གཙོ་ངོས།>> ཞིབ་འཇུག>>སྟག་ངར་གཡག་ངར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༢ཚེས་༠༢ཉིན།

༄༅། །གསལ་བཤད་དགེ་དཔལ་དགྱེས་པའི་གླིང་བུ།

ཕྱི་སྣོད་འཇིག་རྟེན་གཟའ་སྐར་འབྱུང་བཞིའི་རྩིས།   །

ནང་བཅུད་ཟུག་རྔུ་འཇོམས་བྱེད་གསོ་རིག་ཐབས།   །

གསང་བ་ཡང་གསང་རྫོགས་ཆེན་སྙན་རྒྱུད་གཞུང་།   །

གཅིག་བསྡུས་གདམས་པའི་མཛོད་འཛིན་གཤེན་རབ་རྗེ།  །

ཞང་བོད་རིག་གནས་གངས་རིའི་དཔལ་དུ་བརྗིད།  །

སྨན་རྩིས་རྣམ་བཤད་བོད་ཀྱི་མཁས་པས་སྤེལ།   །

འབྱུང་རྩིས་ཉིན་ཞག་བཟང་ངན་རྩོད་པ་ལ།   །

ཨེ་ཝཾ་སྟོང་པའི་ཆོས་སྐད་ངལ་བའི་རྒྱུ།   །

ཕྱོགས་བརྒྱ་འདུས་པའི་བླ་རུང་ཆོས་སྒར་ནས།   །

སྔགས་བརྒྱས་བསྒྲུབས་པའི་ཨར་གཏད་ནུས་མཐུ་རྡུགས།  །

དཔུང་བརྒྱ་བསྒྲིགས་པའི་དཔའ་སྐད་དབྱིངས་སུ་ཡལ།  །

ལྕེ་བརྒྱ་འདུས་པའི་ལུང་རིགས་དེ་རིང་མཐོང་།    །

རྩོད་གཞི་ངན་དགུ་ཉི་ནག་ཡན་ཀྭོང་སོགས།   །

འབྱུང་ཁུངས་རྒྱ་ནས་ཡིན་མིན་མ་བཤད་པར།  །

འབྲེལ་མེད་ལོ་རྒྱུས་ཡིག་སྐྱོན་རྩོད་གླེང་འདི།  །

ཕ་ཞྭ་འབོད་ཚེ་མ་ལྷམ་ཁྱེར་དང་མཚུངས།    །

སྙིང་རྗེ་ཁར་ཁྱེར་ཉམ་ཆུང་སྐྱབས་འོག་ཕུད།   །

རིས་མེད་དྲིལ་བསྒྲགས་རིས་གཅིག་རྒྱལ་མཚན་འཕྱར།  །

གཞན་ཕན་ཟེར་ཞིང་གཞན་སྡེ་ཁྲག་ལྟར་དཀྲུགས།   །

སྙིགས་མའི་ཆོས་པས་སྙིང་པོ་སྲིད་དོན་བསྒོམས།   །

ཆོས་བརྒྱད་རེ་བ་སྟོང་པའི་དབྱིངས་སུ་བསྐྱལ།   །

མི་བསྲུན་འགྲོ་བ་མཆན་གྱི་བུ་ལྟར་བསྐྱང་།   །

སྡེ་འབངས་གང་དགོས་རེ་འདོད་བསྐང་ནུས་ན།  །

རབ་བྱུང་ངུར་སྨྲིག་འཆང་བ་དོན་དང་ལྡན།   །

ད་ལན་གསེར་རྟ་བླ་རུང་གི་མཁན་དགེ་དཔལ་ལགས་ཀྱིས་ཁོ་བོ་ལ་གནང་བའི་གསལ་འདེབས་དེ་ནི་གཏམ་ཉོག་མང་དྲགས་ནས་སྔ་གསུང་ཆ་ཚང་ལ་ལན་ཕུལ་བའི་དགོས་གལ་མ་མཐོང་།    དེ་ལས་གནད་ཡོད་འགའ་ཞིག་ལ་གསལ་བཤད་ཞུ་བར།   མཁན་ཆེན་ལགས་ཀྱི་གསུང་རྣམས་ཡིག་གཟུགས་སྔོ་ལ་ཆེ་བ་དང་།  ཕྲན་གྱིས་ཕུལ་བའི་ལན་རྣམས་ཡིག་གཟུགས་ཆུང་ལ་ནག་པར་བྱས་ཡོད་པ་ནི་ཁོང་ལ་གུས་ཞབས་མཚོན་བྱེད་ཡིན་ནོ།  །

༡༽  གསལ་བཤད་དང་པོ།   སླད་ཕྱིན་སྐབས་ཐོབ་ཀྱི་བརྗོད་བྱ་ངན་པ་དགུ་འཛོམས་དང་།   ཉི་ནག   ཡན་ཀྭོང་སོགས་འབྱུང་ཁུངས་རྒྱ་བོད་གང་ནས་ཡིན་པའི་དོན་དང་མི་འབྲེལ་བ།   ཡིག་སྐྱོན་དང་ཚིག་སྐྱོན་སོགས་ལ་རྩོད་པ་ནི་ནམ་ཡང་རྫོགས་རྒྱུ་མེད་སྟབས་འདི་ལྟ་བུ་ལ་རྩོད་ལན་ཕུལ་རྒྱུ་མིན་པས་དེ་ལུགས་ཐུགས་འཇགས་འཚལ།    གལ་སྲིད་ལུང་རིགས་གནམ་ལྕགས་འཁོར་ལོ་བསྐོར་མཁན་བྱུང་ན།  དེ་ལ་གང་ཅི་ཐུབ་ཀྱིས་བཀའ་ལན་ཕུལ་ཐུབ་རྒྱུའི་འབད་བརྩོན་བྱ་ཆོག    །

༢༽  གསལ་བཤད་གཉིས་པ།   གསེར་རྟའི་མཁན་དགེ་དཔལ་གྱིས་ཁོ་བོ་ལ་གནང་བའི་ལན་དང་པོ།  རིགས་ལམ་དུ་བཀོད་པར།

“ངག་སྦྱོར་དུ་བཀོད་ན།   ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་རྩིས་བོད་འགྱུར་ཡོད་པ་ཙམ་གྱིས་སྐུ་ཉིད་ལ་ཅི་ཡང་མི་ཕན་པར་ཐལ།   ཉིད་ཀྱིས།  ངན་པ་དགུ་འཛོམས་ཞེས་པ་དེ་ཏག་ཏག་རྒྱ་རྩིས་བོད་འགྱུར་གྱི་ཡིག་ཆའི་ནང་དུ་རྙེད་བྱུང་།   དེ་ནི་སྔ་ཤོས་དུས་རབས་བཅུ་བདུན་པ་དང་།  བཅོ་བརྒྱད་པའི་རྒྱ་རྩིས་བོད་འགྱུར་གྱི་རྩིས་ལུགས་ནང་མཐོང་རྒྱུ་ཡོད་པ་ཞིག་རེད་ཅེས་སྨྲས་འདུག་པས་སོ།   རྟགས་ཁས།   འདོད་ན།  ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་རྩིས་བོད་དུ་འགྱུར་བ་ཡོངས་གྲགས་ཀྱི་བཤད་སྲོལ་ཡོད་པ་མ་མཁྱེན་ནམ་ཞེས་པའི་དྲི་བ་དེ་དོན་མེད་དུ་ཐལ་ལོ། །མ་ཁྱབ་ཟེར་ན།   ཉི་ནག་ཅེས་པ་དེ་ནི་སྔ་ཤོས་དུས་རབས་བཅུ་བདུན་པ་དང་།   བཅོ་བརྒྱད་པའི་རྩིས་བོད་འགྱུར་གྱི་རྩིས་ལུགས་ནང་མཐོང་རྒྱུ་ཡོད་པ་ཞིག་རེད་ཅེས་སྨྲས་པ་དེ་མི་འཐད་པར་ཐལ།   ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་རྩིས་བོད་དུ་འགྱུར་ཡོད་པ་དག་གི་ནང་དུ་མཐོང་རྒྱུ་ཡོད་དགོས་པ་གང་ཞིག   ཁྲི་སྲོང་ལྡེའུ་བཙན་དུས་རབས་བརྒྱད་པའི་ནང་དུ་བྱོན་པ་ཡིན་པའི་ཕྱིར་རོ།   འཁོར་གསུམ་ལ་ལན་མེད་དོ།”  ཞེས་གསུངས། 

