གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༡ཚེས་༡༥ཉིན།

༄༅། །རམས་ཚེ་བྷོའི་སྙན་ངག་འགའ་འོས་སྦྱོར།


རྔ་བ་གོར་མོ་ཟླ་རེད།

 

སྟོན་མཇུག་དེར་ང་འབར་ཁམས་ནས་རྔ་བར་ཐོན།

རྔ་བ་རྔ་བཞིན་སྒོར།

རྔ་བ་ཟླ་བཞིན་བསིལ།

རྔ་བ་དུང་ཙེ་བཞིན་གོར་བས།

རྔ་བའི་ཚོང་དཔོན་ལག་ཏུ་དངུལ་ལོ་མང་།


རྔ་བ་རྫ་རི་ལས་ཀྱང་མཐོ།

རྔ་བ་ཁ་བ་ལས་ཀྱང་འཁྱག

རྔ་བའི་དབྱར་གཞུང་ལ་མུན་པ་སྟུག་པས།

རྔ་བའི་གྲྭ་བཙུན་ཚོའི་དཔུང་ཤ་གཅེར་བུར་ཕུད་ཡོད།


རྔ་བ་རྫོང་བཞིན་ཆགས་ཡོད།

རྔ་བ་ཁྲོམ་བཞིན་འདུས་ཡོད།

རྔ་བའི་སྲང་བར་ན་དྲི་ཟ་ཆ་མེད་མང་བས།

རྔ་བའི་གཞི་མདོར་ཚ་བསུར་གྱི་དྲི་མ་མཆེད།


རྔ་བ་སྒར་གྱིས་བཟུང་ཡོད།

རྔ་བ་དགོན་གྱིས་བསྐོར་ཡོད།

རྔ་བའི་གནམ་ངོ་ཤིན་ཏུ་འཁྲིགས་ཀྱང་།

རྔ་བའི་གྲུབ་མཐའ་ཕྱོགས་སུ་ལྷུང་མེད།  རིས་སུ་ཆད་མེད།


རྔ་བ་གོར་མོ་ཟླ་རེད།

རྔ་བ་སྲ་མོ་ལྕགས་རེད།

རྔ་བའི་སྙིང་སྟོབས་སྨུག་པོ་རྫ་ལ་བཅོལ་ཡོད།

རྔ་བའི་ལ་རྒྱ་གངས་རིའི་མདངས་དང་འདྲེས་ཡོད།


གནམ་མགོ་ལོག   ས་མགོ་ལོག


ཉིན་འདི་ཚོར།  ངས་རླངས་འཁོར་གླས་མ་ཞིག་ལ་ཁ་ལོ་བསྒྱུར་ཏེ།

སེར་ཤུལ་ནས་རྫ་ཆུ།  འཛམ་ཐང་ནས་རྟ་བོར་བརྒྱུད་དུས།

མགོ་ལོག  གྱད་མི་སྟོབས་ཆེན་ཞིག་གི་དཔའ་ཉམས་མ་འཆོལ་བར།

མཛངས་མི་རྟུལ་ཕོད་ཅན་གྱི་སྒམ་ཚུགས་མ་ཤོར་བར།

ཐབས་ཤེས་རྣོ་དབལ་ཅན་གྱི་རང་གཤིས་མ་བོར་བར།

ཨ་མྱེས་ཕྱིང་དཀར་ཅན་གྱི་འཁོར་དུ་གནག་རྫི་བཞིན་སྐྱིད་ཅིང་།

