གཙོ་ངོས།>> དམངས་སྲོལ།>>བཟའ་ཆས།

རྩོམ་པ་པོ། བསྟན་པ་ཡར་རྒྱས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༢ཚེས་༠༣ཉིན།

༄༅།།བོད་མིའི་ཟས་ཀྱི་དྭངས་མ་མར་དང་མར་གྱི་རིག་གནས།

    མར་ཞེས་པ་ནི་འབྲོག་ལས་མི་རིགས་སམ་འབྲོག་ལས་ས་ཁུལ་གྱི་དམིགས་བསལ་ཐོན་རྫས་མང་པོའི་ཁྲོད་ལྷག་པར་ཁྱད་དུ་འཕགས་པའི་ཐོན་རྫས་ཤིག་རེད།དེ་ནི་སྒོ་ཕྱུགས་བྱ་ཕག་ཙམ་ལས་མེད་པའི་ས་ཁུལ་དང་།ཞིང་ལས་རྐྱང་པའི་ས་ཁུལ་གྱི་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཡང་མེད་དུ་མི་རུང་བའི་ཟས་རིགས་ཤིག་རེད།དེར་བརྟེན་ཁྱད་དུ་འཕགས་པའི་ཐོན་རྫས་དེ་ལ་དེ་དང་འབྲེལ་བའི་ཕུན་སུམ་ཚོགས་པའི་དམིགས་བསལ་གྱི་རིག་གནས་ཤིག་ཀྱང་གྲུབ་ཀྱི་ཡོད་པ་ནི།དམངས་སྲོལ་རིག་པའི་ཆོས་ཉིད་ཅིག་རེད།དེང་གི་དུས།གྲོང་རྡལ་དང་གྲོང་ཁྱེར་གང་སར་མི་རིགས་འདྲ་མིན་དང་ས་ཁུལ་ཁྱད་ཆོས་ལྡན་པའི་ཟ་ཁང་།ཇ་ཁང་།ཆང་ཁང་ཤིན་ཏུ་མང་བས་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་གང་སར་རྒྱ་ལུགས་ཟས་རིགས་ཀྱི་བཟོ་རྩལ་རིམ་བཞིན་དར་བ་མ་ཟད།    སྲོལ་རྒྱུན་བོད་ཟས་བཟོ་རྩལ་ལ་ཡང་སྔར་མེད་གསར་སྲོལ་མང་པོ་དར་བ་དང་།རོང་འབྲོག་ས་ཁུལ་གྱི་རིགས་མི་འདྲ་བའི་སྲོལ་རྒྱུན་ཟས་རིགས་གཡོས་སྦྱོར་བྱེད་སྟངས་ཀྱང་ཕན་ཚུན་སྙིགས་དོར་བཅུད་ལེན་གྱིས་རྒྱུན་ཆད་མེད་པར་ཉམས་མྱོང་སྤེལ་རེས་བྱས་ནས།བོད་ཁྱིམ་གྱི་ཟས་ཅོག་སྟེང་གི་ཟས་རིགས་ཀྱི་རྣམ་གྲངས་ཇེ་མང་དུ་འགྲོ་བ་མ་ཟད།གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲོད་དུ་ཕྱི་ལུགས་ཟས་རིགས་བཟོ་རྩལ་སྣ་ཚོགས་ཀྱང་དར་བས།གཞོན་ནུ་ལོ་ཆུང་གི་ཁྲོད་དུ་བྲིན་རྒྱུག་ཡག་པོ་ཡོད།དེ་ལྟར་འཛམ་གླིང་མི་རིགས་ཕན་ཚུན་བར་གྱི་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་འགྲོ་བ་དང་ཚན་རིག་ལག་རྩལ་གྱི་སྐུལ་འདེད་འོག