གོང་གསལ་གྲོང་སྔགས་རྣམས་ཀྱི་གླུད་ཆོག་གི་ངག་སྦྱོར་ལྟ་བུ་འདི་ཡིས་བདག་ལ་འཁོར་གསུམ་ལྟ་ཅི།  ཚར་སྐད་ཙམ་གྱི་གནོད་པའང་བྱུང་མི་འདུག་གོ     རིགས་ལམ་ཚུལ་མཐུན་ཞིག་འགོད་འདོད་ན་འདི་ལྟར་ཏེ།   ཐུབ་བསྟན་ཕུན་ཚོགས་ན་རེ།   བོད་འགྱུར་གྱི་རྒྱ་རྩིས་རྙིང་མ་ཡིན་ན་ཁྲི་སྲོང་སྐབས་སུ་བྱུང་བའི་བོད་འགྱུར་ཡིན་པས་ཁྱབ་ཟེར་ན།   ངན་དགུ་དང་།  ཉི་ནག་གཉིས་བརྩི་སྲོལ་འདི་ཆོས་ཅན།   ཕྱི་འགྱུར་གྱི་རྒྱ་རྩིས་ཡིན་པར་ཐལ།   དུས་རབས་བཅོ་བརྒྱད་པར་བོད་དུ་འགྱུར་བའི་རྒྱ་རྩིས་ཡིན་པའི་ཕྱིར།   རྟག་ཁས།  མ་ཁྱབ་ན།  ཁྱབ་པ་ཡོད་པར་ཐལ།   དུས་རབས་བདུན་པར་འགྱུར་བའི་རྒྱ་རྩིས་ཡིན་ན་སྔ་འགྱུར་ཡིན་པའི་ཕྱིར།   རྟགས་་ཁྱབ་ཁས། 

རྩ་བ་འདོད་ན།   དེ་ཆོས་ཅན།  ཕྱིར་འགྱུར་གྱི་རྒྱ་རྩིས་མ་ཡིན་པར་ཐལ།   སྔ་འགྱུར་གྱི་རྒྱ་རྩིས་ཡིན་པའི་ཕྱིར།   མ་གྲུབ་ན།   དེ་ཆོས་ཅན།  སྔ་འགྱུར་གྱི་རྒྱ་རྩིས་ཡིན་པར་ཐལ།   ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོད་དུ་འགྱུར་བའི་རྒྱ་རྩིས་ཡིན་པའི་ཕྱིར།   མ་གྲུབ་ན།  དེ་ཆོས་ཅན།   དེར་ཐལ།  ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་བོད་འགྱུར་གྱི་རྒྱ་རྩིས་ནང་དུ་མཐོང་རྒྱུ་ཡོད་པའི་རྒྱ་རྩིས་ཡིན་པའི་ཕྱིར།   ཞེས་བཀོད་འོས་སོ།  །

སྤྱིར་གོང་གི་སྐད་ཆ་དེའང་།   ཁྱོད་རང་ལ་སྤྲིངས་པའི་བརྒལ་ལན་དུ།  《བཻ་དཀར་》 ལེའུ་ཉི་ཤུ་པའི་ཤོག་ངོས་ ༢༤༣པའི་ངོས་སུ།     རྒྱ་རྩིས་སྔ་འགྱུར་གབ་ཙེ་བཅོ་ལྔ་བསྒྱུར་བའི་དཀར་ཆག་བཀོད་འདུག་པ་དེར་གཟིགས་པས་འཐུས།   རྨོངས་དད་དང་འབྲེལ་བའི་རྒྱ་རྩིས་སྐོར་འདི་དག་བོད་ཀྱི་ལོ་ཐོ་ནང་དུ་བཀོད་སྲོལ་མང་ཆེ་བ་དེ་དགའ་ལྡན་ཕོ་བྲང་གི་རྗེས་སུ་དུས་རབས་བཅོ་བརྒྱད་མཇུག་ཙམ་ན་མཐོང་རྒྱུ་འདུག      ཅེས་བཀོད་ཡོད་པས་ཡང་བསྐྱར་གཅིག་གཟིགས་པར་ཞུ།   མདོར་བསྡུས་ན་རྒྱ་རྩིས་རྙིང་མ་རྣམས་ཁྲི་སྲོང་སྐབས་སུ་བོད་དུ་བསྒྱུར་བར་གྲགས་ཀྱང་།     དོན་དུ་ལོ་ཐོ་ནང་དུ་བཀོད་རྒྱུ་མང་ཤོས་དགའ་ལྡན་ཕོ་བྲང་རྗེས་སུ་མཐོང་རྒྱུ་འདུག་ཅེས་གསལ་པོར་བཀོད་ཡོད།   །

གང་ཉིད་རིགས་ལམ་གྱི་སྒོ་ནས་ཁོ་བོ་དང་རྩོད་པ་འདོད་ན།  ཐོག་མར་སེ་འབྲས་ལ་སོགས་རི་བོ་དགེ་ལྡན་པའི་གདན་ས་ཞིག་ཏུ་ཕེབས་ནས་ལོ་ཤས་ཤིག་རིགས་ལམ་ལ་སློབ་གཉེར་གནང་སྟེ་ཕྱིར་ཕེབས་དང་།  ཁོ་བོས་དར་དཀར་པོ་སྲིད་ན་རིང་བ་ཞིག་གིས་སྣེ་དྲངས་ཏེ་རྩོད་པ་དང་ལེན་ཞུ་ཆོག   །

༣༽  གསལ་བཤད་གསུམ་པ།    མཁན་ཆེན་དགེ་དཔལ་གྱིས་ལན་གཉིས་པར།   ཁོ་བོས་བྲིས་པའི་《ལོ་རྒྱུས་པདྨ་རཱ་གའི་ལྡེའུ་མིག་》ཏུ།   ཁྲི་སྲོང་རྒྱ་བཟའི་སྲས་མིན་ཚུལ་བཤད་པ་དང་།    རྩིས་གཞུང་《ཉེར་བུམ་》གྱི་ལུང་དུ།  རྒྱ་བཟའི་སྲས་འཕྲོག་པས་ཡིད་ཕམ་གྱིས་བོད་ཀྱི་རྩིས་འགོ་འཆུག་བཅུག་པའི་སྐོར་བཤད་པ་གཉིས་ནང་འགལ་འདུག་གསུངས་པའང་འབྲེལ་མེད་ཀྱི་གཏམ་དུ་ཟད་དེ།   དབོན་སྤྲུལ་གྱིས་《ཉེར་བུམ་》ནང་དུ་རྒྱ་རྩིས་རྙིང་མ་བོད་འགྱུར་མ་དག་པ་ཡོད་ཚུལ་བཤད་པའི་ཡིག་རྙིང་ལུང་དྲངས་པ་ལ་ཁོ་བོའི་དེབ་དང་འབྲེལ་བ་གང་འདུག     འདིའི་སྐོར་གསལ་བཤད་འདི་ཙམ་གྱིས་འཐུས་སོ།  །

