡོད།  སྤྱི་ཁྲེ་ལྔ་ཡོད་པ།  སྟག་ལུང་མངྒ་ལ་གུ་རུས་བཞེངས་པ་གནང་བའི་ཐུབ་ཆེན་སྟོང་གསུམ་ཟིལ་གནོན་ཐོག་ཚད་མ་སྟག་ལུང་ཆོས་རྗེ་རཏྞ་ཀ་རས་བཞེངས་པའི་ཐུབ་དབང་ (ཕྱག་མཐོ་ཉི་ཤུ་རྩ་གཅིག)ཚད་དང༌།  བསྟན་འགྱུར།  གསེར་ཟངས་ལས་བཞེངས་པའི་ཐུབ་དབང་གཙོ་འཁོར་གསུམ་བཞུགས་ཁྲི་རྒྱབ་ཡོལ་དང་བཅས་པ་ཐོག་ཚད་གཉིས་ཙམ་དང༌།  སྟག་ལུང་ཆོས་རྗེ་ནམ་མཁའ་དཔལ་བ།  སྟག་ལུང་ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས།  སྟག་ལུང་ཆོས་རྗེ་བྱང་ཆུབ་རྒྱ་མཚོ་སོགས་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་བར་སྟག་ལུང་གི་གདན་རབས་རིམ་བྱོན་རྣམས་ནས་བཞེངས་པའི་གསེར་སྐུ་ཐོག་ཚད་མ་དང་གདུང་རྟེན་སོགས་ཧ་ཅང་མང་པོ་ཡོད།
        གསུང་རྟེན་སྐོར་ལ།  སྟག་ལུང་གི་གདན་རབས་རིམ་བྱོན་རྣམས་ནས་བཞེངས་པའི་གསེར་བྲེས་དང༌།  དངུལ་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་ཁ་ཤས། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་བཞེངས་གནང་མཛད་པའི་སྟག་ལུང་གདན་རབས་རིམ་བྱོན་གྱི་རྣམ་ཐར་ཐང་ཀ་ཉི་ཤུ་རྩ་བརྒྱད་ཀྱིས་མཚོན་པའི་བྲིས་ཐང་ཤིན་ཏུ་མང་བ་བཅས་བཞུགས།
སྟག་ལུང་དུ་ཡོད་པའི་རིག་གནས་དངོས་རྫས་སྐོར།
       ཀརྨ་པཀྴི་ཧོར་སེ་ཆེན་རྒྱལ་པོས་མེར་བསྲེགས་གཏོང་སྐབས་སྟག་ལུང་པ་སངས་རྒྱས་ཡར་བྱོན་གྱིས་མེའི་གནོད་པ་ལས་སྐྱོབས་པར་མཛད་པའི་བཀའ་དྲིན་གསོབ་ཆེད་དུ།  ཀརྨ་པཀྴིས་ཕུལ་བའི་གཡང་ཀྲེའི་ཞལ་དཀར།  ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་ཀེན་ཐེའི་མུར་གྱིས་སྟག་ལུང་ཆོས་རྗེ་རཏྞ་ཀ་ར་ལ་ཕུལ་བའི་གཡང་ཀྲིའི་ཐམ་ཀ།  ཏྭ་མིང་ཡུང་ལོས་རྒྱལ་པོས་སྟག་ལུང་ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་ལ་ཀོན་ཏིད་གུ་དྲིའི་གོ་གནས་ཕུལ་བའི་དངུལ་ཐམ་དང༌།  འབུལ་རྟེན་རིགས་མང་པོ་བཅས་ཡོད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1