བོད་ལུགས་ཟས་རིགས་ཀྱི་རིག་གནས་ལ་ཕྱི་ཡི་བཟོ་དབྱིབས་དང་ནང་གི་བཅུད་ལ་སྔར་ལྷག་གི་འགྱུར་བ་ཕྱིན་ཡོད།འོན་ཀྱང་།བོད་མིའི་ཟས་ཀྱི་དྭངས་མ་འབག་བཙོག་གི་དྲི་དང་བྲལ་བའི་འབྲི་མར་ལས་ལྷག་པ་ཞིག་གང་ན་ཡོད།དེང་གི་དུས་བོད་ཡུལ་དུ་མར་གྱི་སྤྱོད་སྒོ་རྒྱ་ཆེ་ཞིང་བྲིན་རྒྱུག་ཡག་པོ་ཡོད་པ་ཤེས་རྟོགས་བྱུང་རྗེས།ཁེ་ལས་སྡེ་ཚན་མང་པོ་“མཆོད་རྟེན་དཀར་པོ་”ཞེས་པ་དང་“ཅིན་ལི”ཞེས་པ་སོགས་རྩི་ཤིང་ལས་བླངས་ཤིང་ཚན་རིག་ལས་སྣོན་བྱས་པའི“མར་གསར་པ”མང་པོ་ཁྲོམ་རའི་ནང་དུ་མཐོང་རྒྱུ་ཡོད་ཀྱང་བོད་ཡུལ་གདོད་མའི་དུས་ནས་དར་བའི་འབྲི་མར་གྱི་འགྲན་ཟླ་བྱེད་ཐུབ་ཅིག་ག་ན་ཡོད།དེར་བརྟེན་བོད་མིའི་ཟས་ཀྱི་དྭངས་མ་མར་གྱི་རིག་གནས་ལ་སྔར་དང་མི་འདྲ་བའི་འགྱུར་ལྡོག་ཆེན་པོ་ཕྱིན་མེད། བོད་མིའི་རྒྱུན་ལྡན་འཚོ་བའི་ཁྲོད་མར་ནི་མེད་དུ་མི་རུང་བ་ཞིག་རེད།ང་ཚོ་ཚང་མས་མཁྱེན་གསལ་ལྟར་མར་ཇའམ་དཀྲུག་ཇ།ཡང་ན་ཇ་སྲུབ་མ་ནི་སྙན་གྲགས་ཤིན་ཏུ་ཆེ་བའི་བོད་ཀྱི་བཏུང་བྱ་མཆོག་ཏུ་གྱུར་བ་ཞིག་རེད།དེ་ནི་མཚོ་བོད་མཐོ་སྒང་གི་གནམ་གཤིས་དང་འཚམས་པའི་བཏུང་བྱ་ཞིག་རེད།བོད་ཀྱི་འཚོ་བ་ལ་ཆ་རྒྱུས་དེ་ཙམ་མེད་པའི་མི་མང་པོ་ཞིག་གིས་བོད་ཅེས་པའི་ཐ་སྙད་ཐོས་མ་ཐག བརྗིད་ཆགས་ཀྱི་ཕོ་བྲང་པོ་ཏྰ་ལ་ཡིད་ལ་འཆར་བ་བཞིན་ཇ་སྲུབ་མ་ཡང་ཡིད་ལ་ཤར་ངེས་ཡིན།དོན་དངོས་ཐོག་ཇ་སྲུབ་མ་ཙམ་མ་ཡིན་པར་བོད་རིགས་ཀྱི་འཚོ་བའི་ཁྲོད་མར་གྱི་སྤྱོད་སྒོ་ཧ་ཅང་མང་ཞིང་དེ་དག་ལ་རྒྱུན་རིང་འཚོ་བའི་ལག་ལེན་དངོས་ཀྱི་ནང་ནས་ཉམས་མྱོང་གསོག་འཇོག་བྱས་ནས།ཡུལ་ལུང་སོ་སོའི་གནམ་གཤིས་དྲོ་གྲང་།འཚོ་བའི་ཁྱད་ཆོས་ལྟར་ལུགས་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱེད་ཀྱི་ཡོད།   