༤༽  གསལ་བཤད་བཞི་པ།    མཁན་དགེ་དཔལ་གྱིས་རྙོག་བཤད་དེའི་ལན་མདོར་བསྡུས་ནས་བཀོད་པ།   ཁོང་གིས་ཉི་ནག་རྒྱ་རྩིས་ཡིན་ན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་།   མཁས་གྲུབ་ཀརྨ་ཆགས་མེད།  གནམ་ཆོས་མི་འགྱུར་རྡོ་རྗེ་སོགས་ཀྱིས་མཛད་པ་དང་ཕྱོགས་བསྒྲིགས་གནང་བའི་གཏོ་མདོས་ཀྱི་ཡིག་ཆ་ཐམས་ཅད་རྒྱ་ནས་བྱུང་དགོས་པའི་སྐྱོན་འཛུགས་པ་ནི་སྨྱོན་པའི་ལབ་རྡོལ་ཏེ།   ཉི་ནག་རྒྱ་ལུགས་ཡིན་ན་འབྱུང་རྩིས་རྒྱ་ལུགས་ཡིན་པས་ཁྱབ་དགོས་ཟེར་མཁན་སུ་འདུག   ཐུགས་བསམ་ལེགས་པོར་བཞེས་ནས་བཀའ་མོལ་གནང་བར་འཚལ།   འབྱུང་རྩིས་ཀྱི་རིག་པ་འདི་ནི་བོད་ཀྱི་རིག་གནས་རྙིང་ཤོས་ཞིག་ཡིན་པ་དང་།   དེའི་རིག་གཞུང་བརྒྱ་ཆ་གོ་དགུ་བོན་ལུགས་ཡིན་པ་དང་།  དེ་ལས་རྒྱ་མཚོའི་ནང་དུ་ཆུ་ཐིགས་ཙམ་ཞིག་ཕྱིར་འདྲེན་རིག་པ་སྟེ།  དཔེར་ན།  ངན་དགུ།  ཉི་ནག    གྱོ་ཁང་།  གླང་རྩིས་སོགས་རྒྱ་ནག་ནས་བྱུང་བའི་རྩིས་འགའ་ཞིག་ཡོད་ཚུལ་བཤད་པ་ཙམ་མོ།   འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་།  མཁས་གྲུབ་ཀརྨ་ཆགས་མེད་རྣམ་གཉིས་ནི་བན་བོན་གཉིས་ཀ་ལ་མཁས་ཤིང་དད་པའི་གང་ཟག་ཡིན་སྟབས།     བོན་གྱི་གཏོ་ཆོག་རྣམས་ཕྱོགས་བསྒྲིགས་དང་། ལེགས་བཅོས་གནང་སྟེ་ནང་ཆོས་ལུགས་སུ་ཕྱག་ལེན་གནང་བའི་སྐོར་ཡིག་ཆ་མང་པོ་ཡོད་པར་མཁྱེན་པར་མཛོད་ཅིག    གཞན་ཡང་སྐབས་འདིར་སོག་བཟློག་པའི་ལུང་སོགས་དྲངས་ནས་ས་བདག་ཤོག་ཁྲའི་སྐོར་ལ་ཉ་ཉོག་མང་ཙམ་གསུངས་འདུག་པ་དེ་ལ་ལན་གྱིས་ངལ་བ་མི་བྱ་སྟེ།   ས་བདག་ཡིན་ན་རྒྱ་ནག་ནས་བྱུང་བ་ཡིན་པས་ཁྱབ་ཟེར་མཁན་སུ་ཡང་མེད་པའི་ཕྱིར་རོ།   །

༥༽   གསལ་བཤད་ལྔ་པ།   མཁན་ཆེན་དགེ་དཔལ་ལ་སྙིང་སྟོབས་བསྐུལ་བ།   དགེ་དཔལ་གྱིས།

“ཁ་བ་ཅན་པའི་རྩིས་གཞུང་ནོར་བུའི་གན་མཛོད་ལ་སྣོན་འཕྲི་སྤོར་གཅོག་བྱེད་རྒྱུ་དེ་ནི།  ཁྱེད་དང་ང་ལྟ་བུའི་རིག་གཞུང་ཉི་ཚེ་བ་ཙམ་ཞིག་བློ་ཡི་བཅུད་དུ་བརླམས་པའི་གང་ཟག་རེ་ཟུང་གི་ཐོབ་འོས་མིན་པས་བག་ཡོད་པར་བྱས་ན་ལེགས་པར་སེམས་སོ།”

ཞེས་པའི་ལན་དུ།    མཁན་ཆེན་ལགས།  མི་ལོ་བཞི་སྟོང་ཙམ་གྱི་སྔོན་དུ་རང་རེའི་མེས་པོ་རྣམས་ཀྱི་བློ་ཡུལ་དུ་འདི་ལྟ་བུའི་ཚན་རིག་གི་རྨང་གཞི་ཞིག་བྱུང་ཡོད་པ་ནི་ཧ་ཅང་སྤོབས་པ་འོས་པ་ཞིག་རེད།   འོན་ཀྱང་དེང་དུས་ཚན་རིག་དབྱར་མཚོ་ལྟར་རྒྱས་པའི་སྐབས་འདིར།  བོད་ཀྱི་སྐར་རྩིས་རིག་པ་ལ་སྦྱང་དགོས་ན་སློབ་ཆུང་ལོ་རིམ་དྲུག་པ་ནས་ཐོན་པའི་སློབ་མའི་རྩིས་རིག་གི་ཡོན་ཚད་ཀྱིས་འདང་ངེས་ཞིག་རེད།   དེས་ན་ང་ཚོའི་སྐར་རྩིས་རིག་པ་འདི་དེང་རབས་གནམ་རིག་སྐར་རྩིས་དང་བསྡུར་ན།  གནམ་སའི་མཐོ་དམན་ལྟ་བུའི་ཧེ་བག་ཕྱིན་ཟིན་སྟབས།  བོད་ཀྱི་སྐར་རྩིས་ལ་ལེགས་བཅོས་དང་།  ཁ་སྣོན་དགོས་པ་ནི་ཁ་ཚར་དགོས་གཏུགས་ཀྱི་ལས་ཀ་ཞིག་རེད།   ཁྱེད་རང་ལ་ཡར་རྒྱས་གཏོང་བའི་བློ་སྤོབས་མེད་ནའང་།   བོད་རིགས་གཞོན་ནུ་རྣམས་ཀྱི་བློ་གྲོས་ཀྱི་སྒོ་མོ་མི་འགོག་པའི་རེ་བ་ཞུ།  སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་རྒྱུན་འཛིན་དང་།  སྔར་མེད་ཡར་རྒྱས་གཏང་རྒྱུ་ནི་དེང་རབས་གཞོན་ནུ་མཁས་པ་རྣམས་ཀྱི་འོས་འགན་ཡིན་ནོ།  །

༦༽  གསལ་བཤད་དྲུག་པ།    མཁན་ཆེན་དགེ་དཔལ་གྱིས་ཁོ་བོས་བྲིས་པའི་ལོ་རྒྱུས་《པདྨ་ར་གའི་ལྡེའུ་མིག་》 ལ་བཀའ་བཀྱོན་གནང་བ།    མཁན་དགེ་དཔལ་གྱིས།

