གཙོ་ངོས།>> དམངས་སྲོལ།>>བཟའ་ཆས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༡༨ཉིན།

༄༅།།གྲོ་ཕྱེའི་ཁམ་ཟས་རིགས་བཟོ་ཐབས།


གྲོ་ཕྱེའི་ཁམ་ཟས་རིགས་བཟོ་ཐབས།

           ཁམས་ཤར་གྱི་རྟེན་འབྲེལ་ཟ་མ་གྲོ་གཅུས།

བོད་ཀྱི་གྲོ་ཕྱེ་ལ་རིགས་གཉིས་ཏེ།བོད་ཀྱི་གྲོ་ཆུ་མཆིག་ཏུ་ཞིབ་བཏགས་བྱས་མཐར་བཙགས་པ་དང་མ་བཙགས་པ་གཉིས་སོ།། གྲོ་གཅུས་བཟོ་ན།གྲོ་ཕྱེ་སྤུས་ལེགས་བརྫིས་ཟན་ཐག་པ་ལྟར་བྱས་པ་དེ་བཞི་རྐྱ་བཀུག་སྟེ་ནང་ཕྱོགས་གཉིས་བསྒྲིལ་བའམ་ཡང་ན་བསྣོལ་མ་བཟོ་བ་དང་།ནང་མ་སུམ་རྐྱ་གསུམ་ལྷས་དང་།བཞི་རྐྱ་བཞི་ལྷས་སོགས་གང་མཛེས་སུ་བྱས་པའི་དབྱིབས་རྡོག་མཐིལ་ལྟ་བུ་བཟོས་ཏེ་མར་ཁུར་བཙོས་པ་དེ་ཡིན་ལ།དགོན་པའི་ཆོས་ཚོགས་དང་།ལོ་གསར།སྟོན་མོ་ཆེན་པོའི་སྐབས་སུ་རིང་ཐུང་ཁྲུ་གང་ཙམ་པ་མང་པོ་བཅོས་ཏེ་བརྩིགས་ནས་ཤམས་བྱེད་པ་སོགས་རིང་ཐུང་སྣ་ཚོགས་འབྱུང་བའོ།། བཙགས་གྲོའི་ཁམ་ཟབ་ནི།བཙགས་གྲོ་ལེགས་པོའི་ནང་ཕག་ཚིལ་བཞུས་མ་དང་།ཕྱེ་མ་ཀ་ར་རན་པ་བསྲེས་ཏེ་བརྫིས་པ་ཕྱེ་ལེབ་སྲབ་མོ་པགས་པའི་མཐུག་སྲབ་ལྟར་བཟོས་པའི་ངོས་གཅིག་ཏུ་ཟས་ཚོན་དམར་པོ་གྲོ་ཕྱེ་སྐམ་པོ་བསྲེས་པ་བྱུག་པའི་ཐོག་ཏུ།ཟས་ཚོན་མ་བྱུག་པའི་ཕྱེ་ལེབ་གོང་དང་འདྲ་བ་སྦྱར་ཏེ་བསྣོ་དབྱུག་གིས་བསྣོ་པང་དུ་ཡང་བསྐྱར་སྲབ་པར་བྱས་པ་དེ།ཚལ་གྲིས་སྲིད་ཞེང་གཉིས་ལ་སོར་བཞི་ཙམ་རེར་ཆ་མཉམ་པར་འདྲ།དེ་ནས་ཉིས་ལྟེབས་བྱས་པའི་ཁུག་མགོའི་ཕྱོགས་ནས་སུམ་ཆ་གཉིས་ཙམ་གྱི་བར་སིལ་བུར་ཆ་མཉམ་ལྔ་རེ་དྲས་པ་དེ།མེ་ཏོག་པད་མའི་འདབ་མ་ལྟར་རྩེ་རྣོ་ཞིང་དཀྱིལ་གོར་བར་ལག་ཚོད་ཟིན་པར།དང་པོ་དབུས།ལྷག་མ་བཞི་གཡས་གཡོན་དུ་གྱེས་པ་མར་ཁུར་བཙོས་ནས་གྲུབ་པ་སྟེ།དབྱིབས་པད་མ་ལྟར་ལ།ཟས་ཚོན་གྱིས་དབུས་དམར་པོ།མཐའ་གཉིས་དཀར་པོ་ཡིན་པས་ཤིན་ཏུ་མཛེས་པ་ཤིག་གོ ། ཁམ་ཟས་མེ་ཏོག་མ་ནི།གྲོ་ཕྱེའི་སྡེབ་སྦྱོར་བརྫི་སྟངས་གོང་ལྟར་ལ།ཁམ་ཟས་ཆེ་ཆུང་གི་ཚད་དང་འཚམས་པའི་རིལ་པོ་དེ་པར་ཀོང་དུ་དཔར་ཏེ་མར་ཁུར་བཙོས་པ་དེ་ཡིན་ལ།དེ་ལའང་ཕྱོགས་གཉིས་སུ་རི་མོ་མ་ཅན་དང་།ཕྱོགས་གཅིག་ལས་རི་མོ་མེད་པ་དང་།དབྱིབས་གྲུ་བཞི་དང་སྒོར་མོ།ཟུར་བརྒྱད་མ་སོགས་དང་།རི་མོ་ལ།གཡུང་དྲུང་།པད་མ།དཔལ་བེའུ་སོགས་སྣ་ཚོགས་པའོ།། མཆོད་རྫས་ཀྱི་ཁམ་ཟས།མཆོད་པའི་རྫས་སུ་སྤྱོད་བྱའི་ཁམ་ཟས་ཀྱི་གྲོ་ཕྱེ་བརྫི་སྟངས་སོགས་གོང་ལྟར་ལ་ཕག་ཚིལ་བཞུས་མ་སྤང་བ་སྟེ།ཕལ་ཆེར་ཕྱེ་ཐག་གིས་བསླས་པའི་དཔལ་བེའུ་དང་སྤོས་རྒྱ་རི་མོ་སོགས་གང་མཛེས་སུ་བཀོད་པ་མར་ཁུར་བཙོས་པ་རྣམས་ཏེ་བཟོ་བོ་རང་རང་གི་ལག་རྩལ་ལས་གང་མཛེས་སུ་དགོད་པའོ།། གྲོ་ཕྱེའི་ཁམ་ཟས་བཟོ་བའི་ཤེས་བྱར།སྤྱིར་གྲོ་ཕྱེ་རྒྱ་མ་གང་རེའི་ནང་ཕག་ཚིལ་བཞུས་མ་སྲང་གང་།ཕྱེ་མ་ཀ་ར་སྲང་གང་རེ་བཤད་ཀྱང་སྲ་སྙི་དང་མངར་ཚད་གང་འདོད་ལྟར་བྱ་ལ།གཟབ་བྱར།ཕྱེ་བརྫིས་སྙི་ན་འདམ་ནས་དབྱིབས་ལེགས་པོ་མི་འོང་།སྲ་ན་མི་འབྱར།མར་ཁུར་བཙོ་ན་སྒོག་པོར་མི་འགྱུར་ཡང་ཁ་དོག་སེར།ཟར་སྣུམ་གྱིས་བཙོ་ན་ཁ་དོག་བཟང་ཡང་ཡུན་རིང་བཞག་ན་སྲ་བར་འགྱུར་བའོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1