གཙོ་ངོས།>> གནས་མཇལ།>>དགོན་སྡེ།

མི་གསལ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༡༩ཉིན།

གསང་ཕུ་ནེའུ་ཐོག་དགོན་པའམ་གསང་ཕུ་དགོན།


   མིང་གཞན་གསང་ཕུ་ནེའུ་ཐོག་དགོན་པ་ཡང་ཟེར།    སྟོད་ལུང་བདེ་ཆེན་རྫོང་གི་ཁོངས་ལྷ་ས་སྐྱིད་ཆུའི་ལྷོ་ངོས།  སྣེའུ་ཆུས་ཀྱི་ཕུར་གནས་ཡོད།  དགོན་པ་དེ་ནི་ཇོ་རྔོག་འབྲོམ་གསུམ་གྱི་ནང་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་བོད་རབ་བྱུང་དང་པོའི་ཆུ་གླང་(སྤྱི་ལོ ་1073)ལོར་ཕྱག་བཏབ།   
ཇོ་བོ་སྙེ་ཐང་དུ་བཞུགས་སྐབས་རྔོག་ལེགས་པའི་ཤེས་རབ་ལ།  གསང་ཕུའི་ཕྱོགས་སུ་ཕྱག་མཛུབ་བསྟན་ཏེ་གསུང་དོན་ངའི་འཆར་སྣང་ལ།  ལུང་པ་ཡ་གིའི་ཕུ་ན།  སྟོན་པ་ཤྭཀྱ་ཐུབ་པ་དཔང་པོར་བཞུགས་ནས།   བྱམས་འཇམ་དབྱངས་གཉིས (བྱམས་པ་དང་འཇམ་དཔལ་དབྱངས་)ཀྱིས་ཆོས་ཀྱི་བགྲོ་བ་མཛད་པ་འདྲ་བ་ཞིག་འདུག་པ་དང་།  ནམ་མཁའ་ལ་གསེར་གྱི་འཁོར་ལོ་རྩྭེབས་སྟོང་དང་ལྡན་པ་རྟག་རུ་འཁོར་བ་དང་།  དུང་དཀར་པོ་གཡས་སུ་འཁྱིལ་བའི་རང་བྱོན་འདུག་པས་དེར་ཁྱོད་ཀྱིས་དགོན་པ་ཞིག་བཏབ་ན། 
འཆད་ཉན་རྒྱ་ཆེན་པོ་འཕེལ་བར་འོང་ཞེས་གསུངས་པས་རྔོག་ལེགས་པའི་ཤེས་རབ་ཀྱིས་དང་དུ་བླངས་ནས།  རེ་ཞིག་དགོན་པ་མ་འདེབས་ཀྱི་བར་དུ་གསང་བར་ཞུ་ཞུས་པས་ཕྱིས་སུ་གསང་ཕུ་ཞེས་པའི་མིང་ཐོགས།  རྔོག་ལེགས་པའི་ཤེས་རབ་ཀྱིས་བྲག་ནག་ཏུ་སློབ་མའི་ཚོགས་ལ་འཆད་ཉན་མཛད།  གསུང་གཏོར་གྱི་སྐབས་ཡོ་བྱད་ནེའུ་ལེས་འཁྱེར་ནས་གནས་དེར་བསྐྱལ་བས་དཔལ་གསང་ཕུ་ནེའུ་ཐོག་ཞེས་གྲགས་པ་རེད།  ཇོ་བོ་འདས་རྗེས་རྔོག་ལེགས་པའི་ཤེས་རབ་ཀྱིས་གནས་དེར་ཕེབས་ནས་འཆད་ཉན་མཛད་པས་དགེ་འདུན་ལྔ་བརྒྱ་ཙམ་འདུས།  དེ་རྗེས་རིག་པའི་དབང་ཕྱུག་ཆ་པ་ཆོས་ཀྱི་སེང་གེས་ཚད་མའི་བསྡུས་གཞུང་གསར་དུ་བཙུགས་ནས།  ད་ལྟ་གདན་ས་ཁག་ལ་ཡོད་པའི་རྟི་སྐད་གཏོང་བ་འཁོར་གསུམ་སྐོར་བ་སོགས་ཀྱི་སྲོལ་གསར་དུ་བཙུགས་ནས།  གངས་ཅན་ལྗོངས་ཀྱི་རིག་པ་སྨྲ་བ་མཐའ་དག་གི་འབྱུང་ཁུངས་སུ་གྱུར།  ཕྱིས་ཇེ་རྒྱས་སུ་སོང་བས་གྲྭ་ཚང་བཅུ་གཅིག་ཏུ་གྱེས་པ་སྟེ།  ཁྲེང་འགོ་ཞི་བ།  ཉང་རོང་།  རྭ་སྟོད།  རྭ་སྨད་གནས་སྐོར་བ།  ཕན་པོ་གླང་ཐང་།  ཉི་མ་ཐང་།  སྟག་ཁུ།  བེ་སེར་དག་པོ་རྣམ་རབ།  རྣམ་རྒྱལ་གསེར་ཁང་།  སྒྲོས་རྙིང་པ།  སྒྲོས་གསར་པ་བཅས་གྲོ་ལུང་པས་ཕྱག་བཏབ་པའི་ཉག་རོང་གྲྭ་ཚང་དུ་སྒྲིལ་ཏེ།  