“དེ་བས་ཉིད་ཀྱི་རང་རྩོམ་ལ་རང་བདག་བརྒྱབ་སྟེ།   བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག་ཏུ།    རང་གི་མི་རིགས་དང་རིག་གཞུང་ལ་གནོད་ཚབ་ཧ་ཅང་ཆེ་བ་མ་མང་ན་མི་ཉུང་བའི་ཚོད་དུ་སྣང་བ་དེ་རྣམས་སྣོན་འཕྲི་ཡང་དག་རེ་བྱེད་རྒྱུ་དེ་ནི།  སྐུ་ཉིད་རྐྱང་པ་ལ་རག་ལས་ཡོད་པའི་འོས་འགན་ཉག་གཅིག་ཡིན་པས།  དངོས་ཡོད་བོད་ཀྱི་ལོ་རྒྱུས་ལ་དུང་བ་མཚོ་ལྟར་ཟབ་པའི་སྤུན་ཟླ་རྣམས་ལ་དགོངས་དག་ཅིག་གི་དོད་དུ་སྣོན་འཕྲི་གང་དག་རེ་བྱེད་པར་རེ་བ་ལན་བརྒྱར་ཞུའོ།”  ཞེས་གསུངས།    །

ལོ་རྒྱུས་ནི་དོན་བཟང་ངན་གང་ཞིག་བྱུང་ཡོད་པ་དེ་དག་སྒྲོ་སྐུར་དང་བྲལ་བ་ཡི་གེ་འགོད་དགོས་པ་ལས།  གྲུབ་མཐའི་ཕྱོགས་ཞེན་དང་ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་འཕྲི་སྣོན་བྱས་ན་ལོ་རྒྱུས་དངོས་གཙོ་སྨྲ་བའི་རྩ་དོན་དང་འགལ་བ་ཞིག་རེད།     འོན་ཀྱང་ཆོས་དང་ཆབ་སྲིད་ལ་ལྷག་བསམ་ཚད་ལས་བརྒལ་བ་ཅན་རྣམས་ཀྱིས་ལོ་རྒྱུས་ལ་འཕྲི་སྣོན་དགོས་པའི་རེ་བ་བཏོན་པ་ནི་རྒྱུན་མཐོང་ཞིག་རེད།   ཁོ་བོའི་ལོ་རྒྱུས་དེབ་ཐེར་《པདྨ་རཱ་གའི་ལྡེའུ་མིག་》འདི།   ཆོས་ལུགས་དང་ལྷ་སྒྲུང་གི་རྫོབ་བཤད་མེད་པ།  བོད་ཀྱི་སྲིད་དོན་དང་རིག་གནས་ལོ་རྒྱུས་གཙོར་བྱས་པའི་རྒྱལ་རབས་མ་ལག་ཆ་ཚང་བ།  ལོ་རྒྱུས་ཁ་གསལ་ཞིང་གོ་བདེ་བའི་རྒྱལ་རབས་ཡིག་ཚང་ཡག་ཤོས་ཤིག་རེད་འདུག   ཅེས་རྒྱལ་ཕྱི་ནང་གཉིས་སུ་བསྟོད་བསྔགས་བྱེད་མཁན་མང་པོ་ཞིག་ཡོད་པ་རེད་ལ་།   སྨད་པ་བྱེད་མཁན་ཡང་ཐོག་མ་སྐུ་ཉིད་ཙམ་མ་ཡིན་པ།  དེབ་འདི་པར་སྐྲུན་ཐོག་མར་བྱུང་སྐབས།  ཁྱེད་དང་ལྟ་བ་གཅིག་པའི་མེས་རྒྱལ་གཅིག་གྱུར་ལ་ལྷག་བསམ་ཆེ་བའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་འདས་པོ་བགྲེས་སོང་ཞིག་གིས་ཀྱང་གོང་རིམ་ལ་དེབ་འདི་ལ་ཆབ་སྲིད་ཀྱི་ལྟ་བ་མ་དག་པ་དང་།  བསྐལ་པ་ཆགས་ནས་བོད་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་ཀྱི་བདེན་དཔང་མ་འདང་པའི་སྐྱོན་ཡོད་སྲིད་པས་དོ་དམ་དགོས་པའི་རེ་ཞུས་ལྟར།   གོང་རིམ་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒྱ་རིགས་དགེ་རྒན་ཆེན་མོ་མཁས་དབང་ལི་པིང་ཆོན་ལ་ཆེད་མངགས་ཀྱིས་ཞུ་དག་གནང་བཅུག་པ་རེད།    ཁོང་གིས་《བོད་ཀྱི་ལོ་རྒྱུས་པདྨ་ར་གའི་ལྡེའུ་མིག་》འདི་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་གཙོར་གནད་དུ་འཛིན་ཞིང་།   བསྐལ་པ་ཡ་ཐོག་ནས་ད་ལྟའི་བར་བརྒྱུད་རིམ་ལྡན་པའི་བོད་ཀྱི་ལོ་རྒྱུས་ཆ་ཚང་བ་ཐེངས་དང་པོ་ཞིག་ཡིན་ལ།  དེབ་འདིར་གནའ་བོའི་བན་བོན་གཉིས་ཀའི་ཡིག་ཆ་ལ་ཁུངས་གཏུགས་ཤིང་ལྷག་པར་ཏུ་བོན་གྱི་ཡིག་ཆ་མང་པོ་དཔྱད་གཞི་བྱས་ཡོད་པ་ཞིག་རེད།   མ་འདང་ས་གཙོ་བོར་རྒྱ་ཡིག་ཏུ་འཁོད་པའི་དཔྱད་གཞི་ཅུང་ཉུང་ཡང་།  ལོ་རྒྱུས་དེབ་ཐེར་འདི་དཔར་སྐྲུན་དང་འགྲེམ་སྤེལ་བྱ་ཆོག་པའི་ཚད་གཞི་སླེབས་འདུག   ཅེས་བསྡོམས་ཚིག་གནང་བའི་བཀའ་དྲིན་ལ་བརྟེན་ནས་འགྲེམ་སྤེལ་བྱ་ཆོག་པ་ཐག་ཆོད་པ་རེད།    བསམ་ཡུལ་ལས་འདས་པ་ཞིག་ནི།  ལོ་ངོ་ཉི་ཤུ་འདས་པའི་རྗེས་སུ་སླར་ཡང་མཁན་ཆེན་དགེ་དཔལ་ལགས་ཀྱིས་གོང་གསལ་གྱི་སྐྱོན་ཆ་འདི་དག་མཐོང་ཐུབ་པ་ནི།  སྐུ་ཉིད་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ།  མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་ལ་ལྷག་བསམ་ཆེ་བའི་ཡོན་ཏན་དུ་མཐོང་བས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།    སླད་ནས་ཁོ་བོས་རྒྱ་ཡིག་གི་དཔྱད་གཞི་མང་པོ་བལྟ་ཀློག་བྱེད་ཅིང་མེས་རྒྱལ་གཅིག་གྱུར་དང་།  མི་རིགས་མཐུན་སྒྲིལ་ལ་ཕན་པའི་ལོ་རྒྱུས་གང་རྙེད་ཁ་གསབ་བྱ་ནས་ཉིད་ཀྱི་ཐུགས་འདོད་བསྐང་ཐུབ་ངེས་བྱ་རྒྱུ་ཡིན་ནོ།  །

