གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

རྨེ་རུ་ཡུལ་ལྷ་ཐར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༢ཚེས་༠༥ཉིན།

༄༅།། ལོ་རྒྱུས་བརྟག་ཞིབ་ཀྱི་ངོས་ནས་ཧི་མ་ལ་ཡའི་ལྷོ་རྒྱུད་བལ་ཡུལ་གློ་དོལ་ཕྱོགས་ཀྱི་བོན་གྱི་ཤེས་རིག་སྐོར་གླེང་བ།


 རྨེ་རུ་ཡུལ་ལྷ་ཐར།
[ནང་དོན་གནད་བསྡུས།] གློ་བོ་དང་དོལ་པོའི་ཕྱོགས་འདི་གནའ་བོའི་དུས་སུ་བོད་ཀྱི་ཤེས་རིག་ཁྱབ་ཁོངས་དང་བོད་ཀྱི་རྒྱལ་རབས་རིམ་བྱུང་གི་མངའ་ཁོངས་དངོས་གཙང་ཡིན་པའི་སྟེང་། བལ་པོའི་མངའ་ཞབས་སུ་བསྡད་རྗེས་ཀྱང་སྟོད་མངའ་རིས་ཕྱོགས་དང་འབྲེལ་ལམ་མང་ཙམ་བྱུང་སྟེ་དུས་ད་ལྟ་ལ་ཐུག དེ་སྔ་ཡུལ་འདིར་བོན་གྱི་ཤེས་རིག་དར་ནུབ་བྱུང་བའི་བརྒྱུད་རིམ་ཁག་ལོ་རྒྱུས་ཡིག་ལམ་དུ་འཁོད་པ་ཕུད། གནའ་ཤུལ་ངག་རྒྱུན་དང་དེང་དུས་ཡུལ་མིའི་འཚོ་བའི་ཁྲོད་དུའང་མང་དུ་མཐོང་རྒྱུ་མཆིས། ཡུལ་དངོས་རྟོག་ཞིབ་ཀྱི་རྒྱུ་ཆ་གཞིར་བཟུང་ཞིང་གནའ་བོའི་ལོ་རྒྱུས་ཡིག་ཚང་ལ་ཁུངས་བཅོལ་ཏེ་བལྟས་ན། གློ་དོལ་ཕྱོགས་ཀྱི་བོན་པོའི་ཤེས་རིག་གི་ལོ་རྒྱུས་དང་གནས་སྟངས་ལ་ངེས་ཤེས་རོབ་ཙམ་འདྲོང་ནུས་ཤིང་། དེ་ལ་བརྟེན་ནས་བོན་གྱི་ཤེས་རིག་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག་དང་བོད་གཉིས་བར་ལ་གཅོད་ཐབས་མེད་པའི་ལོ་རྒྱུས་རིག་གནས་ཀྱི་འབྲེལ་བ་གྲུབ་ལུགས་ཀྱང་རྟོགས་ཐུབ།
[བརྡ་ཆད་གཙོ་བོ།] ཧི་མ་ལ་ཡ། བལ་ཡུལ། གློ་དོལ། བོན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས། ] K281
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག]  1002-9060-2020-02-0057-12
         དེ་ཡང་ཧི་མ་ལ་ཡའི་ལྷོ་རྒྱུད་ཕྱོགས་ནི་བོད་ཀྱི་ཤེས་རིག་ལ་འབྲེལ་ལམ་ཟབ་པའི་ཡུལ་ཞིག་ཡིན་ལ། ནང་བསྟན་ཙམ་མ་ཟད་གནའ་བོའི་ཤེས་རིག་གི་མ་ལག་གཞན་དག་ཐད་ནས་ཀྱང་བོད་དང་ཧི་མ་ལ་ཡའི་རི་ཁུལ་རྒྱལ་ཁབ་དང་མི་རིགས་ཁག་དབར་འབྲེལ་བ་རྒྱུན་མར་བྱུང་ཡོད། འབྲེལ་ལམ་འདིས་རི་བོ་ཧི་མ་ལ་ཡ་ཕར་ཚུར་གྱི་བར་ཐག་ཉེ་རུ་བསྟུངས་ཡོད་པ་དང་། བོད་ཀྱི་ཤེས་རིག་སྲོག་ཤིང་ཡིན་པའི་ཧི་མ་ལ་ཡའི་ཤེས་རིག་གི་མ་ལག་གྲུབ་ཡོད། དེ་ལ་ཁོ་བོས་ཀྱང་ལོ་འདི་དག་ལ་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་བོད་འབྲེལ་མི་རིགས་ཁག་ལ་དོ་སྣང་དང་ཉམས་ཞིབ་བྱས་པ་ཡིན་ཞིང་། ཡུལ་དངོས་རྟོག་དཔྱོད་ཀྱི་ལས་ཀའང་ཐེངས་གཉིས་ལྷག་ལ་བསྒྲུབས་ཏེ་འབྲེལ་ཡོད་རྒྱུ་ཆ་འཚོལ་སྡུད་དང་བར་སྐབས་ཞིབ་འཇུག་གི་འབྲས་བུ་འགའ་རེ་བླངས།སྐབས་སུ་བབས་པ་ནི་རིག་གཞུང་ལས་ཀ་འདིའི་ནང་གསེས་ཤིག་སྟེ། ཧི་མ་ལ་ཡའི་རི་ཁུལ་རྒྱལ་ཁབ་བལ་པོའི་ནང་ཁོངས་སུ་ཡོད་པའི་གློ་བོ་དང་དོལ་པོའི་ཕྱོགས་ཀྱི་བོན་ཆོས་ཀྱི་གནས་སྟངས་དང་འབྲེལ་ཡོད་གནད་དོན་ཁག་ཡིན་ལ།  ཡུལ་འདིར་བོན་ལུགས་གྲུབ་མཐའ་ཇི་ལྟར་དར་ཅིང་བོན་ཆོས་ཀྱི་ཤུལ་བཞག་རིག་གནས་གང་ཡོད་སྐོར་ལ་ཉམས་ཞིབ་རགས་ཙམ་བྱ་རྒྱུ་ཡིན། གསལ་བཤད་ཞུ་རྒྱུ་ལ། “གློ་བོ་ས་ལུ་དཀར་པོ། །ས་རྙིང་བཀའ་གསུམ་ཆོས་ས། །”ཞེས་པ་ལྟར་བལ་ཡུལ་གློ་དོལ་ཕྱོགས་སུ་ས་སྐྱ་དང་རྙིང་མ།བཀའ་བརྒྱུད་བཅས་ཀྱི་གྲུབ་མཐའ་ཆོས་ལུགས་གཙོ་བོར་གྱུར་ཡོད་ཅིང་། སྟོབས་ཤུགས་དང་ཤུགས་རྐྱེན་གྱི་ཆ་ནས་གླེངས་ན། བོན་ལུགས་གྲུབ་མཐའ་འདི་ཅུང་ཟད་ཉམས་དམའ་བའི་ཚུལ་དུ་ཡོད་མོད། གློ་དོལ་ཡུལ་དུ་བོན་ལུགས་བྱུང་མྱོང་བ་སྨོས་མེད་དང་། དེང་སང་ཡང་བོན་ལུགས་ཀྱི་རྒྱུན་མ་ཆད་ཙམ་དུ་ནར་མར་ཡོད་པའི་ཚུལ་ལས་དཔགས་ཏེ་དཔྱད་རྩོམ་འདི་བྲི་བའི་ཀུན་སློང་སྐྱེས་པའོ། །
དང་པོ། ལོ་རྒྱུས་དང་འབྲེལ་ནས་གློ་དོལ་ཡུལ་ཕྱོགས་ངོ་སྤྲོད་པ།
         གློ་བོ་དང་དོལ་པོ་གཉིས་འདབས་འབྲེལ་ཞིང་གནའ་དུས་ནས་འབྲེལ་ལམ་ཟབ་པའི་ས་ཁུལ་གཉིས་ཡིན་པ་དང་། གློ་བོ་ཤར་དང་དོལ་པོ་ནུབ་ཏུ་ཆགས་ཡོད་ཅིང་། བར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་སྒང་ཞིག་གིས་བཅད་ཡོད། དོལ་པོ་ལ་སྔ་དུས་སུ་“དོལ་ཕྱོགས་གྲུ་བཞི་”ཞེས་འབོད་ཅིང་། བལ་ཡུལ་ནུབ་ཕྱོགས་ཧི་མ་ལ་ཡའི་རི་ཁུལ་དུ་གནས་བཅས་པའི་བན་ཚང་ཚོ་གསུམ་དང་མདོ་སྟག་ཚོ་གསུམ། སྟང་གཤོངས་ཚོ་གསུམ། གནམ་དགུང་ངམ་ནམ་གུང་ཚོ་གསུམ་བཅས་ལ་དོལ་གྲུ་བཞི་ཞེས་བརྗོད། གྲུ་བཞི་ཞེས་པ་ནི་ཁྲལ་བསྡུ་ཁྲིམས་གནོན་དང་རྐང་འགྲོ་ལག་འདོན་སོགས་ལ་དམིགས་ནས་བགོས་པ་ཡིན་པའི་བརྡ་ཡིན་པར་བཤད།①
         ཞང་ཞུང་རྒྱལ་རབས་སྐབས་ལ་དོལ་པོ་འདི་ཞང་ཞུང་གི་མངའ་རིས་སུ་གཏོགས་པ་སྨོས་མེད་དང་། ཤེས་རིག་གི་ཐད་ནས་བརྗོད་ན། ཡུལ་འདི་ཡང་མངའ་རིས་ཀྱི་ཡུལ་ལུང་གཞན་དང་མཚུངས་པར་སྐབས་དེ་དག་ལ་བོན་ལུགས་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོའི་འོག་ཏུ་གནས། བོད་བཙན་པོའི་རྒྱལ་རབས་དུས་སུ་དོལ་པོའི་ཡུལ་གྲུ་རིམ་གྱིས་བོད་བཙན་པོའི་མངར་འདུས་པ་ཡིན་ལ། སྐབས་དེར་གྲགས་ཆེ་བའི་བོན་གྱི་བསྟན་པ་སྐྱོང་གཞིའི་“ལྷོ་དོམ་སྒྲོ་ནག་པོ་”ཞེས་པའང་དོན་ལ་དོལ་པོའི་ཕྱོགས་འདིར་གོ་དགོས་སྙམ་མོ། །བོད་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་རྗེས་དོལ་ཕྱོགས་གྲུ་བཞི་འདི་པུ་རངས་ཀྱི་རྒྱལ་པོ་བཀྲ་ཤིས་མགོན་གྱིས་གཉེར་ཅིང་། རིམ་གྱིས་དུས་རབས་བཅུ་གཅིག་བཅུ་གཉིས་པར་དོལ་པོའི་ཡུལ་འདི་གློ་བོ་དང་ལྷན་དུ་ཡ་རྩེ་རྒྱལ་པོའི་དབང་རིས་སུ་གཏོགས་པར་གྱུར། དུས་རབས་བཅུ་གསུམ་པར་ས་སྐྱའི་དབང་ཤུགས་རྒྱས་པ་དང་བསྟུན། ཡུལ་འདིའི་ཆབ་སྲིད་གནས་སྟངས་ལ་འགྱུར་བ་བྱུང་སྟེ། སྤྱི་ལོ་1253ལོར་གུང་ཐང་གི་རྒྱལ་པོ་མགོན་པོ་ལྡེས་ཡ་རྩེའི་ལག་ནས་དོལ་པོ་དང་གློ་བོ་འཕྲོགས། བརྒྱ་ཚོ་བཅུ་གསུམ་གྱི་ཁོངས་སུ་བསྡུས།རིམ་གྱིས་བོད་ཁྲི་སྐོར་བཅུ་གསུམ་གྱི་ཁོངས་སུའང་ཚུད་ཅིང་།དོལ་པོ་བན་ཚང་དུ་སོག་པོའི་བཙན་འཛུལ་བྱུང་བར་ཡང་སྔོན་གྱི་ཡིག་ཚང་ལས་བཤད་དོ། །② དུས་རབས་བཅུ་བཞི་པར་གུང་ཐང་གི་རྒྱལ་པོ་ཁྲི་བསོད་ནམས་ལྡེས་པུ་རངས་དབང་དུ་བསྡུ་སྐབས་ཁྲི་པ་བྱིར་མའི་གཅུང་པོ་ཆོས་སྐྱོང་འབུམ་གྱིས་བྱས་རྗེས་ཆེན་པོ་བཞག་པར། དེའི་བྱ་དགའ་ལྟ་བུར་གློ་དོལ་གཉི་ག་དེའི་བདག་རྐྱེན་ལ་གནང་སྟེ་གློ་བོའི་རྫོང་དཔོན་དུ་བསྐོས།③ དུས་རབས་བཅོ་ལྔ་པ་ནས་བཟུང་། གློ་བོའི་ཡུལ་འདི་རིམ་གྱིས་རྒྱས་པར་བསྟུན་ཧ་ལམ་དུས་རབས་བཅུ་དྲུག་ཙམ་ནས་དོལ་པོའང་གློ་བོའི་ཡུལ་ཁོངས་ཤིག་ཏུ་གྱུར། དུས་རབས་བཅོ་བརྒྱད་པ་སྟེ་སྤྱི་ལོ་1769ལོར་བལ་ཡུལ་གོར་ཁའི་རྒྱལ་པོས་ཡམ་བུའི་སྲིད་བཟུང་ནས་གློ་དོལ་ཕྱོགས་སུ་དཔུང་བསྐྱེད་དུས། དོལ་པོ་འདི་གློ་བོ་ལས་བུད་ཙམ་བྱུང་མོད་དེ་ནས་བཟུང་གློ་དོལ་གཉིས་ཀ་བལ་ཡུལ་གྱི་མངའ་ཞབས་སུ་ཤོར་བ་ཡིན་ནོ། །
