གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༡ཚེས་༡༥ཉིན།

༄༅། །སྐར་འབྲས་ཀྱིས་ཐག་གཅོད་པའི་བོད་ཀྱི་སློབ་གསོ།

  ང་ཚོས་གནས་གང་རུང་ནས་གཞུང་ཕྱོགས་སུ་བལྟས་ན། འདུ་ཤེས་རྙིང་བ་ཞིག་དང་བསམ་བློ་རྙིང་བ་ཞིག་གིས་མིའི་རིགས་ལ་བཀག་འགོག་གི་ནུས་པ་མང་པོ་བསྐྱེད་བཞིན་འདུག སློབ་གསོའི་བསམ་བློ་དང་སློབ་གསོའི་འདུ་ཤེས་དེ་དུས་རབས་ཀྱི་དགོས་མཁོ་དང་འཕེལ་རྒྱས་ལ་བསྟུན་ནས་གསར་བར་འགྱུར་བ་ནི་ལྡོག་ཏུ་མེད་པའི་འགྱུར་བ་ཞིག་ཡིན་ནའང་། འདུ་ཤེས་དང་བསམ་བློ་རྙིང་བས་རྒྱུན་པར་ལྡོག་མེད་ཀྱི་འགྱུར་ལྡོག་དེ་རིགས་ལ་བཀག་འགོག་དང་ཚད་བཀག བར་ཆད་གཏོང་བ་དང་། བསམ་བློ་གསར་བ་དང་འདུ་ཤེས་གསར་བ་འགྲུབ་པར་དཀའ་ཚེགས་ཧ་ཅང་ཆེན་པོ་བཟོ་དང་བཟོ་བཞིན་འདུག དཔེ་ཞིག་བཞག་ན། རང་རྒྱལ་གྱིས་སུའུ་རྒྱལ་རབས་ནས་བཟུང་ཤན་འབྱེད་རྒྱུགས་ལེན་ལམ་ལུགས་ལག་བསྟར་བྱས་ཤིང་། སྤྱི་ལོ1905ལོའི་སློབ་གསོ་གསར་བསྒྱུར་གྱི་རླབས་རྒྱུན་དྲག་པོའི་ཁྲོད་ཤན་འབྱེད་རྒྱུགས་ལེན་ལམ་ལུགས་མེད་པར་བཏང་། ཡིན་ནའང་སློབ་ལ་བརྩོན་ན་དཔོན་གྱི་གནས་སུ་འཁོད་ཅེས་པ་དང་། དཔེ་ཆ་སློབ་པ་ནི་རྒྱུགས་ལ་བསྟུན་པའི་ཆེད་དུ་ཡིན་པའི་སྲོལ་རྒྱུན་འདུ་ཤེས་ད་དུང་སྔར་བཞིན་གནས་ནས་གདའ། དུས་རབས20བའི་ལོ་རབས30པའི་ནང་དུ། རང་རྒྱལ་གྱི་སློབ་གསོ་བ་ཆེན་མོ་སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་རྒྱུགས་བསྟུན་ལམ་ལུགས་ཀྱི་སྲོལ་རྒྱུན་འདུ་ཤེས་ལ་ཁ་རྡུང་ཧ་ཅང་ཚ་བོ་བཏང་སྟེ། ༼སློབ་མས་རྒྱུགས་ལེན་གྱི་ཆེད་དུ་སློབ་པ་དང་། དགེ་རྒན་གྱིས་རྒྱུགས་གཞི་ཡི་ཆེད་དུ་ཁྲིད་པ་རེད། རྒྱུགས་གཞི་རུ་མཁོ་བ་མཐའ་དག་ངེས་པར་དུ་ཁྲིད་ཅིང་། མི་མཁོ་བ་མཐའ་དག་ཁྲིད་མི་དགོས་ལ། ཐ་ན་ཁྲིད་ཀྱང་མི་སྲིད། དེ་བས་གླུ་དབྱངས་དང་། རི་མོ། ལུས་རྩལ། བསམ་བློ་ཀུན་སྤྱོད། ཚན་རིག་ཚོད་ལྟ་ལ་སོགས་པ་མི་ཁྲིད་པ་དང་། སློབ་ཁང་དང་སློབ་ཕྱིའི་བྱེད་སྒོ་ཚང་མའང་མི་ཁྲིད་པ་རེད། ཁྲིད་པ་ནི་སློབ་དེབ་ཁོ་ན་དང་རྒྱུགས་ལེན་པའི་སློབ་དེབ་ཁོ་ནའམ། ལྷན་རྒྱུགས་ཕྱོགས་སྟོན་གྱི་དྲི་གཞི་ཁོ་ན་ཡིན། སློབ་གསོ་དང་དཔེ་ཀློག་ཡིན་ཁྱབ་མཉམ་དུ་སོང་ཡོད། ཀྲུང་གོའི་སྲོལ་རྒྱུན་གྱི་སློབ་གསོ་ལགས། ཁྱོད་ནི་ཅི་འདྲའི་རྩེ་དགའ་ཆེ་བ་ཞིག་རེད་ཨང་།༽ཞེས་གསུངས་ནས་ད་བར་དུ་ལོ་ངོ80ལྷག་འདས་ཟིན། ཡིན་ཡང་ང་ཚོས་མུ་མཐུད་དུ་སྐུ་ཞབས་ཐའོ་ཞིན་ཀྲི་ལགས་འགྱོད་སེམས་དང་ཤུགས་རིང་གིས་གདུང་བའི་རྒྱུགས་ཀྱི་ཆེད་དུ་ཁྲིད་པའི་སྣང་ཚུལ་དང་དེའི་རྒྱབ་ཀྱི་རུལ་སུངས་སུ་གྱུར་བའི་སློབ་གསོའི་འདུ་ཤེས་མཁའ་དབུགས་སྐྱུག་བྲོ་བོ་ཞིག་ས་ཆ་ཁ་ཤས་དང་། བོད་ཁམས་ཀྱི་སློབ་གྲྭ་མང་ཤས་སུ་ད་དུང་ཚད་མི་འདྲ་བའི་སྒོ་ན་གནས་ཡོད་པ་དང་། ལྷག་པར་དུ་རང་གི་ཁོར་ཡུག་འདི་ན། ན་ནིང་དོ་ཚིགས་རྒྱུགས་ལེན་སྐར་གྲངས་ཀྱིས་དགེ་སློབ་གཉིས་ཀར་ཤན་འབྱེན་པའི་ཚད་གཞི་བཟོ་བ་དང་། སྐར་གྲངས་ཀྱི་མཐོ་དམའ་རྩོད་པའི་ཕག་ན་རྒྱུ་འབྲས་དང་དྲང་བདེན་མེད་པའི་གཡོ་སྒྱུ་ཡིས་ཟློས་གར་ག་ཚོད་འཁྲབ་ཀྱིན་ཡོད་པ་ཀུན་གྱི་སེམས་ཁོང་ན་ཁྲིག་ཁྲིག་ཡིན་ངེས་རེད།