དཔའ་རྒོད་བཞིན་ཆས་ཏེ།  སོ་སྲུང་བཞིན་ལུས་ཡོད་ཀྱང་།

མགོ་ལོག  མཐོན་པོ་དགུ་སྒྲིག་གི་དབུ་རྩེ་ན་ཉི་མ་དང་འགྲོགས་ཡོད།

མགོ་ལོག  རྩེ་ལྷ་བཅུ་གསུམ་གྱི་མཐའ་འཁོར་ན་སྐར་ཚོགས་བཞིན་བཞད་ཡོད།


ཉིན་འདི་ཚོར།  ངས་པར་ལེན་འཕྲུལ་ཆས་གཡར་མ་ཞིག་ཕྲག་ཏུ་འཁུར་ནས།

སྨར་ཁོག་ནས་དར་ལག  དགའ་བདེ་ནས་རྨ་ཆེན་དུ་ལོག་སྐབས།

མགོ་ལོག  སྨུག་སྤྲིན་ཡོ་ལང་སྟུག་པོས་ཀུན་ནས་གཡོགས་ཤིང་།

གྲང་ངར་འཁྱག་རླུང་རྩུབ་མོས་ཡོངས་སུ་གཅུན་ཏེ།

ས་ནག་བྱེ་རྡུལ་ཕྲ་མོས་མཐའ་ནས་བསྐོར་ཏེ།

རྨ་རྒྱལ་སྦོམ་རའི་ཆེས་མཐའ་མཇུག་གི་མཛེས་སྡུག་ཧུབ་ཀྱིས་བཏུང་བཞིན།

འཇིགས་སྣང་དང་བྲེད་ཤ  སེམས་ཁྲལ་དང་གཞིགས་འདང་ཅི་ཡང་མེད་པར།

བག་ཕེབས་ངང་འཚོ་ཞིང་།  རུལ་སུངས་སུ་ལུས་ཡོད་པས།

མགོ་ལོག  དབྱར་རྩྭ་དགུན་འབུའི་བསླུ་བྲིད་ཀྱི་ཀློང་ན་བྲན་གཡོགས་བཞིན་འཁུམས་ཡོད།

མགོ་ལོག  ཚེ་ཐར་དུ་བཏང་བའི་ནོར་ཁྱུ་ཞིག་གི་རྗེས་ན་ཨ་མཆོད་བཞིན་བཞུགས་ཡོད།


ཉིན་འདི་ཚོར།   ངས་དྲིན་ཆེན་མ་ལོ་ཁྲིད་དེ་བླ་རུང་སྒར་དུ་གནས་མཇལ་དུ་ཕྱིན་ཏེ།

གསེར་རྟ་ནས་ཁྲོ་སྐྱབས།   དཔལ་ཡུལ་ནས་གྲུབ་ཆེན་དུ་འབྱོར་བས།

མགོ་ལོག  ཨོ་རྒྱན་ཡུལ་གྱི་ཞིང་བཀོད་ལྟར་གངས་རིའི་རྒྱན་དུ་མཛེས་ཤིང་།

གསང་སྔགས་རྙིང་མའི་བསྟན་པ་ཁོ་ཚོའི་བསོད་ནམས་ཀྱི་གཏེར་དུ་སྨིན་པས།

རིག་པའི་དཔའ་རྒོད་ཁྲི་ཕྲག་ནམ་མཁའི་འབྲུག་ལྟར་ལྡིར་ཞིང་།

གྲུབ་ཆེན་དང་གཏེར་སྟོན་མང་པོ་སེང་གེ་སྟོབས་ཀྱིས་བཞུགས་ཡོད།