         དོལ་པོའི་ཡུལ་རྣམས་སིལ་བུའི་སྐབས་གུ་གེའི་མངའ་ཁོངས་ཡིན་པ་ལ། ཕྱིས་གུང་ཐང་དང་ཡ་རྩེའི་དབང་འོག་ཏུ་ཡོད་ཚུལ་གོང་ཞུས་ལྟར་དང་། དེ་ནས་མོན་ཛུམ་ལང་གི་རྒྱལ་རབས་ཚུགས་པ་དང་དེའི་མངའ་ཞབས་སུ་འདུས། ཛུམ་ལང་གི་རྒྱལ་རབས་དང་པོ་ནི་བཙན་ཕྱུག་ལྡེ་ཡིན་ལ། ཁོང་གི་སྐབས་ནས་བཟུང་གློ་དོལ་ཕྱོགས་འདི་ཛུམ་ལང་གིས་འཛིན་ཐུབ་པ་བྱུང་འདུག པར་ཏབ་རྨལ་ནས་བཟུང་ཛུམ་ལའི་རྒྱལ་རབས་ཆད་ཅིང་སྐབས་དེར་པུ་རངས་ནས་མངའ་བདག་བསོད་ནམས་ལྡེ་སྤྱན་དྲངས་ཏེ་ཡ་རྩེའི་སྲིད་དབང་ཕུལ། མཚན་པུ་ནི་རྨལ་ཞེས་གསར་དུ་གསོལ།④ རྗེས་སུ་དགའ་ལྡན་ཕོ་བྲང་སྲིད་དབང་བྱུང་སྟེ་ཛུམ་ལང་ཡང་འཐོར་བ་ཡིན་པས། ཛུམ་ལང་གི་སྨད་ཙམ་ནས་དོལ་པོའི་ཕྱོགས་འདི་གློ་བོའི་དབང་དུ་གྱུར་ཏེ་གུང་ཐང་གི་སར་སོང་ཞིང་། ས་སྐྱའི་དབང་ཤུགས་ལ་བརྟེན་པའི་ཚུལ་ཡང་ཆེར་བྱུང་སྟེ། བོན་གྱི་སྟོབས་ཤུགས་ལ་ཉམས་རྒུད་ཆེན་པོ་བྱུང་ཡོད། གཙང་པ་རྒྱལ་པོའི་རིང་གུང་ཐང་བརླགས་⑤པར་བརྟེན་དོལ་ཕྱོགས་སུ་གུང་ཐང་གི་སྟོབས་ཤུགས་ལ་བཀག་བསྐྱིལ་ཐེབས་ཡོད་པ་དང་། དགའ་ལྡན་ཕོ་བྲང་གི་སྐབས་ལའང་དེ་བཞིན་ནོ། །
         གློ་བོ་ནི་ད་ལྟའི་བར་རྒྱལ་ཕྲན་གྱི་ཚུལ་གྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དེད་ནས་ཡོང་བ་ཡིན་ཞིང་། རང་གི་ཡུལ་སྲོལ་རིག་གནས་དང་སྤྱི་ཚོགས་སྒྲིག་གཞི་མ་ཉམས་པར་ཡོད་པ་ཞིག་ཆགས་ཟིན། གློ་བོའི་ཡུལ་ལ་སྔོན་ཆད་“མངའ་རིས་གློ་བོའི་ལྗོངས་”ཞེས་སུ་འབོད་པས་མངའ་རིས་ཀྱི་ཡུལ་བྱེ་བྲག་པར་བལྟ་བ་མཐོང་ཐུབ་ཅིང་། གོང་འཁོད་དོལ་པོ་དང་མཐུན་པར་སྔོན་གྱི་ཚེ་ན་ཞང་ཞུང་གི་མངའ་རིས་ཡིན་པ་སྨོས་མེད་ཀྱང་། རྒྱུ་ཆའི་རྐྱེན་པས་བོད་བཙན་པོའི་རྒྱལ་རབས་སྔོན་གྱི་ལོ་རྒྱུས་ཀྱི་སྐྱ་ཐིག་གསལ་པོ་ཞིག་འབྲི་ཐུབ་མེད། གློ་བོ་འདིར་སྔོན་གྱི་ཡིག་ཆ་ཁག་ཏུ་གློ་དང་མུསྟཱང་། སྨོན་ཐང་⑥སོགས་འབྱུང་ཞིང་། ཕྱིས་ཀྱི་ཡིག་ཆ་ཁ་ཤས་སུ་ཀློ་དང་བློ། ལྷོ། མུསྟཱང་བྷོ་ཊ་སོགས་འབྱུང་མོད། དོན་ལ། མུསྟཱང་དང་སྨོན་ཐང་སོགས་ནི་གློ་བོའི་རྒྱལ་ས་ཁོ་ནར་བོས་པའི་བརྡ་ལས་རིམ་འགྱུར་བྱུང་བ་ཡིན་ལ། ཀློ་དང་བློ། དེ་མིན་ལྷོ་སོགས་ནི་མ་དག་པའི་འབྲི་ཚུལ་རྒྱུན་འབྱམས་པའོ། ། གློ་བོར་ཡུལ་ཁག་གསུམ་དུ་ཕྱེ་སྟེ། ཡོངས་གྲགས་སུ་གློ་སྟོད་ག་ཡ་རྫོང་དཀར་དང་། གློ་བོ་བར་མ་ཚོ་བདུན། གློ་སྨད་བྷ་ར་རྫོང་བཞི་ཞེས་སུ་གྲགས། 
         དེ་ཡང་དུས་རབས་བདུན་པའི་བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ་གློ་བོ་འདི་བོད་བཙན་པོའི་ཁམས་སུ་བསྡུས་པར་གསལ་ཏེ། 《ལ་དྭགས་རྒྱལ་རབས་》ལས། “རྒྱལ་པོ་འདིའི་རིང་ལ། ཤར་རྩ་མི་དང་ཤིང་མི། ལྷོ་བློ་བོ་དང་ཞང་ཞུང་། བྱང་ཧོར་གྱི་རྒྱལ་ཁམས་ལ་སོགས་པ་དབང་དུ་བསྡུས་” ⑦ཞེས་པ་ལྟར་དང་། ཏུན་ཧོང་ཡིག་ཆ་ལས་ཀྱང་བཙན་པོ་ཁྲི་སྲོང་བཙན་གྱི་སྐབས་“གློ་བོ་དང་གཙང་རྷ་བཀུག་པར་ལོ་གཆིག་” ⑧ཅེས་སྤྱི་ལོ་652ལོར་བློན་ཆེན་མགར་སྟོང་བཙན་གྱིས་གློ་བོ་བཀུག་ཚུལ་གསལ་བའི་གནས་ཚུལ་ཞིག་འཁོད་པ་ནི། སྔོན་ཆད་མང་པོས་ལྷོ་མོན་ཕྱོགས་ལ་གོ་བ་བླངས་ཏེ་འགྲེལ་བསྐྱོན་པ་ཡིན་རུང་། ཞིབ་ཏུ་བརྟག་དུས་འདིར་འཁོད་གློ་བོ་ནི་བལ་ཡུལ་ནུབ་བྱང་ཕྱོགས་ཀྱི་ད་ལྟའི་གློ་བོའི་སྟོད་ལ་བྱས་ན་འགྲིག་སྙམ་མོ། །བཙན་པོ་ཁྲི་འདུས་སྲོང་གི་རིང་ལ་གློ་བོའི་སྨད་སེ་རིབ་དང་འབྲེལ་བའི་ས་ཁུལ་རྣམས་ཀྱང་བོད་ཀྱིས་བཟུང་ཚུལ་སྔོན་གྱི་ཡིག་ཚང་ལ་གསལ་ཏེ། 《མངའ་རིས་རྒྱལ་རབས་》ལས། “རྒྱལ་པོ་འདིས། ཤར་རྒྱའི་ག་ཆུ། ལྷོའི་བལ་པོ་ཤིང་ཁུན་ལིའུ་ཏེན། བྱང་ཧོར་གྱི་སྲ་གྲག་ལྕགས་རྩེ། ནུབ་གློ་བོ་གད་རིང་། སྦལ་ཡུལ་གྱི་ནང་གོང་། སྨད་ཀྱི་ཤིང་འགར་ཚུན་ཆད་མངར་བསྡུས།” ⑨ཞེས་འཁོད་པ་ལྟར་རོ། །བཙན་པོ་ཁྲི་གཙུག་ལྡེ་བཙན་རིང་ལྷོ་ཕྱོགས་གློ་རྡོ་མོན་རྣམས་བོད་ཀྱི་དབང་དུ་ཡོད་⑩ཅེས་གསལ་བ་ལྟར་ན། གློ་བོ་སྟོད་དང་དོལ་པོ། གློ་སྨད་སེ་མོན་ནམ་སེ་རིབ་རྣམས་བཙན་པོ་འདི་པའི་རིང་ལ་ཡང་སྔར་བཞིན་བོད་བཙན་པོའི་མངར་འདུས་ཡོད་ཚུལ་རྟོགས་ཐུབ་ཅིང་། སྐབས་དེར་བོད་ཀྱི་མངའ་ཁོངས་ཤར་ནུབ་གང་ནས་ཀྱང་མཐའ་བཞིར་རྒྱ་བསྐྱེད་ཡོད་པའི་དབང་གིས། ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་ཡུལ་འདི་དག་ཀྱང་བོད་ཀྱི་ཁོངས་སུ་མངའ་བ་རང་བཞིན་གྱིས་རྟོགས་ཐུབ།
         བོད་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་རྗེས་མངའ་རིས་སྐོར་གསུམ་གྱི་ཆབ་སྲིད་གནས་སྟངས་གྲུབ་པ་དང་བསྟུན། མང་ཡུལ་དང་པུ་རངས། གུ་གེ་སོགས་མངའ་རིས་ཀྱི་ཆབ་སྲིད་ལྟེ་བར་གྱུར། གུ་གེ་དང་། གུང་ཐང་། ཡ་རྩེའམ་ཁ་ས་རྒྱལ་རབས་སོགས་གློ་བོ་དང་འབྲེལ་བ་ཟབ་ལ།གུང་ཐང་ནི་བོད་རིགས་རྐྱང་པས་གྲུབ་པའི་རྒྱལ་ཕྲན་ཞིག་ཡིན་པས། གློ་བོ་དང་འབྲེལ་བའི་ཚུལ་རྒྱལ་རབས་གཞན་ལས་མང་བ་ཡོད་ཅིང་། ཡུན་རིང་དེའི་མངའ་ཞབས་སུ་བསྡད་པ་རེད།
