གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༠༨ཉིན།

དབྱི་སི་རལ་གྱི་སྐབས་གསར་བའི་གྲོས་ཁང་གི་གྲོས་མིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་སྐབས་གསར་བའི་གྲོས་ཁང་གི་གྲོས་མིས་ཚེས་དྲུག་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར། 
        དབྱི་སི་རལ་གྱི་ཙུང་ཐུང་ལི་ཧྥུའུ་ལིན་གྱིས་ཉིན་དེར་གྲོས་ཁང་ཐོག་ཁང་ཆེན་མོ་ནས་གཏམ་བཤད་སྤེལ་ཏེ། གྲོས་མི་རྣམས་ཀྱིས་མགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། འགལ་བ་ཐག་གཅོད་བྱས་ནས། རྒྱལ་ཁབ་དེའི་དུས་ཡུན་རིང་བོའི་ཆབ་སྲིད་ཐད་ཀྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་བཏང་། 
        ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། དབྱི་སི་རལ་གྱིས་སྐབས་ཉེར་བཞི་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། དེ་ནི་རྒྱལ་ཁབ་དེས་ལོ་གཉིས་ཀྱི་ནང་སྤེལ་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་བཞི་བ་རེད། འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། ད་ལྟའི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མགོ་ཁྲིད་པའི་གཡས་ཕྱོགས་སྲིད་ཏང་ལེ་ཁུའུ་ཏི་སྡེ་ཚོགས་ལ་གྲོས་ཁང་གི་ལས་གནས་བརྒྱ་དང་ཉི་ཤུའི་ཁྲོད་ཀྱི་ལས་གནས་སུམ་ཅུ་ཐོབ་ནས་ཨང་དང་པོར་གྱུར་བ་དང་། སྔོན་ཆད་ཀྱི་ནོར་སྲིད་བློན་ཆེན་ལཱ་ཕིས་ཏི་ཡིས་མགོ་ཁྲིད་པའི་གཡོན་ཕྱོགས་སྲིད་ཏང་མ་འོངས་འཚོལ་བསྙེག་ཏང་ལ་ལས་གནས་བཅུ་བདུན་ཐོབ་ཡོད་ལ། ཆོས་ལུགས་སྲིད་ཏང་ཧྲ་སི་ཏང་ལ་ལས་གནས་དགུ་ཐོབ་ཡོད་པ་དང་། དབུ་མའི་ཏང་ཁག་སྔོ་དཀར་ཏང་ལ་ལས་གནས་བརྒྱད་ཐོབ་ཡོད་པ་རེད། 
        ལི་ཧྥུའུ་ལིན་གྱིས་ཟླ་བཞི་བའི་ཚེས་ལྔ་ཉིན་སྐབས་ཉེར་བཞི་བའི་གྲོས་ཁང་ལ་ཞུགས་པའི་ཏང་ཁག་སོ་སོའི་བར་ནེ་ཀིའི་རྩ་འཛུགས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཚེས་དྲུག་ཉིན་ནེ་ཐཱ་ནི་ཡཱ་ཧུའུ་ལ་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ་བ་ཁྱབ་སྒྲོག་བྱས། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1