གཉན་པོ་གཡུ་རྩེའི་གསང་གསུམ་གྱི་ཡོན་ཏན་རྨ་ཡུལ་འདིར་རིས་མེད་དུ་གཏོར་བ་ཡང་།

ལོ་ཆེན་དམ་པའི་གཟུངས་ཀྱིས་ཕྱུག་ཅིང་།  མཁན་ཆེན་གང་གི་དྲིན་གྱིས་བསྐྱངས་པའི།

རྫ་སྒང་ཧྲིལ་བོ་ཐོས་བསམ་དང་སྒྲུབ་སྦྱང་།  ཤེས་རིག་དང་ལ་རྒྱ་ཡིས་ཁེངས་ཡོད།

མགོ་ལོག  འཇིག་ལ་ཉེ་བའི་མི་རབས་ཤིག་གི་ཤུལ་ན་བྲག་རི་བཞིན་བརྟན་ཡོད།

མགོ་ལོག  འཐོར་ལ་རེམ་པའི་ཆོལ་གསུམ་གྱི་ཞིང་ན་གླིང་ཆེན་བཞིན་འགྱིང་ཡོད།


ཉིན་འདི་ཚོར།   ངས་ཆུང་མ་དང་བྱིས་པ་གཉིས་ཁྲིད་དེ་རྨ་ཡུལ་ལ་ལྗོངས་རྒྱུ་རུ་ཕྱིན།

གངས་རི་དང་མཚེའུ།   གཙང་ཆབ་དང་ནགས་ཚལ་འདོམ་གྱིས་གཞལ་དུས།

མགོ་ལོག   རྣོ་གཅོད་སྟ་རེ་རྫོབ་པོའི་མཆེ་བར་ན་དངངས་འཚུབ་ཀྱིས་ལུས་ཡོད།

མི་པགས་གཤེད་མ་འབུམ་གྱི་རྡོ་འོག་ན་མནར་གཅོད་ཀྱིས་གཟིར་ཡོད།

གད་སྙིགས་རྔམ་ཀ་སྟུག་པོའི་གདན་འོག་ན་ལྗན་ལྗིན་དུ་འཁོད་ཡོད།

རིན་ཆེན་གཏེར་ཁ་སྔོགས་པའི་འདྲེ་ལག་ན་ངུ་ཤུམ་གྱིས་འཚོ་བས།

ཨ་མྱེས་རྨ་ཆེན་གྱི་གངས་རིའི་དབུ་དཀར་ས་རུ་ཟགས་པའི་གངས་ཆབ་ཀྱི་ཀློང་ན།

ཨ་སྐྱོང་ཁག་གསུམ་ད་དུང་དུ་ནག་གིས་མྱོས་པའི་ཚོང་དཔོན་བཞིན།

དབྱར་རྩྭ་དགུན་འབུའི་གོང་ཚོད་ལྒིང་བཞིན།  གནས་རི་ཞིག་གི་རིན་གོང་གཏམ་ཀྱིན།

མགོ་ལོག  ས་སྒོར་བུད་མ་མྱོང་བའི་ཚོང་བ་ཆུང་ཆུང་ཞིག་དང་འདྲ་བར་སེམས་པ་ཧེབ་ཀྱིས་ཁེངས་ཡོད།

མགོ་ལོག  བུ་རབས་ཚ་རྒྱུད་མི་མཁོ་བའི་ཕ་གཡར་རྫུན་མ་ཞིག་དང་འདྲ་བར་ཡ་ཆུང་འབུ་ལ་བརྗེ་ཡོད།