         ལ་དྭགས་རྒྱལ་པོ་ཚེ་དབང་རྣམ་རྒྱལ་(1535-1575)གྱི་དུས་སྐབས་ཏེ། དུས་རབས་བཅུ་དྲུག་པའི་ནང་གློ་བོ་འདི་ལ་དྭགས་ཀྱི་ཁོངས་ཡིན་ཚུལ་《ལ་དྭགས་རྒྱལ་རབས་》ལས།“ཤར་ངམ་རིང་མན་ཆད། བློ་བོ་དང་། པུ་ཧྲངས། གུ་གེ་ལ་སོགས་པ་མངའ་འོག་ཏུ་བསྡུས། ལྷོ་ཕྱོགས་འཛུམ་ལང་། ཉུང་ཏི་གཉིས། ནུབ་ཕྱོགས་ཤེ་དཀར་དང་། ཁ་དཀར་གཉིས་ཚུན་ཆོད་མངའ་འོག་ཏུ་བསྡུས་” ⑪ཞེས་པ་ལྟར་འཁོད་གསལ་དང་། བར་སྐབས་ཤིག་ཏུ་སླར་རང་ཡན་དུ་ཕྱིན་པ་ལྟ་བུས་གནས་པ་འདྲ་བ་ལ། ཕྱིས་སུ་ཡང་བསྐྱར་ལ་དྭགས་ཀྱིས་མངའ་འོག་ཏུ་བསྡུས་ཚུལ་《ལ་དྭགས་རྒྱལ་རབས་》ལས།“དབུས་གཙང་གི་རྒྱལ་པོ་སྡེ་པ་གཙང་པས་གསེར་དངུལ་ཇ་སོགས་པ་དྲེའུའི་སྒལ་མང་པོ་ཕུལ་བ་ལ། ཐུགས་མགུ་ནས་ལ་དྭགས་ཀྱི་དམག་དང་བཅས་ཕྱིར་ཕེབས་ཀྱི། ལྷོ་མོ་སྡང་(ལྷོ་སྨོན་ཐང་)མངའ་འོག་ཏུ་བཅུག་” ⑫ཅེས་པ་བཞིན། སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་དུས་མཇུག་སྟེ་རྒྱལ་པོ་སེང་གེ་རྣམ་རྒྱལ་(1616-1642)གྱི་སྐབས་སུ་ལ་དྭགས་ཀྱི་མངའ་ཞབས་སུ་སླར་ཡང་འདུས་པ་ཡིན་ཚུལ་འཁོད། ཡང་ལོ་རྒྱུས་ཡིག་ལམ་འགའ་རེར་ལ་དྭགས་ཀྱིས་གློ་བོ་ཐོག་མར་འཛིན་དུས་ནི་ལྷ་ཆེན་ཨུཏྤལ་(1080-1110)གྱི་སྐབས་ཡིན་ཚུལ་འཁོད་ཅིང་། དེ་ལྟར་ན། གློ་བོ་འདི་ལ་དྭགས་ཀྱི་ཁོངས་སུ་འདུས་པའི་དུས་ཧ་ཅང་སྔ་བ་རྟོགས་ནུས་སོ། །དུས་རབས་བཅུ་དྲུག་པར་བོད་དང་ལ་དྭགས་ཀྱི་འཁྲུག་པ་ཞི་ནས་རིང་ཙམ་སོང་མཚམས། ལ་དྭགས་རྒྱལ་པོ་ཉི་མ་རྣམ་རྒྱལ་(1694-1729)ཁྲིར་བཞུགས་པ་ཡིན་ཞིང་། ཁོང་གི་སྲས་བདེ་སྐྱོང་རྣམ་རྒྱལ་(1729-1739)ལ་“ལྷོ་མོ་སྡང་(ལྷོ་སྨོན་ཐང་)ནས་ཉི་ཟླ་དབང་མོ་བཙུན་མོར་ཞུས་ནས། རྒྱལ་སྲིད་ལ་དབང་བསྐུར།” ⑬ ཞེས་གློ་སྨོན་ཐང་ནས་བཙུན་མོ་ཞུས་ཚུལ་གསལ་བས། སྐབས་དེ་ཤེད་ལ་གློ་བོ་འདི་ལ་དྭགས་རྒྱལ་པོའི་གཉེན་དུ་གྱུར་ཅིང་ས་གནས་གཉིས་བར་འབྲེལ་ལམ་ཡག་པོ་བྱུང་ཡོད་པ་ཤེས། དོན་དངོས་སུ་གློ་དོལ་གྱི་ཡུལ་དག་གུ་གེ་དང་ལ་དྭགས་གཉིས་ཀྱིས་འཕྲོག་རེས་ལྟ་བུས་ལོ་ངོ་སུམ་བརྒྱ་ལྷག་ཕྱིན་པ་ཡིན་ཞིང་། བར་སྐབས་ཡ་རྩེ་དར་མཚམས་ཡ་རྩེ་དང་གུང་ཐང་གིས་འཕྲོག་རྩོད་བགྱིས་པའོ། །
         བུ་སྟོན་གྱི་སྐབས་སུ། “ཆོས་རྒྱལ་ཆེན་པོ་བཀྲ་ཤིས་བསོད་ནམས་ལྡེ། གྲོ་སྤང་དུ་སྐུ་འཁྲུངས་ནས། པུ་ཧྲང་གི་རྒྱལ་སྲིད་ཚུལ་བཞིན་དུ་བསྐྱངས་སོ། །གོན་གོ་ཕྲ་ལ་སོགས་པ་བཏུལ། ཁ་ཆར་ཡབ་མེས་ཀྱི་གཙུག་ལག་ཁང་ཕལ་ཆེ་བ་ལ་ཞིག་བསོས་མཛད་དགུང་ལོ་བདུན་ཅུ་པ་ལ། ཡ་རྩེ་རྒྱལ་ས་ལ་མངའ་མཛད།” ⑭ ཅེས་ཡ་རྩེ་མངའ་རིས་པུ་རངས་རྒྱལ་པོའི་ཁོངས་ན་ཡོད་པ་གསལ་ཞིང་། དེ་ནས་མི་རབས་གསུམ་བརྒྱུད་པའི་གཉའ་ཁྲི་ལྡེའི་སྐབས་ལའང་ཡ་རྩེ་པུ་རངས་རྒྱལ་པོའི་ཁོངས་ན་ཡོད་ཚུལ་ནི། “དེའི་སྲས་གཉའ་ཁྲི་ལྡེ། པུ་ཧྲང་ཡ་རྩེ་གཉིས་ཀ་ལ་མངའ་མཛད་ནས། སྐུ་གཞོན་ནུ་ནས་གྲོངས་” ⑮ཞེས་པ་ལྟར་རོ། ། དེ་བཞིན། ཕྱིས་སུ་གློ་བོ་འདི་མངའ་རིས་པུ་རངས་རྒྱལ་པོ་དང་གུ་གེ་རྒྱལ་པོའི་ཁོངས་སུ་རེས་མོས་སུ་འདུག་པ་“ལྷོ་སྟོད་ལ་དཔལ་མགོན་བཙན་གྱིས་མངའ་མཛད་” ⑯ཅེས་པུ་རངས་ཀྱི་ཁོངས་དང་། “མངའ་བདག་གྲགས་པ་ལྡེའི་རྒྱལ་སྲིད་ལ། ལྷོ་སྟོད་ཀྱི་ཀ་གླིང་” ⑰ཞེས་གུ་གེའི་ཁོངས་ཡིན་པ་ལྟར་རོ། ། ཡང་ན། སྔ་མོའི་ཡིག་ཚང་འགའ་རེར་པུ་རངས་གུ་གེ་དང་སྐབས་རེར་པུ་རངས་དང་གུ་གེ་ཞེས་གཅིག་གྱུར་བྱུང་བ་ལྟ་བུའི་བཟོ་ཡང་འདུག་པས་ན། ཧ་ལམ་གཅིག་གྱུར་བྱུང་བའི་པུ་རངས་གུ་གེས་གློ་དོལ་ཕྱོགས་བཟུང་བར་བཤད་ཀྱང་འགྲིག་གམ་སྙམ་མོ། །
         ཀཿཐོག་པའི་《གུང་ཐང་རྒྱལ་རབས་》ལས། “གློ་སྟོད་གློ་སྨད་དོལ་གྲུ་གསུམ། །བཟང་རྒྱུད་པ་དང་རྣམ་པ་བཞི། །རལ་གྲིས་བཅད་པའི་སྡེ་བཞི་ཡིན། །” ⑱ཞེས་གུང་ཐང་གིས་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་སུ་ཡུལ་ཁག་རྣམས་བརྒྱ་ཚོ་བཅུ་གསུམ་⑲དུ་བཅད་པའི་ཁྲོད་གློ་བོ་དང་གློ་སྨད་སེ་རིབ། དོལ་པོ་གྲུ་གསུམ་མམ་གྲུ་བཞི། བཟང་རྒྱུད་པ་སྟེ་ཡུལ་ཁག་བཞི་ཡང་དེའི་ཁོངས་སུ་བགོས་ཡོད་ཚུལ་གསལ་ཞིང་། དེའི་ཕྱིས་ཙམ་གྱི་གུང་ཐང་གི་བཙན་པོ་འབུམ་ལྡེ་མགོན་གྱི་རིང་། གུང་ཐང་གིས་“མཚོ་དབར་ཉེ་བའི་གློ་སྟོད་དུ། །ནི་རི་གཡའ་རྫོང་དཀར་པོ་བརྩིགས། །གློ་བོ་མཚོ་བཞིའི་ཁ་གནོན་ལ། །གཙང་རོང་བྱ་ཕོའི་ཟེ་བ་བརྩིགས། །ཏ་མང་སེ་མོན་ཁ་གནོན་དུ། །གློ་སྨད་མུ་ཁུན་སྲིན་རྫོང་བརྩིགས། །དོལ་པོ་མོན་གྱི་ཁ་གནོན་དུ། །དོལ་པོའི་ཡི་གེ་དྲུག་མ་བརྩིགས། །” ⑳ཞེས་གློ་བོ་དང་དོལ་པོའི་ཕྱོགས་སུ་མཁར་རྫོང་མང་དུ་བརྩིགས་ཏེ་དབང་ཤུགས་བརྟན་པར་བྱས་པའོ། ། 
         གློ་བོའི་རྒྱལ་ཕྲན་ནི་ཆོས་རྒྱལ་ཨ་མ་དཔལ་(1387-1447)གྱིས་སྤྱི་ལོ་1440ལོར་བཙུགས། ཁོང་ནི་གློ་བོའི་རྫོང་དཔོན་ཆོས་སྐྱོང་འབུམ་གྱི་སྲས་ཡིན་ཞིང་། ས་སྐྱ་དང་འབྲེལ་ཆེ་བས་དེའི་རྒྱབ་སྐྱོར་ཐོབ་ཡོད་སྲིད་དོ། ། རྫོང་དཔོན་ཆོས་སྐྱོང་འབུམ་འདི་ཁྲི་བཀྲ་ཤིས་ལྡེ་སྐབས་ཀྱི་ལྷོ་སྡེའི་ཁྲི་དཔོན་བྱིར་མའི་གཅུང་པོ་ཡིན་ལ།(21) གུང་ཐང་གིས་པུ་ཧྲངས་དབང་དུ་བསྡུ་སྐབས་དམག་དཔོན་ཡིན་འདུག་གོ །
         གློ་རྒྱལ་རིམ་བྱོན་གྱི་གདུང་རུས་གླེང་ཚེ་རིགས་ཁྱུང་པོ་དང་རུས་ཆེན་ས་གནམ་ཡིན་པར་བཤད་ཅིང་།(22) བོད་ཀྱི་རྒྱལ་རབས་མི་འདྲ་བའི་རྒྱལ་རྒྱུད་དག་གི་བཤད་ལུགས་བཞིན་འོད་གསལ་ལྷ་ལས་མཆེད་པར་འདོད་བཞིན་ཡོད། གློ་བོ་བལ་ཁོངས་སུ་ཤོར་དུས་ནི་ཆོས་རྒྱལ་ཨ་ཧཾ་དབང་རྒྱལ་རྡོ་རྗེའི་དུས་ཏེ། སྤྱི་ལོ་1789ལོར་(23)ནེ་པཱལ་རཱཛ་རཱན་བཧདུར་(Rana Bahadur)གྱིས་བལ་ཡུལ་ཁག་གསུམ་ཟླ་སྒྲིལ་དང་བྱང་རྒྱུད་བོད་ཀྱི་ཕྱོགས་སུ་སྟོབས་ཤུགས་རྒྱ་བསྐྱེད་དུས་ཡུལ་འདི་ཡང་བསྡུས་པ་ཡིན་འདུག་ལ། བལ་ཡུལ་གྱི་ལོ་རྒྱུས་སུ་རྒྱལ་པོ་འདི་ནེ་པཱལ་མངའ་འོག་གི་གློ་རྒྱལ་པོ་ཐོག་མ་ལྟ་བུར་འཇོག་པ་ལས་ཀྱང་རྟོགས། དེ་ལྟ་ནའང་། གློ་བོས་བལ་པོའི་དབང་སྒྱུར་དངོས་སུ་ཁས་བླངས་དུས་ནི་ཕྱིས་ཤིག་སྟེ། དུས་རབས་ཉེར་གཅིག་པར་གཞི་ནས་བལ་པོའི་དབང་སྒྱུར་ངོས་ལེན་བྱས་ཤིང་། 2008ལོའི་ཟླ་10པའི་ཚེས་7ཉིན་གློ་བོའི་རྒྱལ་རབས་ཉེར་གཉིས་པ་ཆོས་རྒྱལ་འཇིགས་མེད་དཔལ་འབར་གྱི་རྒྱལ་སྲིད་ཤོར་ཏེ་རྫོང་གི་རྣམ་པར་བསྒྱུར་བའོ། །
གཉིས་པ། གློ་དོལ་ཕྱོགས་སུ་བོན་བསྟན་དར་ནུབ་བྱུང་བའི་ལོ་རྒྱུས།
         བོད་ཀྱི་ལོ་རྒྱུས་ལས། “ལྷ་རབས་བོན་ལུགས་” (24)ཞེས་པའི་དུས་ནི་གདོད་མའི་བོན་དང་སྲིད་པའི་བོན་གྱི་དུས་སྐབས་ཤིག་ལ་ངོས་འཛིན་དགོས་པ་ཆགས་ཡོད་པ་དང་། སྐབས་དེར་བོན་ལུགས་ཀྱི་ཆོ་ག་དང་ཞང་ཞུང་རིག་གནས་ཀྱི་རྒྱུན་འབའ་ཞིག་གིས་དབང་བྱེད་པས་ན། བོད་ཀྱི་ཡུལ་ཁམས་ཕལ་ཆེ་བར་བོན་ལུགས་གཙོ་རྒྱུགས་སུ་བྱེད་པས་ན་མངའ་རིས་གློ་དོལ་ཕྱོགས་འདི་ཡང་དེ་ལས་འདའ་མི་སྲིད་དོ། །