  སྐར་གྲངས་ཀྱི་མཐོ་དམའ་བར་ན། སློབ་བུ་མང་པོ་ཞིག་གི་སེམས་ཤུགས་གནའ་ནས་ཤི་སོང་ལ། དགེ་རྒན་མང་པོ་ཞིག་གི་རྒྱུ་འབྲས་དང་གནས་ལུགས་མ་བརྩི་བར་མི་གཞི་གནའ་ནས་བོར་ཡོད། སྐར་གྲངས་ཀྱི་མཐོ་དམའ་བར་ན། སྙན་གྲགས་ལ་དགའ་བའི་སློབ་གསོའི་འགོ་ཁྲིད་པ་སྐོར་ཞིག་གི་རང་གི་འདུག་སྟེགས་བརྟན་སྲུང་དང་མཚན་སྙན་གྱི་ཆེད་དུ། ཉིན་ནུབ་ཀྱི་གོ་ས་བརྗེ་བ་གྲངས་མེད་ཡིན།

  སྐར་གྲངས་ཀྱི་མཐོ་དམའ་བར་ན། རུལ་དྲི་བྲོ་བའི་སློབ་གསོ་ཞིག་གི་མངའ་ཐང་ཡར་ནས་ཡར་དུ་འཕགས་བཞིན་ཡོད་ལ། སློབ་གསོ་ལ་དུངས་བའི་མི་བུ་མང་པོ་ཞིག་གི་མངའ་ཐང་མར་ནས་མར་ལ་འགྲིལ་གྱིན་ཡོད།

  སྐར་འབྲས་ཀྱིས་ཐག་གཅོད་པའི་སློབ་གསོ་ཡ་མཚན་ཅན་ལགས། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་རྒྱུགས་བསྟུན་ལམ་ལུགས་ཀྱི་སྲོལ་རྒྱུན་འདུ་ཤེས་ལ་ཁ་རྡུང་ཧ་ཅང་ཚ་བོ་བཏང་ནས་མི་ལོ80ལྷག་འགོར་སོང་ནའང་། ད་ལྟ་ད་དུང་ས་ཁུལ་འདི་ན་བྱིས་གཉོར་ཁང་དང་སློབ་ཆུང་ནས་འགོ་བཟུང་སྟེ་རྒྱུགས་བསྟུན་ལམ་ལུགས་ཀྱི་སྐར་གྲངས་ཀྱིས་སློབ་གསོ་སྒྲུབ་སྟངས་ཀྱི་ཁ་ཕྱོགས་གཙོ་བོ་འཚོལ་བའི་དམིགས་ཡུལ་བཟུང་ནས་འདུག་པའི་རྒྱུ་མཚན་འདི་ཅི་ཞིག་གི་ཆེད་དུ་ཡིན་ནམ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1