དེ་ནས་བཟུང་དགའ་ལྡན་ཤར་རྩེ་གསང་ཕུ་དབྱར་ཆོས་སུ་ཕེབས་སྲོལ་ཆགས།  གཙང་པ་འཇམ་སེང་གི་སྐབས་གླིང་སྟོད་སྨད་གཉིས་སུ་གྱེས་ཟེར།  ཁག་ཅིག་གིས་དམྱལ་བ་དད་པ་བཟང་པོས།  འཇམ་སེང་ལ་མ་མོས་པས་གྱེས་ཟེར།  ཁག་ཅིག་གིས་གཙང་པ་འཇམ་སེང་གིས་དབོན་ཇོ་ཁུར་གྱི་བདག་རྐྱེན་ལ་བརྟེན་ནས་བཤད་གྲྭ་གསར་པ་བཙུགས་ཏེ་གྱེས་ཟེར་བའང་ཡོད།  དེ་ནས་བཟུང་གསང་ཕུའི་ཁྲི་པ་གླིང་སྟོད་སྨད་སོ་སོ་ནས་ཁྲི་པ་རེ(གསང་ཕུ་ཞབས་དྲུང་ཟེར)ཕེབས་ཀྱི་ཡོད་པར་གཅིག་ནི་ལེགས་པའི་ཤེས་རབ་དང་།  གཅིག་ནི་བློ་ལྡན་ཤེས་རབ་ཀྱི་སྐུ་ཚབ་ཏུ་གྲགས།  སྔར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་དབང་བཟུང་སྐབས་དགོན་པ་འདིར་གྲ་གྲངས་སུམ་བརྒྱ་ལྷག་ཙམ་ཡོད།  དེ་རྗེས་གསང་ཕུར།  རྒྱུན་མཆོད་པ།  གྲྭ་ཚང་བཅུ་པོ་སོ་སོ་ནས་དགེ་སློང་རེ་དང་།  དགེ་ཚུལ་རེ་བཅས་བསྡོམས་གྲ་གྲངས་ཉི་ཤུ་ཐམ་པ་ཡོད་པ་དང་།  དེའི་སློབ་དཔོན་ནམ་གནས་ཀྱི་བླ་མ་ཤར་རྩེ་གྲྭ་ཚང་ནས་གཏོང་དགོས།  ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མ་ཕེབས་གོང་།  གསང་ཕུར་དབྱར་ཆོས་སྐབས་མ་གཏོགས་བསྐང་གསོ་བ་དབོན་པོ་འགའ་ཞིག་ལས་མེད།  ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དུས་གསང་ཕུའི་ཚོགས་ཆེན་ཉམས་གསོ་གནང་བ་དང་།  རྒྱུན་མཆོད་བཙུགས་ཏེ་གྲ་ཕོགས་ལོ་རེར་འབྲུ་ཁལ་བཅུ་གཉིས་རེ་གཞུང་ནས་གནང་རྒྱུ་དང་།  གསང་ཕུ་ཆོས་ཁང་གི་བདག་འཛིན་ཀུན་གླིང་བླ་བྲང་ནས་བྱེད་དགོས་རྒྱུའི་གཏན་འབེབས་གནང་།  དགའ་ལྡན་ཤར་རྩེ་དང་།  རྭ་སྟོད་གྲྭ་ཚང་གཉིས་ཀྱིས་དབྱར་ཆོས་རིང་གཙོ་བོ་ཚད་མ་རྣམ་འགྲེལ་གྱི་འཆད་ཉན་གནང་བ་དང་།  ཆོས་ཁྲི་སེར་པོ་ཞེས་པ་སྟེ་གསང་ཕུའི་དགེ་བཤེས་དཔེ་ཆ་བ་ཚོས་སེང་གེ་བཞུགས་ཁྲིའི་མདུན་དུ་དམ་བཅའ་བཞག་སྟེ་དགེ་བཤེས་ཆུང་བའི་མིང་འཛིན་བླང་གི་ཡོད་པ་རེད།
དགོན་པ་འདིའི་ནང་ཡོད་པའི་སྐུ་གསུང་ཐུགས་རྟེན་དང་གནའ་རབས་རིག་དངོས་སྐོར།
གསང་ཕུའི་ཚོགས་ཁང་ནང་རྟེན་གཙོ་བོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ་རྟེན་སྒྲོལ་མ་རྩོད་རྒྱལ་མའི་སྐུ་མཐོ་གང་ཙམ་ཡོད་པ་དང་།  གསེར་དངུལ་ལས་བྲིས་པའི་བཀའ་འགྱུར་དང་།  བསྟན་འགྱུར་བྲིས་མ།  གཞན་ཡང་བླ་གབ་སོ་སོའི་གྲྭ་ཚང་ཁག་ལའང་རྟེན་དང་བརྟེན་པ་བཅས་མང་དུ་བཞུགས་སུ་གསོལ་ཡོད།།

39.7K

རྩོམ་ཡིག་སྔོན་མ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1