ཆེས་གནའ་དུས་ཀྱི་བོད་མངའ་རིས་ནུབ་ཕྱོགས་པའི་ལོ་རྒྱུས་དང་འབྲེལ་ཡོད་རིག་གནས་སྣང་ཚུལ་ལ་འགྲེལ་བརྗོད་གསལ་པོ་བྱེད་དཀའ་ནའང་། དེང་སང་རིག་གཞུང་ལས་རིགས་སྟེང་ཞང་ཞུང་ཤེས་རིག་དང་དེའི་རྒྱུན་གཙོ་བོར་གྱུར་པའི་བོན་ལུགས་དར་ཆེ་བ་ཀུན་གྱིས་འདོད་པ་བཞིན། གནའ་བོའི་དུས་ལ་གློ་དོལ་གྱི་ཡུལ་ཀུན་ཞང་ཞུང་གི་སྲིད་པའི་བོན་གྱི་ཤེས་རིག་ལ་འབྲེལ་ཆེ་ཞིང་དེའི་དབང་དུ་ཚུད་ཡོད་པ་རིགས་པས་དཔག་ཐུབ་སྙམ། དེ་བཞིན། གློ་བོ་དང་དོལ་པོའི་ཡུལ་འདི་དེ་སྔ་ཞང་ཞུང་གི་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱིས་དབང་བསྒྱུར་བའི་ཡུལ་ཁོངས་ཡིན་ཚུལ་དཔལ་ཚུལ་གྱི་《བསྟན་འབྱུང་》ལས། “ཕྱི་མ་སྒོ་པ་ཞང་ཞང་དངོས་ཀྱི་ཡུལ། །… …ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན། །སྦལ་ཏེ་རྐང་ཕྲན་ལ་དག་ཟང་གལ་དང་། །གར་ཞ་ཉུང་ཏི་སྤི་ཏི་ཁུ་ནུ་དང་། །ཚང་དྲུག་ཉི་ཏི་ཅོ་ནམ་ཤ་ཁོག་ཀྱང་། །ཝོམ་ཀློ་སེ་རིབ་དོལ་པོ་ཀྲུག་སྐྱེས་དང་། །ཀོར་ཁ་མང་ཡུལ་ཡན་གྱི་ལྷོ་རྒྱུད་དང་། །……བྱར་ཐོག་རྒྱལ་པོ་བཅོ་བརྒྱད་ལ་སོགས་བྱོན། །” (25)ཞེས་གསལ་བ་ལྟར།སྐབས་དེར་གློ་བོ་དང་དོལ་པོ་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་གྱི་དབང་འོག་ཏུ་ཡོད་ཚུལ་བརྗོད་པས། ཞང་ཞུང་གི་ཡུལ་གཞན་ལྟར་གློ་དོལ་ཕྱོགས་ཀྱང་དེའི་རྗེས་སུ་འགྲོ་ལྡོག་བྱེད་པའི་གནས་ཚུལ་རྟོགས་ནུས།
         བོད་བཙན་པོའི་རྒྱལ་རབས་དུས་སུ། གློ་བོ་དང་དོལ་པོའི་ཡུལ་འདི་ཞང་ཞུང་ཁྲི་སྡེའི་ཁོངས་སུ་གཏོགས་པ་སྨོས་མེད་དང་། སྐབས་དེར་སྲིད་པའི་བོན་གྱི་ཤེས་རིག་བོད་ཁམས་ཧྲིལ་པོར་ཁྱབ་པར་དར་བས་ན། ཡུལ་འདིར་ཡང་སྲིད་པའི་བོན་འབའ་ཞིག་དར་ངེས་པ་ཁ་ཚོན་བཅད་ཆོག་སྙམ་ལ། ཕྱིས་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་ནང་བསྟན་བོད་ལ་དར་མོད་ཀྱང་། བསྟན་པ་སྔ་དར་གྱི་དུས་སུ་གོང་ནས་གཤམ་ལ་དར་བ་ཡིན་རྐྱེན། གློ་དོལ་ཕྱོགས་སུ་ནང་པའི་བསྟན་པ་ཧ་ལམ་སྤེལ་མ་ཐུབ་པར་སྙམ་ལ། སྔར་བཞིན་བོན་བསྟན་གྱི་ལར་རྒྱ་བཏེགས་ཡོད་ངེས་སོ། །
         ལོ་རྒྱུས་ལས་དཔགས་ན། བོད་བཙན་པོའི་རྒྱལ་རབས་འཇིག་རྗེས་ཀྱང་དུས་ཡུན་རིང་པོའི་ནང་གློ་དོལ་ཡུལ་དུ་བོན་བསྟན་ཤུགས་ཆེ་བ་ཡིན་འདུག དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་བོན་གྱི་མཁས་ཆེན་གཤེན་ཆེན་ཀླུ་དགའ་(996-1035)གློ་སྨད་དུ་ཕེབས་ཤིང་། ལོ་ཆེན་རིན་བཟང་གིས་གཤེན་ཆེན་ཀླུ་དགར་དགག་པ་བསྐྱོན་པའི་བཤད་རྒྱུན་ཡོད། དུས་རབས་བཅུ་གཅིག་པའི་ཕྱིས་ནས་བཟུང་། གློ་དོལ་ཡུལ་དག་ཡ་ངལ་གྱི་རྒྱུད་པས་བཟུང་ཞིང་བོན་བསྟན་རྒྱུན་མ་ཆད་པར་དར་ཐུབ་པ་བྱུང་། གློ་སྨད་བཀག་བེ་ནཱི་བྱ་བར་ཡོད་པའི་ཀླུ་བྲག་ནི་གློ་བོའི་བོན་གྱི་བསྟི་གནས་འགངས་ཆེ་བ་ཞིག་སྟེ། གློ་བོའི་བོན་བསྟན་སྤེལ་སའི་རྟེན་གཞི་ཡིན་ནོ། ། ཉམས་ཞིབ་བྱེད་མཁན་དག་གིས་ཞིབ་འཇུག་བགྱིས་པ་ལས། སིལ་བུའི་སྐབས་སུ་གློ་དོལ་ཕྱོགས་སུ་བོན་བསྟན་སྤེལ་མཁན་ལ་སྙེལ་འཁྲུལ་མེད་ཞིག་པོ་དང་ཀླུ་བྲག་པ་བཀྲ་ཤིས་རྒྱལ་མཚན།(1119-1203) སྙེལ་སྟོན་འཁྲུལ་མེད་ཞིག་པོ། སློབ་དཔོན་རྒྱལ་མཚན་འབུམ། བྲུ་ཆེན་ཚུལ་ཁྲིམས་རྒྱལ་མཚན་(1239-1302)སོགས་བྱུང་ཡོད་ཅིང་། ཁོང་ཚོས་བོན་བསྟན་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་བཞག་ཡོད། དེའི་ནང་ཀླུ་བྲག་པ་བཀྲ་ཤིས་རྒྱལ་མཚན་ལྟ་བུར་མཚོན་ན། ཁོང་གིས་ཀླུ་བྲག་ས་ཆར་དགོན་པ་བཏབ་སྟེ་བུ་སློབ་ལྔ་བཅུ་ལྷག་བསྐྱངས་པ་དང་། བོན་ལུགས་རྫོགས་པ་ཆེན་པོ་དང་གསོ་རིག་ཐད་ལ་མཛད་རྗེས་ཆེ། ཀླུ་བྲག་པའི་ཡབ་ནི་ཡང་སྟོན་(1077-1141)ཏེ། གློ་སྟོད་དུ་བོད་ནས་ཕེབས་པའི་མཁས་པ་ཞིག་དང་ཞང་ཞུང་སྙན་རྒྱུད་ལ་ལྷན་དུ་འབྲེལ་བཞག་ཚུལ་བཤད། རོང་སྒོམ་རྟོགས་མེད་ཞིག་པོའང་གནས་འདིའི་བོན་གྱི་མཁས་པ་གྲགས་ཆེན་ཞིག་ཡིན་ལ། གློ་བོའི་བོན་བསྟན་ཐད་མཛད་རྗེས་ཆེན་པོ་བཞག་མྱོང་། འདི་དག་ལས་བརྟགས་ན། གློ་དོལ་ཕྱོགས་སུ་བོད་བཙན་པོའི་རྒྱལ་རབས་འཇིག་རྗེས་ཀྱང་བོན་བསྟན་ཉིད་རྩ་བའི་ཆ་ནས་ཆོས་ལུགས་གཙོ་བོའི་ཚུལ་གྱིས་རྒྱུན་བསྐྱངས་ཡོད་ཅིང་། གནས་སྟངས་དེ་ཧ་ལམ་དུས་རབས་བཅུ་གསུམ་པའི་བར་མཇུག་མཐུད་ཡོད་པར་འདུག་གོ །
         སིལ་བུའི་དུས་མགོར། གློ་དོལ་ཕྱོགས་འདིར་བོན་གྱི་ཤེས་རིག་དར་ཆེ་བར་འདུག་སྟེ། 《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་》ལས། “མངའ་རིས་ཀྱི་སའི་ཆར་གཙུག་ལག་ནི་བོན། ཤིད་ནི་ནག་པོ་ཐ་༡བོན་ཤིད་ཁྲའོ།” (26) ཞེས་པ་ལྟར། སྐབས་དེར་གློ་བོ་དང་དོལ་པོའི་ཡུལ་དག་མངའ་རིས་ཀྱི་སའི་ཁོངས་སུ་གཏོགས་ཤིང་། དེའང་བོན་ལུགས་ཀྱི་ཆོས་འབའ་ཞིག་དར་ཡོད་པ་འབྲེལ་ཡོད་ཡིག་ཆ་གཞན་ལས་ཀྱང་གསལ། ཡིན་ནའང་། ཕྱིས་མངའ་རིས་ཀྱི་བཙན་པོས་ནང་པའི་བསྟན་པ་ཤུགས་ཆེར་སྤེལ་བའི་འབྲས་བུ་ལས། གློ་དོལ་ཡུལ་གྱི་བོན་པོའི་སྟོབས་ཤུགས་ལ་བརྡབ་གསིག་ཐེབས་ཏེ་བཀག་བསྐྱིལ་བྱུང་ཞིང་། སྐབས་དེར་བོན་པོའི་ཆོས་ལུགས་ལ་བཙན་བཀའ་ཕབ་ནས་དར་དུ་མ་བཅུག་པ་“བོན་པོ་ཐམས་ཅད་བསྡུས་ནས་ཁང་པ་༡ཏུ་བཅུག་དེ་ཧོམ་ལ་གཤེགས་སུ་གསོལ། བོན་དཔེ་རྣམས་འགའ་ཞིག་ཆབ་ལ་སྦྱངས། འགའ་ཞིག་ཞུགས་ལ་གསོལ། འགའ་ཞིག་སར་བཞུགས་པར་གསོལ་ལོ། འགའ་ཞིག་དྲི་བཞོན་ལ་སྤྱན་དྲང་བར་བྱའོ།” (27) ཞེས་པ་ལྟར་རོ། །《མངའ་རིས་རྒྱལ་རབས་》ལས། “རྒྱལ་ཁམས་འཁྲུགས་པའི་རྐྱེན་གྱིས་གདུང་རབས་ལྔ་རུ་བསྟན་པ་ཞིག་ནས། ལོ་བརྒྱ་དང་བཞི་བཅུ་རྩ་དྲུག་གི་བར་དུ་སྟོད་མངའ་རིས་འདིར། གཙུག་ལག་ནི་བོན། གཤིན་ནི་ནག་པོ་” (28)ཞེས་འཁོད་པར་དཔགས་ནའང་། གློ་བོ་དང་དོལ་པོ་འདུས་པའི་མངའ་རིས་ཡུལ་དུ་བཙན་པོ་འུ་དུམ་བཙན་ནས་འོད་སྲུང་དང་མངའ་བདག་དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན་སོགས་ཀྱི་དུས་ལ་བོན་ལུགས་གཙོ་ཆེར་དར་འདུག་ཅེས་བརྗོད་དགོས་པར་འགྱུར།  