རྐྱང་ཐང་མཚོ།


གནའ་སྔ་མོར།  གླིང་རྗེ་གེ་སེར་གེ་ནས་སར་དུས།

རྐྱང་རྒོད་གཡེར་བ་རྐྱང་ལས་འཁྲིད་སྐབས།

ཁྱོད་ཀྱི་མཚོ་མཐའ་ན་རྐྱང་ཁྱུ་སྟོང་གི་རྨིག་སྒྲ་རྒོད་ཅིང་།

སེང་ལྕམ་འབྲུག་མོའི་བླ་བྱ་བཞིན་འཁོར་བའི།

ཁྲུང་ཁྲུང་དཀར་མོའི་གཤོག་ཡག་གི་སྡེ།

མཚོ་མོའི་རླབས་ཕྲེང་བཞིན་རྒོད་ཅིང་སྐྱི་སེར་རླུང་གི་བང་ཁ་ན་འཕྱོ།


དུས་ཁ་སང་།  གླིང་དཀར་སྟོད་ཀྱི་ཁ་བ་ཇེ་མཐུག་ཏུ་ཕྱིན་ཉིན།

རྐྱང་ཐང་མཚོ་མོའི་འགྲམ་དར་ཆུ་ལ་ཟགས་སོང་།

རྨ་ཁུགས་དང་པོའི་འཚེར་སྐད་རི་ལ་ཤོར་སོང་།

ཀླུ་ཆུ་སྔོན་མོའི་བཞུར་རྒྱུན་གངས་དང་འདྲེས་སོང་།

ད་དུང་།  མཚེའུ་འགྲམ་དུ་ལུས་པའི་སྦྲ་ནག་ཐར་འཐོར་དེ་ཚོའང་།

སྐར་མདའ་བཞིན།  འུར་རྡོ་བཞིན།  འཇའ་ཚོན་བཞིན་གར་སོང་ཆ་མེད་དུ་གྱུར།


དུས་དེ་རིང་།  སྟག་ཚང་ལྷ་མོའི་མཛེས་སྡུག་བཀུམ་མཁན་གྱི།

བཟོ་བལྟ་རྫུན་མ་མང་པོ་ཁྱོད་ཀྱི་བྲང་གཞུང་དུ་འཚིང་སྟེ།

འོ་ཞོ་དཀར་ཡོལ་གང་གི་སྙིགས་རོ་ཁྱོད་ཀྱི་དྭངས་གཙང་དུ་ལུད་པས།

ཁྱོད་ལ་འཆམ་སྐད་ན་བའི་ན་ཟུག་གི་འཁུན་སྒྲ་ཇི་འདྲ་ཆེ་ཡང་།

ངོ་མི་ཤེས་པའི་ལྗོངས་རྒྱུ་པ་ཆ་མེད་དེ་ཚོའི་ཁྲོད་དུ།

ཁྱོད་ཀྱི་དྭངས་ཤ་ལ་སེམས་ཁྲལ་དང་ཞིབ་རྩིས་མཁན་ཅི་ཙམ་སྣང་ངམ།


 

གཉན་པོ་གཡུ་རྩེ།


ངས་ཐང་གི་འགྱིག་ཤོག་དེ་འཐུ་སྐབས་ཁྱོད་ཧ་ཅང་རྒས་འདུག

རྒས་གཉེར་དེའི་ཁྲོད་དུ་ཁྱོད་ཀྱི་མིག་འབྲས་འདམ་དུ་བརྫིས་སོང་།

དོ་དགོང་།  སྐོར་བྲོའི་མེ་ཕུང་གི་དུག་ཞགས་མཁའ་རུ་ལུད་པས།

གཉན་པོ་གཡུ་རྩེའི་དར་དཀར་གྱི་དབུ་ཞྭ་ཐང་ལ་ལྷུང་།

སྔོ་བསངས་བུ་མོའི་དྭངས་གཙང་གི་ལྟོ་བ་ཀུན་ནས་རལ།

ལྗོངས་རྒྱུ་པ་ཚོའི་ངོ་དགོང་སྣུམ་གྱིས་གསོས་ཡོད་ནའང་།

ཁོ་ཚོའི་རྡོག་འོག་ན་ངུ་ཤུམ་གྱི་མིག་ཆུ་མོད་པའི།

ཚེ་སྲོག་དང་འབྱུང་གཞི་གཉོམ་པོའི་ཉམ་ཆུང་གི་ལས་དབང་ལ།

སྙིང་རྗེ་དང་ངུ་ཁ་འགོག་མཁན་གཅིག་ཀྱང་མི་སྣང་།


དེ་རིང་།  ཆེས་དྭངས་གཙང་གི་ཕ་ཡུལ་དུད་སྤྲིན་གྱི་རྦ་རླབས་ཁྲོད་ན།

དེ་རིང་།  ཆེས་ལྷིང་འཇགས་ཀྱི་རྩྭ་ཐང་མི་ཚོགས་ཀྱི་འདུ་འགོད་ཀློང་ན།

ཁྱོད་ཀྱི་རང་དབང་དང་བག་ཕེབས་ཀྱི་བདེ་བ་གཤེད་ཀྱིས་བཅོམས་སོང་།

ཁྱོད་ཀྱི་འཇིགས་སྣང་དང་ཡི་མིག་གི་རྨ་ཁ་གཅོང་གིས་འགམས་སོང་།

གཉན་པོ་གཡུ་རྩེ།  ཁྱོད་ཀྱིས་གཟབ་ངོ་མ།

རང་བྱུང་ཆག་འཇིག་གིས་འཚེ་བའི་འཇིགས་རུང་གི་ཧབ་ཐོབ་མིན་ལ།

གནག་ཕྱུགས་རོ་བཅུད་ལ་རྔམ་པའི་རྣོ་གཅོད་ཀྱི་མཆེ་བ་དེ་མིན་པར།

མི་ལྤགས་གྱོན་པའི་དུས་ཀྱི་བདུད་དཔུང་དེར་ཁྱོད་ཀྱིས་ནམ་ཡང་།

གཟབ་པར་བྱས།  སྒྲིམ་པར་གྱིས།  སྐྲོད་གྱུར་ཅིག

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1