༧༽  གསལ་བཤད་བདུན་པ།  མཁན་ཆེན་དགེ་དཔལ་གྱིས་ཨོ་རྒྱན་སངས་གླིང་པ་དང་།   སྤྲུལ་སྐུ་ཨོ་རྒྱན་གླིང་པ་རྣམ་གཉིས་སྐོར་གྱི་འགྲེལ་བཤད་སྐོར་ལ།   མདོར་བསྡུས་པའི་ལན།   མཁན་དགེ་དཔལ་གྱིས།    ཨོ་རྒྱན་སངས་རྒྱས་གླིང་པའི་གཏེར་བྱོན་དགོངས་འདུས་སྐར་མཛོད་ལས།   ཞེས་གསུངས་པ་དེར་ཁོ་བོས་ཕྱིར་ལན་ཕུལ་སྐབས།  གཟབ་ནན་མ་བྱས་པར་འབྲི་གུང་དཔལ་འཛིན་གྱི་གཏེར་སྟོན་རྫུན་མའི་གྲངས་འདྲེན་གྱི་ལུང་དེ་དྲངས་ནོར་བྱས་ཏེ།   ཨོ་རྒྱན་སངས་རྒྱས་གླིང་པའམ་རིན་ཆེན་གླིང་པ་དང་།   སྤྲུལ་སྐུ་ཨོ་རྒྱན་གླིང་པ་གཉིས་ལུང་དྲངས་ནོར་བྱས་འདུག་པས་དགོངས་དག་ཞུ།     གང་གི་གཏེར་སྟོན་རྣམ་གཉིས་གཏེར་སྟོན་ཡང་དག་ཡིན་པའི་སྐོར་ལུང་རིགས་མང་པོ་ཞིག་གསུངས་འདུག་ཀྱང་དེ་ནི་གཙོ་བོ་རང་རེའི་དག་སྣང་ལ་རག་ལས་པ་ཞིག་རེད།    དག་སྣང་གི་ངོས་ནས་བཤད་ན་གཏེར་དང་གཏེར་སྟོན་དེ་དག་ཡང་དག་པ་ཡིན་པ་ཁོ་བོས་ཀྱང་ཁས་ལེན།   འོན་ཀྱང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ངོས་ནས་བཤད་ན།    ད་ལྟའི་ཡོངས་གྲགས་ཀྱི་བཤད་སྲོལ་ཡོད་པའི་གཏེར་དང་གཏེར་སྟོན་འདི་དག་ནི་ཧ་ཅང་བཤད་དཀའ་བ་ཞིག་རེད།    སྤྱིར་གཏེར་དང་གཏེར་སྟོན་ཟེར་བ་དེ་ཐོག་མར་བོན་གྱི་ལོ་རྒྱུས་ལས་བྱུང་བ་ཞིག་ཡིན་འདུག་སྟེ།    བོད་རྒྱལ་གྲི་གུམ་བཙན་པོས་བོད་བསྣུབས་པའི་སྐོར།  《དབང་ཆེན་》ལས།   གཤེན་པོ་རྣམས་ལྷོ་བལ་མོན་གྱི་ཡུལ་དུ་བསྟན་པ་གཟུགས་པར་དགོངས་ནས་གཙང་སྟོད་བྱི་བ་མཁར་ནས་ཆས་ཏེ་གཤེགས་སོ།       བསྟན་པ་མི་ཚུགས་པའི་རྟགས་བྱུང་སྟེ་ནམ་མཁའ་ལས་སྒྲ་མི་སྙན་པ་དང༌།       ཁ་བ་བུ་ཡུག་རླུང་དམར་ལ་སོགས་བྱུང་ནས་རྣིལ་མཚོ་རྡེའུ་མགུལ་ནས་སླར་ལོག་སྟེ།      བོན་ཐམས་ཅད་གཏེར་དུ་སྦས་ཏེ་ས་རྟགས་མཚན་དང་ལྡན་པ་འབྲི་མཚམས་མཐའ་དཀར་ལ་སྦས།       དྲན་པ་དང་།     ཡོ་ཕྱས་ཡར་ཀླུང་རམ་པོ་དཔལ་རི་ལ་སྦས།    དམུ་ཙ་དང་།     ར་སངས་ཁོད་རམ་གཉིས་ཀྱིས་བྱང་འབྲོག་ཏུ་བྱོན་ཏེ་ཟང་ཟང་ལྷ་བྲག་དང་ར་ཁྱུང་རྫོང༌།      རྒྱུ་སྲུབ་གསང་བའི་བྲག་ལ་སྦས།   ཞེས་དང་།  གཡུང་དྲུང་བོན་གྱི་བསྟན་པ་གཉན་པར་གྱུར་ཅིག       བསྟན་པ་གཏེར་དུ་སྦས་པ་རྣམས་ཀྱང་མེ་ཏོག་སྤང་ལ་བརྡོལ་བ་ལྟར་དུས་ལ་བབ་ཙ་ན་ལས་དང་སྐལ་པ་ལྡན་པའི་གཞོན་ནུ་དལ་འབྱོར་ཅན་ཁ་ཅིག་གིས་རྙེད་པར་གྱུར་ཅིག     རྙེད་ནས་ཀྱང་བསྟན་པ་ཚུགས་ཤིང་བཀྲ་ཤིས་པར་གྱུར་ཅིག”    ཅེས་སོགས་གསལ་བ་ལྟར་ན།   གཏེར་དང་གཏེར་སྟོན་ཞེས་པ་ནི་དུས་འཁྲུགས་ཀྱི་སྐབས་སུ་དངོས་རྫས་རྣམས་རི་བྲག་སོགས་ལ་སྦས་ཤིང་།   ཕྱིས་སུ་དུས་བདེའི་སྐབས་སུ་སླར་ཡང་ཕྱིར་བཏོན་པའི་ལོ་རྒྱུས་ཡིན་འདུག་པ།  འདི་ནི་རིག་གནས་གསར་བརྗེའི་སྐབས་སུ་སྐུ་གསུང་ཐུགས་རྟེན་རྣམས་གནས་ངེས་མེད་དུ་སྦས་ཤིང་།  གུ་ཡངས་ཀྱི་སྲིད་ཇུས་སྐབས་སུ་ཕྱིར་བཏོན་པ་དང་མཚུངས་པས།  འདི་ལྟ་བུའི་གཏེར་དང་གཏེར་སྟོན་ནི་ལོ་རྒྱུས་ཡང་དག་ཡིན་པ་རྩོད་མེད་དུ་གྲུབ་བོ།   །

༨༽   གསལ་བཤད་བརྒྱད་པ།    མཁན་དགེ་དཔལ་གྱིས་ཁོ་བོས་དོ་སྣང་མ་བྱས་པར་འབྲི་ནོར་ཤོར་བའི་ཡིག་སྐྱོན་བསྡོམས་པས་བཅུ་བཞི་བཏོན་གནང་འདུག་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།    རྒྱ་ཡིག་དཔྱད་རྩོམ་གཅིག་གི་ནང་ཡིག་ནོར་ལྔ་ཙམ་ཡོད་ན་དགེ་རྒན་རྣམས་ཀྱིས་དཔེ་མི་སྲིད་པ་ལྟ་བུའི་སྐྱོན་བརྗོད་གནང་ཅིང་ལེགས་བཅོས་མཛད་པ་སྨོས་མ་དགོས།   བོད་ཡིག་ལ་དེང་སང་རང་གཞན་ཚང་མས་ཡི་གེ་ཤོག་ངོས་གང་ཙམ་ལའང་ཡིག་ནོར་བཅུ་ཕྲག་ཙམ་བྲིས་ཡོད་ཀྱང་། སུས་ཀྱང་དེ་ལ་དོ་སྣང་མེད་པ་རྒྱུན་ལྡན་ལྟ་བུ་ཞིག་ཆགས་འགྲོ་ཞིང་འདུག་པ་འདི་ནི་དོན་དངོས་བོད་ཀྱི་སྐད་ཡིག་ཉམ་གུད་འགྲོ་བའི་རྟགས་མཚན་ཆེ་ཤོས་ཤིག་ཡིན་སྟབས་རང་གཞན་ཚང་མས་ཡིག་ནོར་ལ་དོ་སྣང་གནང་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ།    །