         ལྷ་བླ་མ་ཡེ་ཤེས་འོད་ཀྱིས་“ཆོས་ཀྱི་ཆེ་བ་བསྟན་པའི་ཕྱིར་བོན་ལ་དགའ་བ་རྣམས་ལ། བོན་གཞུང་རྙིང་པ་ལ་ཆོས་ལ་སོགས་པའི་བསྲེ་སླད་མེད་པ། ཉི་ཚེ་གཅིག་གནང་བ་ཡིན་ནོ། །” (29)ཞེས་མངའ་རིས་ཡུལ་དུ་བོན་བཀག་ནའང་། བོན་གཞུང་རྙིང་པ་ཁག་ཅིག་དར་སྤེལ་བྱེད་དུ་བཅུག་འདུག་ཅིང་། དེའང་ཆོས་ཀྱི་བསྲེ་བསླད་མེད་པའི་སྒོ་ནས་བགྱི་རུ་བཅུག་པ་ཡིན་པས་ན། སྐབས་དེར་མངའ་རིས་ཀྱི་ཡུལ་མང་པོར་བོན་པོ་གཤའ་མ་སྐོར་ཞིག་ཡོད་ངེས་པ་བཞིན། གློ་དོལ་ཕྱོགས་འདིར་ཡང་ཧ་ལམ་ཡོད་པར་སྙམ་མོ། ། ཡིན་ནའང་། བོན་ལུགས་ཀྱི་གཤིན་དུར་བྱེད་སྲོལ་དང་གསོན་བོན་གྱི་ཕྱུགས་གསོད་པ་སོགས་བཀག་འགོག་དམ་དྲག་གནང་འདུག་པར་བརྟེན། མངའ་རིས་གློ་དོལ་དང་བཅས་པའི་ཡུལ་དུ་བོན་ཆོས་ལ་སྟངས་འཛིན་གྱིས་ཉུང་བར་སྐྱུང་གིན་པ་ནི་དོན་དངོས་སོ། །
པུ་རངས་ཀྱི་བཙན་པོ་བཀྲ་ཤིས་མགོན་གྱིས་དོལ་པོར་དབང་སྒྱུར་བྱེད་སྐབས། དོལ་པོའི་ཡུལ་གྱི་བོན་པོ་མང་པོ་རྙིང་མར་བསྒྱུར་བ་ཡིན་ཞིང་།(30) དེ་ལ་བརྟེན་ནས་དོལ་སོགས་ཀྱི་བོན་པོའི་སྟོབས་ཤུགས་ལ་བཀག་བསྐྱིལ་དང་ཚོད་འཛིན། སྟངས་འཛིན་སྣ་ཚོགས་བྱེད་བཞིན་མཆིས། ལོ་རྒྱུས་ཡིག་ཚང་ལས། “དེ་ཡང་མངའ་བདག་རྣམ་རྒྱལ་ལྡེ་སྲས་མང་དུ་བྱུང་བའི་ཐུ་བོ་དམ་པ་ནོར་བུ་ལྡེ་གློ་བོར་ཡུན་རིང་བཞུགས་དགོས་བྱུང་སྐབས་ཀྱི་སྲས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡིན་ཞེས་གསུངས་ཤིང་། དེ་ལ་སྲས་བདུན་བྱུང་བའི་གཅེན་མངའ་རིས་པཎ་ཆེན་ནི་རྩོད་མེད་ཀྱི་གཏེར་སྟོན་ཆེན་པོ་སྟེ། སྐུ་ཚེ་རིལ་པོ་དགེ་སློང་གི་བཅས་པ་ལྷུར་བླངས་ཤིང་། གཅུང་ལེགས་ལྡན་ཞེས་མངའ་རིས་རིག་འཛིན་དུ་གྲགས་པ་ཡང་གཏེར་སྟོན་ཡིན་ལ། སྲས་པདྨ་རྒྱལ་པོ་ཞེས་བྱོན་རུང་དེ་ནས་གདུང་མ་འཕེལ། སྐུ་མཆེད་བར་པ་ཁ་ཅིག་གི་རྒྱུད་ད་ལྟ་གློ་བོ་མ་ཐང་གི་དབོན་རྒྱུད་རྒྱུན་ཕྲ་མོར་གནས་པ་འདི་རྣམས་ཡིན་ཟེར་བས་དེ་ཚོ་གུང་ཐང་རྒྱལ་པོའི་གདུང་རིགས་སུ་རྟོགས་དགོས་སོ། །” (31)ཞེས་གློ་ཡུལ་དུ་རྙིང་མའི་གཏེར་སྟོན་མཁན་པོའི་གདུང་རྒྱུད་རིམ་པར་བྱུང་ཚུལ་ཡང་གསལ་བས། རྙིང་མའི་གྲུབ་མཐའ་ཁག་སིལ་བུའི་རྗེས་ནས་གློ་དོལ་ཡུལ་གྲུ་ཁག་ལ་ཁྱབ་ཆེན་པོར་སྤེལ་ཚུལ་མཐོང་ཐུབ་ཅིང་། དེས་སྔར་གྱི་བོན་ལུགས་ལ་འགྱུར་བ་གང་འཚམ་བྱུང་ལུགས་ཚོད་དཔག་ཐུབ་པ་ཞིག་རེད། དེང་སྐབས་བན་བོན་བསྲེས་བསླད་ཀྱི་རྣམ་པ་གློ་དོལ་ཕྱོགས་སུ་ཤུགས་ཆེར་མཐོང་རྒྱུ་ཡོད་པའི་ཚུལ་འདི་སྐབས་དེ་དུས་ཀྱི་རྙིང་མའི་གཏེར་ཆེན་དག་དང་འབྲེལ་བ་མེད་དམ་སྙམ་པ་ནི་དཔྱད་གཞི་ཙམ་མོ། །
         ཕྱིས་ཛུམ་ལའི་རྒྱལ་རབས་ཚུགས་ཤིང་དེས་ཧི་མ་ལ་ཡའི་ལྷོ་རྒྱུད་ཡུལ་ཁག་མང་པོ་དབང་དུ་བསྡུས་པ་ལས། གློ་བོ་སྨད་དང་དོལ་པོའི་ཕྱོགས་ཀྱི་བོན་དང་ནང་པའི་ཆོས་ལུགས་ལ་འགྱུར་བ་རོབ་ཙམ་ཕྱིན་ཡོད་ཅིང་། ཁྱད་པར་གློ་སྨད་སོགས་ཀྱི་ཆོས་ལུགས་ཧིན་རྡུའི་ཆོས་ལུགས་སུ་ཁ་ཕྱོགས་པར་གྱུར།《བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་》ལས། “འོད་ལྡེའི་སྲས་རྩེ་ལྡེས་རྔོག་ལོ་རྒྱ་དཀར་དུ་བརྫངས་པ་སོགས་བསྟན་པ་ལ་ཕན་པར་མཛད། དེ་ཡི་སྲས་རབས་ལྔ་པའི་སྐབས་གདུང་ཞིག་ཡ་རྩེར་བྱོན། དེ་ནས་གདུང་རྫོགས་ཏེ་མོན་གྱི་བློན་པོ་བ་ལི་ར་ཛ་བྱ་བས་སྲིད་ཐོབ་པ་ད་ལྟ་ཛུམ་ལིར་གྲགས་པ་འདི་ཡིན་” (32)ཞེས་བཀོད་པ་ལྟར་ན། ལྷ་བླ་མ་ཡེ་ཤེས་འོད་ཀྱི་གཅེན་འཁོར་རེའི་གདུང་ལས་བརྒྱུད་པའི་བཙན་པོའི་རྒྱལ་རྒྱུད་ཀྱིས་ཡ་རྩེ་བཟུང་ཞིང་། དེ་ལས་གདུང་རྫོགས་ཏེ་སེ་མོན་གྱི་རིགས་ཡིན་པའི་བློན་རིགས་ཀྱི་རྒྱུད་ཅིག་གིས་ཛུམ་ལའི་རྒྱལ་རབས་བཙུགས་ཚུལ་གསལ། ལོ་རྒྱུས་ཡིག་ཚང་ཁག་ཕན་ཚུན་བསྡུར་ཚེ། བ་ལི་ར་ཛས་ཡ་རྩེའི་སྲིད་བསྐྱངས་ཤིང་རྒྱལ་རབས་ཀྱི་མིང་ཡ་རྩེ་ནས་ཛུམ་ལིར་སྤོས་པའི་ལོ་ནི་སྤྱི་ལོ་1404ཡིན་པ་རྟོགས་ཤིང་། དེ་ནས་བཟུང་། རིམ་གྱིས་ཛུམ་ལང་གི་ཆོས་ལུགས་ནང་པ་ནས་ཧིན་རྡུའི་ཆོས་ལུགས་སུ་འགྱུར་བ་བྱུང་བ་ལས། གློ་དོལ་གྱི་ཡུལ་སྨད་དག་ཀྱང་རང་བཞིན་ངང་བོན་ལུགས་དང་ནང་པའི་ལུགས་ནས་ཧིན་རྡུའི་ཆོས་ལུགས་པའི་རྗེས་སུ་འགྲོ་ལྡོག་བྱས་པའོ། །
གློ་དོལ་ཕྱོགས་སུ་དྲུང་པ་དཔལ་ལྡན་བཟང་པོས་བོན་བསྟན་རྒྱ་ཆེར་སྤེལ་བའི་ལོ་རྒྱུས་ཡོད་ལ།(33) དོལ་པོའི་བྱི་གཅེར་ཕྱོགས་སུ་བླ་མ་སྔགས་པ་དང་། ཡང་སྟོན་ཕུར་པ་སྐྱབས་ཀྱི་སྲས་ཡང་སྟོན་རིན་ཆེན་རྒྱལ་མཚན་སོགས་ཀྱིས་བདེ་ལྡན་བསམ་གཏན་གླིང་བཞེངས་ཏེ་བོན་ལུགས་ཤུགས་ཆེར་དར་ཐུབ་པ་བྱུང་ཡོད། ཕྱིས་སུའང་བསམ་གཏན་གླིང་འདི་དོལ་ཕྱོགས་གྲུ་བཞིའི་བོན་གྱི་འདུ་གནས་རྩ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། བོན་ལུགས་དར་སྤེལ་གྱི་གནས་གཞི་ཆེན་པོར་གྱུར་ཏེ་དོལ་པོའི་ཡུལ་དུ་སྙན་གྲགས་ཆེ། དེ་བཞིན་གློ་དོལ་ཕྱོགས་སུ་ཡང་སྟོན་ཆེན་པོའི་རྒྱུད་འཛིན་རྣམས་ཀྱི་རྣམ་ཐར་དང་ངག་རྒྱུན་མང་ཙམ་མཆིས་ཤིང་། དོན་ལ་དེ་ནི་གཡུང་དྲུང་བོན་གྱི་ཆོས་ལུགས་གློ་དོལ་ཕྱོགས་སུ་ཤུགས་ཆེར་དར་བའི་སྒྲུབ་བྱེད་ཡིན་ནོ། །ངོས་སླང་རྒྱལ་མཚན་འབུམ་དང་། ཡང་སྟོན་གཡུང་དྲུང་རྣམ་རྒྱལ། ཡ་ངལ་དྲང་སྲོང་མ་རྣམས་ནི། དོལ་པོའི་ཡུལ་དུ་སྙན་གྲགས་ཆེ་བའི་བོན་ལུགས་འཛིན་མཁན་ཤ་སྟག་སྟེ། ཁོ་ཚོས་དོལ་པོའི་ཕྱོགས་སུ་བོན་གྱི་བསྟན་པ་རྒྱུད་འཛིན་དང་དར་སྤེལ་ལ་ལས་ཀ་མང་ཙམ་བསྒྲུབས་ཡོད།
         དོལ་པོའི་བསམ་གླིང་དགོན་ནི། རྒྱལ་གཤེན་ཡ་ངལ་བའི་གདུང་རབས་ཀྱི་གདན་ས་གལ་ཆེ་ཤོས་དེ་ཡིན་ལ།ཡང་སྒོམ་མི་འགྱུར་རྒྱལ་མཚན་ལགས་ནས་རྒྱལ་གཤེན་ཡ་ངལ་བའི་གདུང་རབས་ཀྱི་ལོ་རྒྱུས་མཛད་པའང་ཡུལ་འདི་དང་འབྲེལ་བ་ཆེ། དེ་བཞིན་བསམ་གླིང་དགོན་འདི་དོལ་པོ་ཙམ་མ་ཟད། གློ་བོ་དང་ཧི་མ་ལ་ཡའི་རི་ཁུལ་འབྲོག་པའི་ཡུལ་ཁག་གཞན་གྱི་བོན་དགོན་རྣམས་ཀྱི་མ་དགོན་ལྟ་བུའང་ཡིན་ཞིང་། ཡང་སྟོན་ཆེན་པོ་ནས་བརྒྱུད་པའི་ཡང་སྟོན་རྒྱལ་མཚན་རིན་ཆེན་ལགས་ནི་དགོན་པ་འདི་འདེབས་མཁན་ཡིན་པར་བརྗོད་དོ། །
