གཙོ་ངོས།>> དམངས་སྲོལ།>>བཤད་པ།

རྩོམ་པ་པོ། རབ་བརྟན་དགེ་ལེགས་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༢༦ཉིན།

༄༅།།ཨོ་རྒྱན་སྒོམ་ཞུ་ཁྲ་ཆུང་གི་བཤད་པ་བཞུགས།

    དེ་རིང་གནམ་ལ་སྐར་མ་ཡག།དེ་རིང་ས་ལ་དུས་ཚོད་བཟང་།།བཟང་གསུམ་ལ་ཉེ་འགྲིགས་ནས་བྱུང་།།ཨོ་རྒྱན་སྒོམ་ཞུ་ཁྲ་ཆུང་འདི།།དེ་རིང་གོན་པའི་རྟེན་འབྲེལ་ཡོད།།ངའི་རྟེན་འབྲེལ་ལས་ཀྱི་མགོ་བོ་ཡིན།།ངས་ཞྭ་མོ་འདི་འདྲ་བཟུང་དུས་དེ།།ལྷ་བླ་མས་བུམ་པ་བཟུང་འདྲ་ཡོད།།མགོ་ཐོག་བུམ་པ་བཞག་འདྲ་ཡོད།།ལྕེ་ཐོག་བདུད་རྩི་བླུག་འདྲ་ཡོད།།བདུད་རྩི་ལྷ་ལ་མཆོད་འདྲ་ཡོད།།ངས་ཞྭ་མོ་འདི་འདྲ་བཟུང་དུས་དེ།།ལྷ་བླ་མས་དུང་དཀར་འབུད་འདྲ་ཡོད།།བན་ཆུང་ཆུང་ཆོས་ལ་བྱོན་འདྲ་ཡོད།།གྲལ་བཞུགས་ནས་ཡིག་ཆུང་ཀློག་འདྲ་ཡོད།།ངས་ཞྭ་མོ་འདི་འདྲ་བཟུང་དུས་དེ།།གཅོད་པས་རུས་རྐང་འབུད་འདྲ་ཡོད།།ལྷ་འདྲེ་དབང་དུ་བསྡུས་འདྲ་ཡོད།།ངས་ཞྭ་མོ་འདི་འདྲ་བཟུང་དུས་དེ།།རྒོད་ཐང་དཀར་ཤ་ཐོག་བབ་འདྲ་ཡོད།།ཤ་མ་རག་འཆམ་རྩེད་རྒྱག་འདྲ་ཡོད།།ངས་ཞྭ་མོ་འདི་འདྲ་བཟུང་དུས་དེ།།གླག་རོག་མོས་རི་རྩེ་འགྲིམ་འདྲ་ཡོད།།ངས་ཞྭ་མོ་འདི་འདྲ་བཟུང་དུས་དེ།།སྤྱང་དར་མ་ལུག་ཐོག་རྒྱུག་འདྲ་ཡོད།།ངས་ཞྭ་མོ་འདི་འདྲ་བཞག་དུས་དེ།།ཚོང་དཔོན་དྲུག་རྒྱབ་བཀལ་འདྲ་ཡོད།།ཕྱོ་དོ་ཡོ་དོ་བཟླས་འདྲ་ཡོད།།ངས་ཞྭ་མོ་འདི་འདྲ་བཟུང་དུས་དེ།།མ་ཨ་མས་གཅེས་ཕྲུག་པང་འདྲ་ཡོད།།ཨ་ཉོག་ཨོ་ཉོག་བཟླས་འདྲ་ཡོད།།ཁ་མ་ཉན་ཐལ་ལྕག་བརྒྱབ་འདྲ་ཡོད།།ངས་ཞྭ་མོ་འདི་འདྲ་བཟུང་དུས་དེ།།མ་ཕ་བཟང་བུ་མོས་ཁོལ་འབུད་འདྲ།།ཁོལ་མོ་འབྲི་མོ་ངུར་ངུར་རེད།།མེ་ལྕེ་གློག་དམར་མཆེད་མཆེད་རེད།།ངས་ཞྭ་མོ་འདི་འདྲ་བཟུང་དུས་དེ།།མ་ངན་བུ་མོས་ཁོལ་འབུད་འདྲ།།ཐལ་ཚུབ་གནམ་ལ་འཕྱུར་ཏེ་ཐལ།།གོ་སྟན་མེ་ཡིས་ཚིག་སྟེ་ཐལ།།ཁ་ཡ་མཆུས་ཐབ་སྔགས་བཟོ་དོ་རེད།།མ་མཆུས་མེ་སྔགས་བཟོ་དོ་རེད།།ད་ཐབ་སྔགས་མེ་སྔགས་མ་རེད་དེ།།མོ་ངན་ཁྲེབ་ཅན་གྱི་གོ་སྔགས་རེད།།ཤི་དམྱལ་བའི་མདུད་པ་དཀྲོལ་སྤྱད་དེ།།བླ་མ་ཌཱ་རུ་དྲིལ་བུ་གསུམ།།ནད་ཚབས་ཆེན་མདུད་པ་དཀྲོལ་སྤྱད་དེ།།ལྷ་རྗེ་སྨན་པ་སྨན་ཤག་གསུམ།།ལྕགས་སེར་རིམ་མདུད་པ་དཀྲོལ་སྤྱད་དེ།།མགར་བ་ཐོ་བ་སྐམ་པ་གསུམ།།ཨ་གེ་ཚངས་པའི་ངོ་ལུག་གིས་ཨོ་རྒྱན་སྒོམ་ཞུ་ཁྲ་ཆུང་ཕུལ་བ་བུ་ཇོ་རུས་ཁྲ་ཅོག་གེར་གོན་ནས་འདི་ལྟར་གསུངས་པར་གདའ་འོ།།མགོ་རྨོག་དཀར་ནོར་བུའི་གཙུག་རྒྱན་ལ།།དེ་རིང་ཆོས་སྐྱོང་རང་འཁོར་ཡིན།།སྐེད་འཁོར་གསུམ་ནོར་བུ་དགྲ་འདུལ་ལ།།དེ་རིང་དགྲ་ལྷ་རང་འཁོར་ཡིན།།རྐང་སག་ལྷམ་འཇའ་རིས་དགུ་བརྩེགས་ལ།།ཁ་ལུས་ཀླུང་རྟ་དར་བར་ཤོག།རི་རབ་བཞིན་དུ་བརྟན་ནས་ཀྱང་།།ཉི་ཟླ་བཞིན་དུ་གསལ་ནས་ཀྱང་།།ཡེ་ཤེས་རང་མདངས་རྒྱས་གྱུར་ཅིག།ས་གར་སོང་ས་ནས་དོན་རེ་འགྲུབ།།གར་འདུག་ས་ལ་བཀྲ་རེ་ཤིས།།བཀྲ་ཤིས་པས་ནམ་མཁའ་གང་བར་ཤོག།སྐུ་མ་སངས་རྒྱལ་བའི་སྡོང་གྲོགས་མཛོད།།ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།།ཞེས་པད་སྙིང་བླ་མ་ཐོས་མཆོག་གིས་བཤད་པ་ལྟར།རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཆུ་འབྲུག་ཟླ་དགུ་པའི་ཉེར་ལྔ་ལ་ས་སྐྱིད་སྐྱིད་སོས་ཡག་གི་ཁ་མདོ་ནས་བྲིས་པ་དགེའོ།།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1