འོན་ཀྱང་ཉིད་ཀྱིས་བཅོས་ནོར་བྱས་པའང་འགའ་ཞིག་འདུག་པར།    ༡ བཅོས་ནོར་དང་པོ།   གདིང་དང་གདེང་ནི་ཡིག་རྙིང་ནང་དུ་གཉིས་ཀ་འབྲི་སྲོལ་ཡོད་པ་མ་ཟད།   ལྟ་བའི་གདིང་ཐོབ་པ།    སྙིང་ཁོང་རུས་པའི་གདིང་ནས།  ཞེས་པ་གསོལ་འདེབས་དང་ཁྲིད་ཡིག་མང་པོའི་ནང་དུ་བྲིས་ཡོད་འདུག་པ་དེ་རིགས་བཅོས་དགོས་མི་འདུག   །

༢ བཅོས་ནོར་གཉིས་པ། བཞག་དང་འཇོག  ལས་ཚིག་གིས་གྲུབ་པའི་མིང་རྐྱང་ཡིན་ན་ངེས་པར་དུ་“སོར་བཞག་”ཅེས་ཐོབ།  འོན་ཀྱང་རང་སོར་འཇོག་དང་།  རང་སོར་བཞག་ཅེས་པ་དུས་ཁོ་ན་ཙམ་མ་ཡིན་པ།   དངོས་པོ་བདག་གཞན་གང་ཡིན་སྐབས་ཐོབ་ཀྱི་བརྗོད་བྱ་དང་བསྟུན་དགོས་ཏེ།   བྱ་ཚིག་ཡིན་ན་དུས་གསུམ་ཁོ་ན་སྟོན་བྱེད་ཡིན་པས་མ་ཁྱབ་སྟེ།  བྱ་བྱེད་ཐ་དད་པའི་ལས་ཚིག་གང་ཞིག   དངོས་པོ་བདག་གཞན་གྱི་དབྱེ་བ་ཡོད་པའི་ཕྱིར།    དཔེར་ན།  བཀྲ་ཤིས་ཀྱིས་སྔོན་གྱི་སློབ་ཁྲིད་རང་སོར་འཇོག་ནས་སྐད་ཡིག་བསླབས།  ཞེས་པ་དུས་འདས་པའི་ལས་ཚིག་ཡིན་ཡང་རང་སོར་འཇོག་མཁན་བྱེད་པ་པོ་བཀྲ་ཤིས་ཡིན་སྟབས་དངོས་པོ་བདག་སྟོན་གྱི་བྱ་ཚིག་ཡིན་པ་ཤེས་པ་བྱ་དགོས།   གཞན་ཡང་དཔེར་ན།  《ཉང་རལ་ཉི་མ་འོད་ཟེར་གྱི་ཆོས་འབྱུང་》ལས།  མདོ་སྡེའི་རྒྱལ་པོ་འདི་མཆོད་རྟེན་གྱི་ནང་དུ་འཇོག་སྟེ། ལོ་བརྒྱར་བྱིན་རླབས་ཀྱི་མར་མེ་དང་བཅས། ”  ཞེས་དང་།  《མི་ལ་རས་པའི་རྣམ་ཐར་》དུ།  བར་དུ་བུ་གཅིག་པོ་རང་ཞིག་བྱུང་བའི་ཕ་འཆི་བ་སྔས་པ་དང་། ཁ་ཆེམས་འཇོག་ལུགས་མ་བྱུང་བར། ཕ་ཤི་རྟིང་བུ་གཅིག་པོའི་ནོར་ཀུན་ཕ་ཚན་གྱིས་ཕྲོགས།”  ཞེས་པ་དང་།       《མི་ལའི་མགུར་འབུམ་》དུ།    རྗེ་བཙུན་ཞབས་ས་ལ་མི་འཇོག་པར་ནམ་མཁའ་ལ་གཤེགས་པ་མཐོང་ནས། མི་ཕྱེད་པའི་དད་པ་ཐོབ་སྟེ།”   ཞེས་པ་ལྟ་བུ་རྣམས་ནི་བརྗོད་དོན་དུས་འདས་པ་ཡིན་ཡང་།  འདི་དངོས་པོ་བདག་སྟོན་གྱི་ལས་ཚིག་ཡིན་པ་ཤེས་དགོས་སོ།  འདི་སྐོར་ལ་ཞིབ་པ་མཁྱེན་འདོད་ན་སི་ཏུ་ཆོས་འབྱུང་གིས་མཛད་པའི་《སུམ་རྟགས་འགྲེལ་ཆེན་》 དུ་གཟིགས་པར་ཞུ།  ཞེས་ཞར་བྱུང་དུ་བོད་རིགས་གཞོན་ནུ་སྤྱི་ལ་ཞུ་འབོད་ལགས་སོ།    །

༣      བཅོས་ནོར་གསུམ་པ།   ཡིན་པ་སྒྲུབ་བྱེད།     ཅེས་པ་ཡིན་པའི་སྒྲུབ་བྱེད་ཅེས་བཅོས་པ་ནོར།   ཁ་སྐད་ཡིག་སྐད་གང་དུའང་ཡིན་པ་སྒྲུབ་ཅེས་པ་རྒྱུག་ཆེ།  ཁ་སྐད་དུ།  ཡིན་པ་ཤེས་བྱུང་།  གསར་པ་ཉོས་ཡིན། ཡིན་པ་སྒྲུབ་དགོས་ལྟ་བུ་དང་།  ཡིག་སྐད་དུའང་ཚད་མ་རིགས་གཏེར་ལས།   ཡིན་པ་སྒྲུབ་ལ་ཚུལ་གསུམ་ཚང་།  །ངོ་བོ་དབྱེར་མེད་རང་བཞིན་རྟགས། །དེ་དང་ཆ་མཐུན་ཁོངས་སུ་བསྡུ།  །ཡོད་པ་སྒྲུབ་ལ་ཚུལ་གསུམ་ཚང་། །དེ་བྱུང་བ་ལ་འབྲས་བུའི་རྟགས། །ཞེས་གསུངས་པ་ལྟར་རོ།  །

༤  བཅོས་ནོར་བཞི་པ།  པེ་ཏུའུ།  བརྒྱ་འདུ་ཞེས་བཅོས་པ་ནོར།   པེ་ཏུའུ་ཞེས་པ་རྒྱ་སྐད་ཀྱི་མིང་ཐད་སྒྱུར་བྱས་པ་ཞིག་རེད།  བོད་སྐད་དུ་བརྒྱ་འདུ།  ཞེས་མིང་གསར་འོས་སྦྱོར་བྱས་ན་འགྲིགས།  བརྡ་ཆད་གསར་པ་གཏན་འབེབ་བྱ་བ་ལ་བརྡ་ཆད་གསར་པའི་སྐད་ཡིག་ཨུ་ཡོན་ལྷན་ཁང་བརྒྱུད་ནས་གཏན་འབེབས་མ་བྱས་པའི་མིང་གསར་དུ་བཅོས་ན་སྒྲིགས་འགལ་གྱི་ལས་སུ་འགྲོའོ།   །