         གློ་དོལ་ཕྱོགས་ཀྱི་ལོ་རྒྱུས་གུང་བསྒྲིགས་ན། གནས་འདིར་རྒྱལ་གཤེན་ཡ་ངལ་བའི་གདུང་རྒྱུད་ཀྱིས་བོན་ལུགས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་གནས་ཚུལ་གསལ་པོར་མཐོང་ཐུབ། “གཤེན་ལ་སྔ་བ་ཡ་ངལ་ཚེ་གཅོ་གསུམ་”ཞེས་ཡ་ངལ་ནི་གཤེན་བོན་གྱི་གདུང་རབས་དག་ལས་ཆེས་སྔ་དུས་སུ་བྱུང་བའི་གདུང་རུས་ཤིག་ཡིན་པ་གསལ་ཞིང་། ཚེ་གཅོ་ཞེས་པ་འདི་ཏུན་ཧོང་ཡིག་རྙིང་གི་བཙན་པོའི་གདུང་ཁུངས་སྐོར་གྱི་ཡིག་ཆ་P.T.1038ལས་གསལ་བ་ལྟར་ན། བཙན་པོ་གཉའ་ཁྲི་བཙན་པོའི་ཡབ་ཁྲྀ་བར་ལ་བདུན་ཚྀག་རིང་གི་སྐུ་གཤེན་ཆེན་པོ་ཡིན་པའི་བཟོ་འདུག་ཅིང་།(34) དེ་ཉིད་དངོས་གནས་བཙན་པོའི་རྒྱལ་རབས་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་ཡས་མས་ཀྱི་སྐུ་གཤེན་དེ་ཡིན་པའི་དབང་དུ་བྱས་ཚེ། ཡ་ངལ་ཡང་སྐབས་དེར་བྱོན་པའི་གཤེན་བོན་གྱི་གདུང་རྒྱུད་འཛིན་པ་ཞིག་ཡིན་པར་དཔག་ཐུབ་བོ། །
         ཡ་ངལ་གྱི་གདུང་རྒྱུད་ཡིན་པའི་རྟོགས་སྒོམ་ཞིག་པོས་བོན་བསྟན་སྤེལ་བའི་སྐོར་ལ། 《རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་》ལས། “བླ་མ་བྲུ་ཚང་གི་ཞལ་སློབ། རྟོགས་སྒོམ་ཞིག་པོ་དེས་དམག་ལ་གློ་བོར་བྱོན་པས། འཁྲུགས་པ་གཡུལ་ཁ་རྨས་པའི་གསེབ་ནས། ཁྱད་པར་ཅན་གྱི་བོན་པོར་ཤེས་ནས། གློ་སྟོད་དུ་བོན་ཕྱོགས་ཡོན་བདག་གིས་བཏེགས་ནས་བོན་འཁོར་དུ་བཞུགས་ཤིང་། གདོང་སྐྱའི་ཕུག་མོ་ཆེར་བསྙེན་སྒྲུབ་མཛད་ནས་ཕུར་པས་བྲོ་བརྡུང་བ་ལ་སོགས་གྲུབ་རྟགས་ཁྱད་པར་ཅན་བྱུང་ཞིང་། ཕུ་ཡི་ལུང་པ་ལ་ཕུར་པ་བཏབ་པས་ཆུ་མིག་ཆེན་པོ་རྡོལ་ནས་ད་ལྟ་ཞིང་བྱེད་པ་དེ་ནས་བྱུང་།” (35) ཞེས་ཁོང་གིས་གློ་བོ་སྟོད་དུ་དམག་བྱེད་པའི་བར་ལམ་བོན་བསྟན་སྤེལ་བའི་གོ་སྐབས་བྱུང་ཚུལ་འཁོད་ཅིང་། ཡང་སྟོན་ཤེས་རབ་རྒྱལ་མཚན་པས་ཀྱང་“སྔར་གདོང་སྐྱ་ཟེར་བ་ལ་གློ་སྟོད་བདུད་ཡུལ་མུན་པའི་གླིང་ལ་བསྟན་པའི་སྒྲོན་མེ་མཛད་དོ། །བླ་མ་ཡ་ངལ་བཞུགས་པས་ཕྱིས་ཡ་ངལ་དུ་གྲགས་སོ། །” (36)ཞེས་གློ་བོ་སྟོད་ཀྱི་གདོང་སྐྱར་བོན་གྱི་བསྟན་པ་ཆེས་ཆེར་དར་བར་མཛད་པ་གསལ།
         《རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་》ལས། “ལ་སྟོད་གློ་བོའི་སྟོད་ཉིད་དུ། ། ཡ་ངལ་གདུང་འཛིན་འབུམ་རྗེའི་མིང་། །དེ་ཡང་ང་ཡིས་བྱིན་གྱིས་བརླབས། །” (37)ཞེས་ཡ་ཡལ་གྱི་གདུང་འཛིན་འབུམ་རྗེས་བོན་བསྟན་མུ་སྐྱོང་གིས་སྤེལ་བ་གསལ་ལ། དེའི་རྗེས་སུ་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་བྱོན་ཞིང་། དེའི་སྲས་བླ་མ་སྔགས་པ་བྱ་བ་དོལ་པོ་བྱི་གཅེར་དུ་ཕེབས། དོལ་པོའི་ཕྱོགས་སུ་ཕེབས་པའི་བླ་མ་སྔ་བ་ཡིན་པར་བཤད་དོ། །(38)
         ཡང་སྟོན་རྒྱལ་མཚན་རིན་ཆེན་པའི་སྲས་ཡང་སྟོན་སྟོན་རྒོད་དེ་ཉིད་གློ་བོའི་ཀླུ་བྲག་ཏུ་ཕེབས་ཤིང་། ཆིབས་གཡག་གིས་ཞབས་རྗེས་བཞག་པའི་བཤད་རྒྱུན་མཆིས།(39) དེ་བཞིན། ཡང་སྟོན་ཀླུ་བྲག་པའི་གདུང་རྒྱུད་ཅེས་པ་ཞིག་ཀྱང་བྱུང་འདུག་ལ། འདི་ནི་ཀླུ་བྲག་ཕྱོགས་སུ་ཡང་སྟོན་པའི་གདུང་རྒྱུད་ཀྱིས་བོན་ཆོས་སྤེལ་བའི་འབྲས་བུའོ་སྙམ། ད་ལྟའི་ཀླུ་བྲག་གི་གནས་བབས་ལ་དཔགས་ནའང་། ཀླུ་བྲག་ཏུ་བོན་པོའི་དགོན་པ་ཡོད་ཅིང་དད་ལྡན་མང་ཚོགས་ཡོད་པར་མ་ཟད། བོན་གྱི་དཔེ་རྙིང་ཡང་མང་དུ་རྙེད་པར་བརྟེན། ཀླུ་བྲག་འདི་གློ་བོའི་ཕྱོགས་ཀྱི་བོན་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་བོ། །
         རྒྱལ་གཤེན་ཡ་ངལ་གྱི་རྒྱུད་ལས། ཡང་སྟོན་གསུང་རབ་སྐྱབས་ཀྱི་གདུང་རྒྱུད་གློ་བོའི་ཡང་སྟོན་དང་། ཡང་སྟོན་ཕུར་པ་སྐྱབས་ཀྱི་སྲས་རྒྱུད་དོལ་པོའི་ཡང་སྟོན་ཡིན་པར་འདུག་པས། དོན་ལ་གློ་བོ་དང་དོལ་པོ་གཉིས་ཀ་རྒྱལ་གཤེན་ང་ཡལ་གྱི་རྒྱུད་པས་དུས་ཡུན་རིང་ཙམ་བཟུང་ཡོད་པ་རྟོགས་ཐུབ་ཅིང་། སྐབས་འདི་དག་ནས་བཟུང་། གློ་དོལ་ཕྱོགས་ཀྱི་བོན་ཆོས་ནི་རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་རིམ་རྒྱུད་དག་གིས་བསྐྱངས་པར་བཤད་ནའང་ཐལ་ཆེ་བ་མེད་དོ། །
གསུམ་པ། གློ་བོའི་བོན་གྱི་རིག་གནས་ཤུལ་དངོས་ལས་བོན་ཆོས་ཀྱི་གནས་སྟངས་ལ་ལྟ་བ།
         ད་ལྟའི་ཆར། གློ་བོ་དང་དོལ་པོའི་ཡུལ་དུ་བན་བོན་ཉིས་འདྲེས་ཀྱི་སྣང་ཚུལ་རྒྱུན་མཐོང་ཡིན་པའི་སྟེང་། བོན་ཆོས་ལ་འབྲེལ་བའི་རིག་གནས་སྲོལ་རྒྱུན་དང་གནའ་ཤུལ་ཞིག་རོ། མཆོད་རྟེན་རྙིང་པ། དགོན་ཤུལ་དཔེ་རྙིང་སོགས་མང་དུ་མཐོང་རྒྱུ་ཡོད་ལ། དེས་ཡུལ་ཕྱོགས་འདིར་སྔོན་གྱི་སྐབས་ཡིན་ན་འདྲ་ལ། དེང་གི་དུས་ཡིན་ནའང་ཆོག་སྟེ་བོན་ཆོས་ནི་གློ་དོལ་ཡུལ་གྱི་རིག་གནས་གཙོ་བོ་ཞིག་དང་རྒྱུན་ཡོད་པའི་བོད་རང་གི་ཤུལ་བཞག་རྩ་ཆེན་ཞིག་ཡིན་པ་ཤེས་ཐུབ། འདིར་ཁོ་བོས་ཉེ་ལམ་བརྟག་དཔྱད་བྱས་པ་གཞིར་བྱས་ཏེ་གློ་བོ་དཔེར་བཟུང་ནས་གླེང་རྒྱུ་ཡིན་ནོ། །
         དོལ་པོའི་ཡུལ་དུ་བན་བོན་གཉིས་མཉམ་གནས་སུ་ཡོད་པའི་གནས་ཚུལ་མཆིས་ཅིང་། རྟ་རབ་དང་ཚ་དགའ། བྱི་གཅེར་རྣམས་སུ་དེ་སྔ་འདུ་ཁང་གཅིག་ཏུ་བན་བོན་གཡས་གྲལ་གཡོན་གྲལ་བྱས་ནས་བཞུགས་སྲོལ་ཡང་ཡོད་པར་གྲགས་པས།(40) བོན་གྱི་ལུགས་འདི་དོལ་པོའི་ཡུལ་དུ་དར་ཆེ་བ་གསལ་པོར་རྟོགས། དེ་བཞིན་ཚུལ་འདིས་གློ་དོལ་ཕྱོགས་སུ་ནང་པའི་བསྟན་པ་ཆེས་ཆེར་དར་བའི་སྒང་ལའང་། མཐའ་གཅིག་ཏུ་བོན་ཆོས་སྨད་པ་མིན་པར་གྲུབ་མཐའ་མཉམ་གནས་དང་རིག་གནས་ལྷན་འདུས་ཀྱི་ངོ་བོས་སྔར་བཞིན་རང་སྲོལ་མ་ཉམས་པར་གནས་པ་མཚོན་བཞིན་འདུག བོན་ལུགས་མཆོད་རྟེན་བདག་གཉེར་མ་ཐུབ་པའི་སྐབས་ལ་བན་ལུགས་སུ་བསྒྱུར་ཅིང་རིགས་གསུམ་མགོན་པོའི་རྩིག་ཐོ་དག་ཐོག་མའི་སྐབས་ལ་བོན་ལུགས་སུ་གྲགས་པའི་བཤད་རྒྱུན་ལས་ཀྱང་། བན་བོན་མཉམ་གནས་དང་བན་བོན་དབར་ཞི་བའི་ངང་སིམ་འདྲེས་འབྱུང་གིན་ཡོད་པའི་དོན་དངོས་གསལ་བཤད་བྱ་ནུས།
         གློ་བོ་དམར་རྫོང་བྲག་ཕུག་ནས་བོན་གྱི་དཔེ་རྙིང་རྙེད་ཅིང་ཀླུ་བྲག་ལ་བོན་གྱི་གནའ་བོའི་ཤུལ་དངོས་མང་བ་འདི་ཁོ་ནས་ཀྱང་། ཡུལ་འདིའི་བོན་ལུགས་རིག་གནས་ཀྱི་ཟུར་ཙམ་མཚོན་ཐུབ་ཀྱི་ཡོད། དེ་ལ་གློ་བོ་དམར་རྫོང་བྲག་ཕུག་ནས་བོན་གྱི་དཔེ་རྙིང་མང་པོ་ཐོན་ཡོད་ཅིང་། ཕྱིས་ཕྱི་གླིང་བ་དག་གིས་དེ་དག་རིགས་བཀར་ཏེ་དེང་གློ་སྨོན་ཐང་ཆོས་སྡེའི་རྟེན་མཛོད་ཁང་དུ་བཞུགས་སུ་གསོལ་བ་ཡོད། ཡིན་ནའང་། ཐེངས་འདིའི་ཉམས་ཞིབ་ཀྱི་སྐབས་ལ་བོན་པོའི་ཡིག་ཚང་དུ་རིགས་བཀར་ཡོད་པའི་དཔེ་རྙིང་སྐོར་ཞིག་ནང་པའི་ཆོས་གཞུང་གི་སྐོར་ཡིན་འདུག་ལ། བརྟག་དཔྱད་སྐབས་མཐོང་གསལ་ལ་འགའ་རེ་ཐོ་འགོད་ནོར་བའི་ཆའང་མཆིས། གང་ལྟར། དམར་རྫོང་བྲག་ཕུག་ནས་བན་བོན་གྱི་དཔེ་རྙིང་ལྷན་དུ་རྙེད་པ་འདིས། ཡུལ་འདིར་དེ་སྔ་བན་བོན་མཉམ་གནས་ཆེན་པོ་བྱུང་ཡོད་པ་རྟོགས་ཐུབ་ཅིང་། གློ་བོའི་ཡུལ་འདིར་བོན་གྱི་དད་མོས་རྒྱུན་རིང་གནས་པའི་ཚུལ་ཡང་རྟོགས་ཐུབ།
         གློ་བོའི་ཀླུ་བྲག་ས་ཆར་བཙན་ཁང་ཞེས་པ་ཞིག་ཡོད་པ་བོད་ནང་གི་བཙན་ཁང་དག་དང་མི་འདྲ་སྟེ། སྤྱིར་བཏང་གློ་བོའི་ཡུལ་གྱི་བཙན་ཁང་དག་ནི་ཁྱིམ་ཚང་རེ་རེའི་ཁང་ཀླད་ཟུར་དུ་ས་རྩིག་གིས་གྲུབ་པའི་མིའི་གཟུགས་ཚད་ཀྱི་ཕྱེད་དང་མཉམ་པའི་ཆོས་ཁྲི་ཆུང་ཆུང་རེ་ཡོད་པ་དེ་ཡིན་ཞིང་། ཟུར་གསུམ་ཅན་མང་ལ་ཟུར་བཞི་ཅན་ཡང་ཡོད་པ་ལོ་རེར་བོན་པོའི་བླ་གྲྭ་དག་གདན་དྲངས་ནས་ལོ་མཆོད་བྱེད་པ་ཡིན་ཟེར། ཀླུ་བྲག་ལ་ལོ་རེར་གླིང་སྐོར་རྒྱག་པའི་སྲོལ་ཡང་ཡོད་པར་འདུག་ལ། དེ་ནི་《ཁམས་ཆེན་》བཀླགས་ཚར་རྗེས་གཡུང་དྲུང་ཕུན་ཚོགས་གླིང་གི་ཉེ་འཁོར་ལ་འདུས་ཏེ་ཕོ་མོ་ཚང་མས་གཡས་བསྐོར་གྱིས་གླིང་སྐོར་བྱེད་པ་ལ་བྱ། གཡུང་དྲུང་ཕུན་ཚོགས་གླིང་ནི་ཀླུ་བྲག་གི་བོན་དགོན་གལ་ཆེན་ཞིག་ཡིན་ལ། དགོན་ཕུག་དང་འབྲེལ་བ་ཟབ། དོན་ལ། གོང་སྨྲས་ཀྱི་སྲོལ་འདི་གློ་དོལ་ཕྱོགས་ཀྱི་ཡུལ་གཞན་དག་ཏུ་ནང་པའི་རྗེས་འཇུག་པ་ཚོས་ཆོས་འཁོར་རྒྱག་པའི་སྲོལ་དང་ལམ་སྲོལ་མཚུངས་ཤིང་། བོད་དུའང་མ་ཉམས་པར་ཡོད་པ་ལྟར་རོ། །
         དེ་བཞིན་ཀླུ་བྲག་ལ་བོན་གྱི་སྤྲུལ་སྐུ་ངོས་འཛིན་ལམ་སྲོལ་ཡང་ད་ལྟའི་བར་མ་ཉམས་པར་མཆིས་ཤིང་། གློ་སྨད་ཆུ་མིག་བརྒྱ་རྩའི་ལུང་པའི་གཡས་གཡོན་ལ་བོན་ནི་གང་སར་མཐོང་རྒྱུ་ཡོད། ཀླུ་བྲག་ཏུ་ཀླུ་བྲག་རིན་པོ་ཆེར་འབོད་པའི་བོན་གྱི་བླ་མ་ཞིག་ཡོད་པ་དེའི་མཚན་ལ་བསྟན་པའི་རྒྱལ་མཚན་ཞུ་ཞིང་དགོན་ཕུག་གི་བླ་མ་རེད། ཤོད་སྲོལ་ལ་དེ་སྔ་སྐྱེས་པ་ཞིག་གློ་རྒྱལ་པོའི་སྲས་མོར་ཆགས་པ་མ་གནང་བས།འདྲེར་སྐྱེས་ཏེ་གཞན་ལ་གནོད་པའི་མཚམས་མ་ཆད། ནང་པའི་བླ་སྤྲུལ་དང་སྔགས་པ་གང་ཡོད་བོས་ཀྱང་བཅོས་ཐབས་མ་བྱུང་བར། མཐར་ཀླུ་བྲག་རིན་པོ་ཆེར་ཞུས་ཏེ་དམ་ལ་བཏགས་ཤིང་། གློ་རྒྱལ་ཁང་ལ་བོས་ཏེ་གཟིགས་བཟོས་ཕུན་སུམ་ཚོགས་པས་བཀུར། རྫོང་གསར་གྱི་ས་འདིར་དགོན་པ་འདེབས་གནས་གནང་བར་དགོན་ཕུག་ཟེར་བའི་བོན་དགོན་བཞེངས། དགོན་པ་ཉམས་ཟིན་པའི་སྐབས་ལ་ཏན་མག་སྲིད་གཞུང་གིས་རོགས་སྐྱོར་བྱས་ཏེ་ད་ལྟའི་དགོན་པ་འདི་བསྐྱར་བཞེངས་བྱས་པ་རེད། དགོན་ཕུག་འདི་བོད་ནང་གི་ར་ལག་གཡུང་དྲུང་གླིང་དང་འབྲེལ་ལམ་ཟབ་ཚུལ་རྟོགས་ཤིང་དོན་ལ་དེའི་ཡན་ལག་ལྟ་བུར་བྱེད་ཅིང་མཆིས། དེ་བཞིན་གློ་དོལ་ཕྱོགས་ཀྱི་བོན་དགོན་མང་པོ་ནི་སྔགས་པས་བཟུང་བ་ཞིག་སྟེ། དགོན་པའི་ནང་བཞུགས་པའི་སྔགས་པ་དག་གིས་ཁྱིམ་ཐབ་བཟུང་སྟེ་རྒྱུན་གྱི་སྐབས་ལ་ཁྱིམ་པ་བྱེད་དོ། །
གློ་བོའི་རྫར་ལའང་བོན་པོའི་ཁྱིམ་ཚང་ཡོད་ཅིང་།  བོན་བསྟན་གྱི་ཤུགས་རྐྱེན་ཆེར་མ་ཉམས་པ་མཐོང་ཐུབ་ལ།  སྒེར་ལུང་ལའང་ལྷ་བོན་འདུག འདི་ལས་གློ་ཡུལ་གྱི་ཡུལ་ཁག་ཆེ་བ་ཚང་མར་བོན་ལུགས་ཀྱི་སྲོལ་འཛིན་མཁན་མཚམས་མ་ཆད་པར་བྱུང་ཡོད་པ་རྟོགས་ཐུབ། 
         གློ་ཡུལ་གྱི་ཆོས་འཁོར་གསང་སྔགས་གླིང་དགོན་པ་ནི།  བན་བོན་གང་ཡིན་བཤད་དཀའ་བའི་དགོན་པ་ཞིག་སྟེ།  ཡུལ་མི་འགའ་རེས་བོན་དགོན་དང་འགའ་རེས་ས་སྐྱ་ཡིན་ཞེས་རྗོད་པར་བྱེད། ཡིག་ཚང་འགའ་རེར་དེ་ནི་ས་སྐྱའི་ཕྱོགས་ནས་ཡོང་བའི་བླ་མ་རྡོ་རྗེ་སེང་གེ་ཟེར་བས་ཐོག་མར་བཏབ་པར་བཤད་ཅིང་བར་དུ་འགྱུར་ལྡོག་མང་དུ་བྱུང་བའི་ཚུལ་ཡང་སྣང་།(41) དགོན་པའི་གཙོ་སྐུ་ནི་སློབ་དཔོན་པད་འབྱུང་ཡིན་པར་དཔགས་ན་རྙིང་མ་ཡིན་དོགས་ཆེ་ཡང་།  གློ་དོལ་ཕྱོགས་སུ་སློབ་དཔོན་གྱི་སྐུ་བརྙན་ནི་གང་སར་ཡོད་པས་ན་དེ་ཁོ་ནར་བརྟེན་ནས་གང་ཡིན་གསལ་བཤད་བྱེད་ཁག་པོ་བྱུང་ཡོད། དོན་དངོས་སྟེང་བཤད་ན། གློ་བོ་དང་དོལ་པའི་ས་ཆ་མང་པོར་བན་བོན་གཉིས་དགར་དཀའ་བའི་ཚུལ་དུ་ཡོད་པ་དང་། ཕན་ཚུན་ཁྱད་གསོད་དང་འགྲན་རྩོད་ཀྱང་ཧ་ལམ་མེད་པར་སིམ་འདྲེས་ཀྱི་ངང་ལ་ཡོད་ཅིང་།  ལྷག་པར་དུ་མི་སེར་དཀྱུས་མས་དེ་གཉིས་ཀྱི་དབྱེ་བའང་འབྱེད་མི་ནུས་པའི་ཚད་ལ་སོན། 
         གློ་ཡུལ་གྱི་ཀླུ་བྲག་དང་ཆུ་མིག་བརྒྱ་རྩའི་ས་ཆར་རྟོག་དཔྱོད་བྱས་པ་ལས། ཡུལ་འདིའི་ཡུལ་ལྷ་ནི་ཨ་བསེ་གདོང་དམར་(42)ལ་བྱེད་པ་ཤེས་ཐུབ་ཅིང་། ཚུལ་འདི་ལས་ཀྱང་གནས་འདིར་བོན་གྱི་སྲོལ་རྒྱུན་སྔར་མུས་སུ་ཡོད་པ་མཚོན་ཐུབ། ཀློ་ཆུ་མིག་བརྒྱ་རྩ་ནི་ནང་པའི་གནས་མཆོག་ཅིག་ཡིན་པར་མ་ཟད། ཧིན་རྡུ་ཆོས་ལུགས་པའི་གནས་མཆོག་གལ་ཆེན་ཞིག་ཀྱང་ཡིན་པས་ཉིན་རྒྱུན་གནས་མཇལ་དུ་ཡོང་མཁན་རྒྱ་གར་བ་མང་། ཞར་ལ་ཡུལ་འདི་བོན་གྱི་གནས་འགངས་ཆེན་ཞིག་ལའང་ངོས་འཛིན་པར་བྱེད་དོ། །
         གོང་འཁོད་ནི་ཁོ་བོ་ཉེ་སྔོན་བལ་ཡུལ་ནུབ་ཕྱོགས་ཧི་མ་ལ་ཡའི་རི་ཁུལ་དུ་ལོ་རྒྱུས་རིག་གནས་སྐོར་གྱི་རིག་གཞུང་རྟོག་ཞིབ་ཏུ་བསྐྱོད་སྐབས་བོན་གྱི་རིག་གནས་ལ་ཉམས་ཞིབ་རགས་ཙམ་བྱས་པའི་འབྲས་བུ་བཀོད་པ་ཡིན་ཞིང་། དེ་ཡང་ཧི་མ་ལ་ཡའི་བོད་ཀྱི་ཤེས་རིག་ལས་བོན་གྱི་རིག་གནས་འདི་ཀུན་ལ་གསལ་ཆ་དེ་ཙམ་མེད་པའི་ཚུལ་ལ་གཞིགས་ཏེ། བལ་ཡུལ་གློ་དོལ་གྱི་ཡུལ་ཕྱོགས་གཙིགས་སུ་བཟུང་ནས་དཔྱད་པ་བཏང་བ་ཡིན། གློ་བོ་དང་དོལ་པོའི་ཡུལ་འདི་བལ་ཡུལ་ནང་གི་བོད་རིགས་འདུས་སྡོད་ཆེས་ཆེ་བའི་ས་ཁུལ་གཉིས་ཡིན་ཞིང་། བོད་རང་གི་སྐད་དང་ཡི་གེ། རིག་གཞུང་དང་སྲོལ་རྒྱུན་སོགས་མ་ཉམས་པར་རྒྱུད་འཛིན་བྱས་པ་ཆེས་ལེགས་པའི་གནས་གཉིས་ཡིན་པར་བརྟེན། ཡུལ་འདི་གཉིས་ལ་ཡུལ་དངོས་རྟོག་དཔྱོད་ཀྱིས་ཉམས་ཞིབ་བྱེད་པའི་དགོས་པ་ཤིན་ཏུ་ཆེ། ཁོ་བོ་རང་ཉིད་ཧི་མ་ལ་ཡའི་བོད་ཀྱི་ཤེས་རིག་ལ་དགའ་ཞེན་ཆེ་ཞིང་དེར་འཇུག་པའི་སྤྲོ་བས་ཀུན་ནས་བརྟས་པ་ལས། སྔ་ཕྱིར་ཐེངས་གཉིས་ལ་ཧི་མ་ལ་ཡའི་ལྷོ་རྒྱུད་དུ་དངོས་སྐྱོད་ཀྱིས་རིག་གཞུང་རྟོག་ཞིབ་བྱས་པ་ཡིན་ལ། དེའི་སྐོར་གྱི་རིག་གཞུང་དཔྱད་འབྲས་འགའ་རེ་ཐོན་པར་ནུས་པ་ཨེན་ཙམ་འདོན་ཁུལ་ཡིན་ན། ཆེད་དུ་གློ་དོལ་ཕྱོགས་ཀྱི་བོན་གྱི་ཤེས་རིག་ཐད་ནས་ཐོག་མའི་དཔྱད་པ་སྟབས་བདེ་འདི་བཀོད་པ་ཡིན་ཞིང་། སྐྱོན་དང་ནོར་འཁྲུལ་ཅི་མཆིས་གཟུར་གནས་མཁྱེན་ལྡན་དང་ཧི་མ་ལ་ཡའི་ཤེས་རིག་ལ་མྱོང་ཆ་ཡོད་པའི་ཤེས་ལྡན་དག་གིས་ཡོ་བསྲང་གནང་རོགས་ཞུའོ། །