༥  བཅོས་ནོར་ལྔ་པ།  དྲྭ་རྒྱ།   ཞེས་པར།   དྲྭ་དང་རྒྱ་དོན་གཅིག་ཅེས་བཅོས་པ་ནོར།  གནའ་བོའི་བོད་ཀྱི་ཆོས་སྲིད་ཀྱི་ལྟེ་བ་ལྷ་ས་དང་སྡེ་དགེ་ལྟ་བུ་ཡུལ་དབུས་པ་རྣམས་ལ་དྲྭ་རྒྱ་ཞེས་ཡོངས་གྲགས་ཀྱི་བོད་བརྡ་རྙིང་པ་ཞིག་ཡིན་པ་མ་ཟད། ཁྲིད་ཡིག་རྣམས་སུ་འཁོར་བའི་དྲྭ་རྒྱར་ཚུད་པའི་རིགས་དྲུག་གི་སེམས་ཅན་ཞེས་ཡང་ཡང་གསུང་པ་དེ་དག་ཀྱང་མ་མཐོང་ངམ།   དྲྭ་ཞེས་པ་ཐིག་གུ་ཕན་ཚུན་སྤྲེལ་ནས་བཟོས་པའི་དྲ་བ་དང་།  རྒྱ་ཞེས་པ་སྐབས་འདིར་འཛིན་བྱེད་ཀྱི་དོན་ཡིན།   འོན་ཀྱང་དེང་དུས་བླ་རུང་སྒར་ནས་ཕ་མེས་བརྒྱུད་པའི་བརྡ་ཆད་རྙིང་པ་འགའ་ཞིག་རྒྱ་སྐད་ཀྱི་འགྲོས་དང་བསྟུན་ནས་བཟོ་བཅོས་བྱས་པའང་སྣང་སྟེ།  དཔེར་ན།   བོད་སྐད་ཡང་དག་ལ་ཁྱད་གཞིའི་མིང་སྔོན་དང་ཁྱད་ཆོས་ཀྱི་མིང་རྗེས་སུ་བརྗོད་སྲོལ་ཡོད་པ། ཤ་འཁེང་།  ཀོ་རྒོག  མར་དཀར་ལྟ་བུ་རྣམས་རེད།     དེང་དུས་བླ་རུང་མིང་མཛོད་གསར་པའི་ནང་དུ།   རྒྱ་སྐད་ཀྱི་འགྲོས་ལྟར་བོད་སྐད་རྙིང་པ་ལ་བཟོ་བཅོས་གནང་ནས་ཁྱད་ཆོས་ཀྱི་མིང་སྔོན་དང་ཁྱད་གཞི་རྗེས་སུ་སྦྱར་བ།  ཤ་འཁེང་ལ་འཁེང་ཤ་ཞེས་བཅོས་པ་ནི་རྒྱ་སྐད་ཀྱི་ལུགས་ཏེ་冻肉 ཞེས་པ་ཐད་སྒྱུར་བྱས་པའི་མིང་གསར་ཞིག་རེད། །

༦  བཅོས་ནོར་དྲུག་པ།   སྐྱ་སེར་ཁྱད་པའི།  ཞེས་པར།  ཁྱད་པས་ཞེས་བཅོས་པ་ནོར།   འབྲེལ་སྒྲ་སྦྱར་བ་ནི་རང་རེ་སྐྱ་སེར་ཙམ་གྱི་ཁྱད་པ་ཡིན་པ་ལས་གཞན་པའི་ཁྱད་མེད་པའི་དོན་དང་།   རྒྱུ་མཚན་སྟོན་པའི་བྱེད་སྒྲ་སྦྱར་ན་ངེས་པར་དུ་མཆོག་དམན་གྱི་དབྱེ་བ་སྟོན་བྱེད་ཡིན་པས།  རང་རེའི་བར་ན་མཆོག་དམན་གྱི་དབྱེ་བ་ཡོད་པའི་ལྟ་བ་ནམ་ཡང་འཛིན་མེད།  །

གཞན་ཡང་ཁྱེད་རང་གི་རྩོམ་ཡིག་ནང་དུ་ཡུལ་སྐད་ཀྱིས་རྐྱེན་པའི་ཡིག་ནོར་པ་ཡིག་ཕལ་ཆེར་བ་ཡིག་ཏུ་བཅོས་ནས་བྲིས་འདུག་པ་འདི་ལ་དོ་སྣང་ཞིག་མ་གནང་ན།  སླད་ཕྱིན་ཁྱེད་ལ་གསལ་བྱེད་ཉེར་དགུ་ལས་མི་དགོས་པ་ཐལ་བའི་སྐྱོན་བཟློག་མེད་དུ་འབབས་ངེས་སོ།  །   

༩༽  གསལ་བཤད་དགུ་པ།   གྲུབ་མཐའ་ཕྱོགས་རིས་མི་རུང་བའི་སྐོར་ལ་གསལ་བཤད།  མཁན་དགེ་དཔལ་གྱིས།

“གཞན་ཡང་ཉིད་ཀྱིས།   ས་ཕྱོགས་དང་།      ཆོས་བརྒྱུད་སོགས་ལ་དམའ་འབེབས་དང་།  ཟུར་ཟའི་ཚིག་མཚོན་དང་།  འབྲེལ་མེད་ཀྱི་སྐྱོན་བརྗོད་སོགས་སྔོན་གྱི་དཔེ་མཚོན་དང་འདྲ་བ་མང་ཡང་།   དེ་ནི་ང་ཚོ་བོད་གངས་ཅན་པའི་མ་འོངས་པའི་གཞོན་སྐྱེས་ཚོ་ལ་བག་ཆགས་ངན་པ་འཇོག་བྱེད་ཙམ་ལས་མེད་པས།  རང་གཞན་ཀུན་གྱིས་ནམ་ཡང་ཕྱོགས་རིས་དང་།  ཕྲག་དོག  གྲུབ་མཐའི་ཆགས་སྡང་སོགས་འདི་དང་ཕྱི་མར་བདག་གཞན་ཕུང་ལ་སྦྱོར་བའི་ལས་དེ་དག་གཞར་ཡང་བྱེད་པར་མ་གྱུར་ཅིག”

ཞེས་གསུངས་པའི་ལན་དུ།   བླ་མ་རྣམ་པ་དང་། མཁན་ཆེན་རྣམ་པ།  ཁ་བཤད་དང་ལག་ལེན་གཅིག་མཐུན་ཡིན་ན་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།   ཁོ་བོ་ནི་ས་ཕྱོགས་དང་།  ཆོས་བརྒྱུད་དང་།  གྲུབ་མཐའི་ཕྱོགས་རིས་དག་དང་རིང་དུ་བྲལ་བ་ཞིག་ཡིན་ཏེ།   བདག་ནི་ཆོས་ལུགས་མེད།  གྲུབ་མཐའ་མེད།  ཕ་ཡུལ་མེད།  ཕ་མ་མེད་པའི་རྒྱལ་ཁམས་པ་ཞིག་ཡིན་པའི་ཕྱིར་རོ།   ། 