         དཔྱད་གཞིའི་ཡིག་ཆ།
         ①ཟླ་བ་ཚེ་རིང་། 《དོལ་པོའི་ལོ་རྒྱུས་དང་རིག་གནས་སྐོར་ལ་ཅུང་ཟད་དཔྱད་པ》[J] 《ཀྲུང་གོའི་བོད་རིག་པ》 2018ལོའི་དེབ་གཉིས་པ།
         ②ཆོས་འཁོར་ཚང་ཉི་མ་འོད་ཟེར། 《དོལ་པོ་མོལ་བའི་སྔོན་འགྲོའི་གཏམ། རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ཨུན་ཆེན་ཚངས་པའི་སྒྲ་དབྱངས་བཞུགས》[M] དོལ་པོའི་གསུང་རབ་ཉམས་གསོ་ཁང་། 2005ལོ། ཤོག་ངོས་VII
         ③ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། 《བོད་རྗེ་ལྷ་བཙན་པོའི་གདུང་རབས་མངའ་རི་སྨད་གུང་ཐང་དུ་ཇི་ལྟར་བྱུང་བའི་ཚུལ་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ》 སྨད་ཆ། [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་77
         ④པདྨ་ཚེ་བརྟན། 《དོལ་པོའི་ལོ་རྒྱུས་ཤེལ་དཀར་ཕྲེང་བ》[M] 2010ལོ། ཤོག་ངོས་30
         ⑤ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། 《བོད་རྗེ་ལྷ་བཙན་པོའི་གདུང་རབས་མངའ་རི་སྨད་གུང་ཐང་དུ་ཇི་ལྟར་བྱུང་བའི་ཚུལ་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ》སྨད་ཆ། [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་90-91
         ⑥སྨོན་ཐང་ཞེས་པར་ཕྱི་གླིང་བས་“Mustang”(མུསྟང་)ཞེས་བོས་པ་ལས། རྒྱ་ཡིག་ལའང་“木斯塘”ཞེས་འབྲི་བར་བྱེད།
         ⑦《ལ་དྭགས་རྒྱལ་རབས》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་33
         ⑧གཉའ་གོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་61
         ⑨⑩⑬གུ་གེ་མཁན་ཆེན་ངག་དབང་གྲགས་པ། 《མངའ་རིས་རྒྱལ་རབས》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་ངོས་43; 71; 113
         ⑪⑫《ལ་དྭགས་རྒྱལ་རབས》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་48; 56
         ⑭⑮⑯⑰གུ་གེ་མཁན་ཆེན་ངག་དབང་གྲགས་པ། 《མངའ་རིས་རྒྱལ་རབས》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་ངོས་113; 114; 122-123; 128
         ⑱⑲ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། བོད་རྗེ་ལྷ་བཙན་པོའི་གདུང་རབས་མངའ་རི་སྨད་གུང་ཐང་དུ་ཇི་ལྟར་བྱུང་བའི་ཚུལ་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་། 《ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ》 སྨད་ཆ།[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་66-67; 71
         ⑳བརྒྱ་ཚོ་བཅུ་གསུམ་ནི། གུང་ཐང་། སྐྱིད་གྲོང་། ནུབ་རི། མ་ཞང་རྒྱ་ཚང་། གློ་སྟོད། གློ་སྨད། དོལ་གྲུ། བཟང་རྒྱུད་པ། གཉམས། དངུལ། ཕུ་རི་མཚོ་འཁོར། གཙང་པོ་ཟངས་ཚ་བ། ཕ་བཞི་ཆགས་བཅས་སོ། །
         (21)(22)ངག་དབང་འཇིགས་མེད། 《གློ་བོ་དང་གཙང་ཆོས་སྡེ་རྡོ་རྗེ་གདན་གྱི་ལོ་རྒྱུས་མཐོང་ཀུན་དད་གྲོལ་མ་ཞེས་བྱ་བ་བཞུགས་སོ》[M] དཔལ་ངོར་ཨེ་ཝཾ་ཐར་རྩེ་བླ་བྲང་ནས་པར་བསྐྲུན་འགྲེམ་སྤེལ་བྱས། 2010ལོ། ཤོག་ངོས་9; 9
         (23)སྤྱི་ལོ་1769ལོར་གོར་ཁས་གློ་བོ་བསྣུབས།
         (24)《ལ་དྭགས་རྒྱལ་རབས》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་25
         (25)དཔལ་ཚུལ། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་27
         (26)(27)གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། 《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་9; 11
         (28)(29)གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། 《མངའ་རིས་རྒྱལ་རབས》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་ངོས་79; 89-90
         (30)ཆོས་འཁོར་ཚང་ཉི་མ་འོད་ཟེར། 《དོལ་པོ་མོལ་བའི་སྔོན་འགྲོའི་གཏམ། རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ཨུན་ཆེན་ཚངས་པའི་སྒྲ་དབྱངས་བཞུགས》[M] དོལ་པོའི་གསུང་རབ་ཉམས་གསོ་ཁང་། 2005ལོ། ཤོག་ངོས་VIII
         (31)(32)ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། 《རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ》 སྨད་ཆ།[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་53; 54
         (33)པདྨ་ཚེ་བརྟན། 《དོལ་པོའི་ལོ་རྒྱུས་ཤེལ་དཀར་ཕྲེང་བ》[M] 2010ལོ། ཤོག་ངོས་58
         (34)གཉའ་གོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་1
         (35)(36)(37)(38)(39)ཡང་སྒོམ་མི་འགྱུར་རྒྱལ་མཚན། 《རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ཨུན་ཆེན་ཚངས་པའི་སྒྲ་དབྱངས་བཞུགས》[M] དོལ་པོའི་གསུང་རབ་ཉམས་གསོ་ཁང་། 2005ལོ། ཤོག་ངོས་50; 51; 54; 59; 61
         (40)ཆོས་འཁོར་ཚང་ཉི་མ་འོད་ཟེར། 《དོལ་པོ་མོལ་བའི་སྔོན་འགྲོའི་གཏམ། རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ཨུན་ཆེན་ཚངས་པའི་སྒྲ་དབྱངས་བཞུགས》[M] དོལ་པོའི་གསུང་རབ་ཉམས་གསོ་ཁང་། 2005ལོ། ཤོག་ངོས་XVIII
         (41)陈波:《尼泊尔洛域民族志》,巴蜀书社,2011年,第209页。
         (42)ཆའར་སེ་རམ་བྷོ་ལགས་ནས་ཨ་བསེ་མདུང་དམར་ཞེས་བྲིས་སྣང་། (ཆའར་སེ་རམ་བྷོ། 《ཀླུ་བྲག་གི་བླ་མ་སྟེ་བལ་ཡུལ་ནུབ་ཕྱོགས་ཀྱི་བོད་རིགས་བོན་ཁྱིམ》 འབུམ་རམས་པའི་མཐར་ཕྱིན་ཆེད་རྩོམ། 1984ལོ།)
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1