ལྷག་པར་དུ་གསེར་རྟའི་ལྔ་རིག་བླ་རུང་མ་ཆགས་པའི་གོང་དུ་ཁོ་བོའི་རྒྱུད་ལ་ཆོས་ལུགས་གྲུབ་མཐའ་ཀུན་ལ་རིས་མེད་ཀྱི་དང་བ་དགོས་པའི་སློབ་གསོ་ཟབ་མོ་འབྱོར་ཟིན་པ་ཡིན་ཏེ།    ཁོ་བོའི་དགེ་རྒན་དང་ཕ་མ་རྣམས་ཀྱིས་ཞལ་ཏ་ལྟར་ན།    སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ།  འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གཙོ་བོར་གནང་བའི་མཁྱེན་ཀོང་མཆོག་གསུམ་གྱིས།  ལོ་རྒྱུས་ཐོག་ཏུ་རྙིང་མས་བོན་པོ་བརྡུང་།  ས་སྐྱས་འབྲི་གུང་བརྡུང་།  དགེ་ལྡན་པས་ཇོ་བཀའ་རྣམ་གཉིས་བརྡུང་པ་སོགས་ཆོས་ཆོས་མིན་གྱི་ལག་ཆས་སུ་གྱུར་པའི་སྐྱོ་གར་གྱིས་བོད་སྤྱིར་ལ་གོད་ཆག་བྱུང་བའི་དོན་རྐྱེན་དག་ལ་དམིགས་ནས།  འབྲི་ཆུའི་ཤར་ནུབ་གཉིས་སུ་རྟེན་གཞིས་བཟུང་བའི་གྲུབ་མཐའ་རིས་མེད་ཀྱི་གཞི་རྐང་བཙུགས།    སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གཞུང་གདམས་ངག་དང་བཅས་པ་ཕྱོགས་བསྒྲིགས་མཛད་པ་ལ་《མཛོད་ཆེན་རྣམ་ལྔའི་》ཡ་གྱལ་《གདམས་ངག་མཛོད་》ཅེས་པ་དེ་བསྒྲིགས།   དེའི་དབང་ལུང་གདམས་ངག་དང་བཅས་པ་ཐམས་ཅད་རང་གིས་ཞུས་ཤིང་།   གཞན་ལ་སྤེལ་གནང་མཛད་པ་སོགས་རིས་མེད་གྲུབ་མཐའི་ཕྲིན་ལས་རྒྱ་ཆེར་སྤེལ་བ་ལ།    རིས་མེད་བསྟན་འཛིན་འཇམ་མགོན་མཁྱེན་ཀོང་མཆོག་གསུམ་ཟེར་བ་དེ་བྱུང་བ་རེད།  ཅེས་ཡང་ཡང་གསུང་གི་ཡོད།      དེ་ལྟར་མཁྱེན་ཀོང་མཆོག་གསུམ་སོ་སོའི་ཐུན་མིན་གྱི་ཡོན་ཏན་དང་བསྟུན་པའི་གསོལ་འདེབས།

༡༽    འཇམ་དཔལ་བྱིན་བརླབ་བི་མའི་རྣམ་པ་འཕྲུལ།    །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པ།  །བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང་།  །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས།   །

༢༽      བཀའ་གཏེར་ལུང་ཟིན་བཻ་རོའི་རྣམ་པར་འཕྲུལ།  །མཛོད་ཆེན་རྣམ་ལྔའི་ཤིང་རྟའི་ལམ་སྲོལ་འབྱེད།   །རིས་མེད་བསྟན་འཛིན་ཡོན་ཏན་རྒྱ་མཚོའི་གཏེར།  །བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས།  

༣༽     དཀྱིལ་འཁོར་ཀུན་བདག་མཚོ་སྐྱེས་རྡོ་རྗེ་འཆང་།     །མཆོག་གི་རིག་པ་འཛིན་པའི་སྐུ་བཞེས་པ།  །གངས་ཅན་སྐྱེ་རྒུའི་སྐྱབས་གཅིག་གཏེར་ཆེན་རྗེ།   །མཆོག་གྱུར་གླིང་པའི་ཞབས་ལ་གསོལ་བ་འདེབས།  །

ཞེས་དུས་བབས་ཀྱི་གསོལ་འདེབས་འདི་ཉིད་མདོ་ཁམས་སྡེ་དགེའི་ཡུལ་ནས་རིམ་བཞིན་གངས་ལྗོངས་ཐ་གྲུ་ཀུན་ལ་ཁྱབ་ཡོད་པ་རེད།    དེ་ལྟར་ཕ་མ་དང་སློབ་དཔོན་རྣམས་ཀྱི་སློབ་གསོའི་ཤུགས་རྐྱེན་གྱི་དབང་གིས་ཁོ་བོ་ཆུང་ངུའི་དུས་ནས་བན་བོན་གཉིས་ཀ་ལ་རིས་མེད་འཛིན་མཁན་ཞིག་ཡིན།    །

རང་རེ་བགྲོ་གླེང་གི་ནང་དུ་དགེ་དཔལ་དང་།  བླ་རུང་དང་།  གསེར་རྟ་སོགས་གང་ཟག་བྱེ་བྲག་པ་དང་།  དེར་བཞུགས་པའི་གནས་དང་།  ཡུལ་བྱེ་བྲག་གི་མིང་ཙམ་སྨོས་པ་ལ་ས་ཕྱོགས་དང་།  གྲུབ་མཐའི་སྡང་ཞེན་ཡིན་པ་འཛིན་པ་ནི་ཐུགས་བློ་ཧ་ཅང་གུ་དོག་པའི་སྐྱོན་ཏེ།   བྱ་བའི་ཡུལ་གྱི་མིང་ཙམ་ཡང་སྨོས་མ་རུང་ན།  མུན་པའི་སྨག་ཏུ་མདའ་འཕངས་པ་ལྟར།  རང་རེའི་བགྲོ་གླེང་འདི་སུས་ཀྱང་གོ་མི་ཐུབ་པ་ཞིག་ཏུ་འགྱུར་བས།  དེས་ན་བགྲོ་གླེང་བྱ་བ་ལ་སྙིང་པོ་ཅི་ཡོད།   །

མཁན་ཆེན་དགེ་དཔལ་ཆོས་བརྒྱུད་ཚབ་མིན་ལ།   །

བླ་རུང་ཟེར་བ་གྲུབ་མཐའི་མཚོན་བྱེད་མིན།   །

རྩོད་པའི་ཡུལ་གྱི་མཚན་ཀྱང་མི་གསལ་ན།   །

རང་རེའི་བགྲོ་གླེང་འདི་ལ་དགོས་པ་ཅི།   །

རིས་མེད་དད་པ་འཇམ་མགོན་ཀོང་སྤྲུའི་དྲིན།  །

ལུང་རིགས་སྤོབས་པ་བླ་མའི་ཞལ་རྒྱུན་ཉིད།    །

ཆོས་དང་ཆོས་མིན་རྩོད་པའི་ངག་གིས་འབྱེད།   །

དགོས་པའི་དོན་ནི་གཞོན་ནུའི་བློ་སྒོ་འབྱེད།   །

ན་རྒས་དད་པས་ཅི་མཛད་ལེགས་པར་མཐོང་།   །

འབྲོག་སྡེ་ཕལ་ཆེར་རྒྱ་བླའི་གཡོ་འོག་ཚུད།   །

ཆོས་དང་སྲིད་ཀྱི་དབྱེ་བ་མ་འབྱེད་པས།   །

མནར་གཅོད་གཏོང་ཡང་བདེ་བར་སྒོམ་འདིར་སྐྱོ།   །

ཁ་ཆེས་རང་ལུགས་འགལ་ན་གསད་བྱ་དང་།  །

ནང་པས་ཞིང་བཅུ་ཚང་ན་བསྒྲལ་བྱ་གཉིས།   །

གཟུར་གནས་བློ་ལ་ཁྱད་པར་མ་མཐོང་བས།  །

སླད་ནས་ཐབས་མཁས་གསུང་ལ་བག་ཡོད་མཛོད།   །

ཅེས་གསལ་བཤད་དགེ་དཔལ་དགྱེས་པའི་གླིང་བུ་ཞེས་པ་འདི་ནི་རིས་མེད་བསྟན་པའི་སྲོལ་འབྱེད་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་སྒྲུབ་གནས་ཙཱ་འདྲ་རིན་ཆེན་བྲག་གི་ཉེར་ཞོལ་དུ་སྐྱེས་ཤིང་མི་ཚེ་གྱི་ནར་འཁྱལ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་ཀྱིས་སྤྱི་ལོ་༢༠༡༥ལོའི་ཟླ་བ་གཉིས་པའི་ཚེས་༡ཉིན།  རྒྱ་ནག་པེ་ཅིང་གྲོང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས་སོ།   །

39.7K

རྩོམ་ཡིག་སྔོན་མ།
༄༅། །ཉག་རོང་བཅུ་གསུམ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1