གཅིག རྩམ་པ་དང་མར།
རྩམ་པ་ཡང་བོད་ཡུལ་ཡོངས་ལ་གནའ་སྔ་མོ་ནས་དར་ཞིང་མེད་དུ་མི་རུང་བའི་འབྲུ་རིགས་ཀྱི་བྱེ་བྲག་ཅིག་རེད།འབྲོག་ཁུལ་དུ་མར་མེད་པའི་རྩམ་སྐྱ་ཟ་སྲོལ་མེད།(དབུལ་པོ་ཡིན་ན་དེ་ལྟ་བུའི་མཐུན་རྐྱེན་ལ་འཛོམས)དེ་ལྟར་རྩམ་པ་དང་མར་གཉིས་ནི་ཉ་དང་ཆུ་བཞིན་ཁ་བྲལ་ཐབས་མེད་པ་ཞིག་རེད།དེ་དག་ཟ་སྟངས་རིགས་མི་འདྲ་བར་མིང་ཡང་མི་འདྲ་ལ།ཟ་མཁན་གྱི་གནས་བབ་ཡང་མི་འདྲའོ།    ༡ རྩམ་པ་འགམ།རྩམ་འགམ་ཞེས་པ་ནི་དཀར་ཡོལ་གྱི་ནང་དུ་རྩམ་པ་ཕྱེ་མར་ལྟ་བུ་སྤུངས་པའི་སྟེང་དུ་ཐུད(མར་དང་།ཕྱུར་བ།བྱེ་མ་ཀར།བུ་རམ་མཉམ་དུ་བསྲེས་ནས་སྲབ་མཐུག་སོར་གསུམ་ཙམ་དང་དབྱིབས་གྲུ་བཞི་བཟོས་པའི་ཁར།ད་དུང་གྲོ་མའི་ཕྱེ་ཞིབ་ཀྱི་ནང་དུ་མར་བསྲེས་པ་སྲབ་མཐུག་སོར་གང་ཙམ་ཡོད་པའི་རྩ་ཆེའི་ཟས་རིགས་ཤིག་གོ)ཞིབ་བླུགས་པའམ།ཡང་ན་ཕྱུར་ཞིབ་བླུགས་པ་དང་འབྲི་མར་དཀར་པོའམ་སེར་པོ་ལྷེབ་མ་མང་པོ་བཞག་པ་ཞིག་ལ་ཟེར།དེ་ནི་ཁྱིམ་དུ་མགྲོན་པོ་རྩ་ཆེན་ནམ་བཟོ་པ་གདན་འདྲེན་ཞུ་བ་དང་།ཡང་ན་བླ་སྤྲུལ་སོགས་ཕེབས་ཚེ་མར་ཇ་སྲུབ་མ་དང་ལྷན་དུ་དངོས་གཞིའི་གསོལ་སྟོན་གོང་གི་སྣེ་ལེན་བྱེད་སྟངས་ཤིག་རེད།ཁྱིམ་གྱི་བཟའ་དཔོན་ནམ་ཡང་ན་བུ་སོགས་ཕྱི་རུ་ཚྭ་པ་དང་ཚོང་པ་ལྟ་བུ་བྱེས་པ་ཕྱིར་གཞིས་ལ་འཁོར་ཏེ་གདན་ལ་འཁོད་པ་དང་མར་ཇ་སྲུབ་མ་དང་ལྷན་དུ་རྩམ་འགམ་གྱི་སྣེ་ལེན་བྱེད་ཀྱི་ཡོད།    ༢ པག་སྐྱོ།པག་སྐྱོ་ལ་བྱང་འབྲོག་ས་ཁུལ་དུ་ཐ་སྙད་མི་འདྲ་བ་འགའ་ཤས་ཡོད་པ་སྟེ་ཇ་ཁྲུལ།རྡོས་ཐལ།ལྡན་འབྱར་བཅས་དོན་གཅིག་མིང་གི་རྣམ་གྲངས་གསུམ་ཡོད་པ་ལ་རྣམ་པ་ཡང་མི་འདྲ་བ་གཉིས་ཏེ།གཅིག་ནི།ཕོར་པའི་ནང་དུ་རྩམ་པ་འོས་འཚམས་ཤིག་བླུགས་པའི་ནང་དུ་ཕྱུར་བ་ཕྲན་བུ་བླུགས་ཏེ་སྟེང་འོག་འདྲེས་པ་ཞིག་སྦོལ་རྗེས།ལྡེབས་ཞལ་དུ་བཅག་རྗེས་དེ་ཡི་སྟེང་དུ་མར་རྡོག་པོ་བཞག་པ་ལ་མར་ཇའམ་ཇ་ཐང་བླུགས་ཏེ་ཁེམ་བུ་ཡིས་ལྡག་གི་ཡོད།སྔ་མོ་འཚོ་བའི་ཡོལ་གོ་ཤིན་ཏུ་དཀོན་པའི་དུས་ལྕེ་ཡིས་ལྡག་པ་དང་།འགའ་ཤས་ཀྱིས་ལྡག་མཛུབ་ཀྱིས་ལྡག་གི་ཡོད།གཞན་ཞིག་ནི།ཐོག་མར་ཕོར་པའི་ནང་དུ་ཕྱུར་བ་ཉུང་ཙམ་དང་མར་རྡོག་པོའི་སྟེང་དུ་མར་ཇའམ་ཡང་ན་ཇ་ཐང་མང་ཙམ་བླུགས་པའི་སྟེང་དུ་རྩམ་པ་འོས་འཚམས་ཤིག་བླུགས་ནས་ཁེམ་བུའམ་ཡང་ན་ལྡག་མཛུབ་ཀྱིས་ཡང་ཡང་དཀྲུགས་ནས་སྐྱོ་མར་གྱུར་ནས་ལྡག་པ་ལ་ལུང་པ་འགའ་ཤས་སུ་སྦྲ་ཆར་སྐྱོ་མ་ཡང་ཟེར། པག་སྐྱོ་ནི་སྐྱེ་བོ་རྒན་དར་གཞོན་གསུམ་དང་སྐྱེས་པ་སྐྱེས་མ་ཀུན་གྱིས་དགའ་པོ་བྱེད་པའི་ཞོགས་ཟས་ཡིན་ལ།གནམ་གཤིས་གྲང་ངར་ཆེ་བའི་སྐབས་ཧ་ཅང་སྟབས་བདེ་བའི་ཟས་རིགས་ཤིག་ཀྱང་རེད།གང་ལགས་ཞེ་ན་རྩམ་ཟ་བ་དང་ལྷན་དུ་ཇ་ཡང་བཏུངས་པས་ལྟོགས་སྐོམ་གཉིས་ཀྱི་གདུང་བ་སེལ་ཐུབ་པས་དགེ་མཚན་ལྡན་པས་སོ།།   པག་སྐྱོ་ལ་ཡང་མར་ཕྱུར་བླུག་པའི་མར་སྐྱོ།དར་བའི་ཁུ་བ་བྱས་པའི་དར་སྐྱོ།འོ་མའི་ཁུ་བ་བྱས་པའི་སྐྱོ་གསུམ་ལས་དར་བའི་ཁུ་བ་བྱས་པའི་དར་སྐྱོ་ནི་སྤྱིར་བཏང་འབྲོག་མིས་རྒྱུན་ཟས་ཡིན་པས་གཏམ་དཔེར་ཡང་ནམ་དུས་ནམ་དུས་ཟ་མ།ཇིང་གིར་རྒྱལ་པོའི་དར་སྐྱོ་ཟེར་སྲོལ་ཡོད།འོ་སྐྱོ་ནི་ཕྲུ་གུས་དབྱར་དུས་སྐབས་འགར་ལྡག་པའི་སྐྱོ་མ་ཡིན།
༣ པག་པག་ནི་བོད་ཡུལ་ཀུན་ཏུ་དར་ཁྱབ་ཆེ་ལ་ཧ་ཅང་སྟབས་བདེ་ལ་ཟས་བཅུད་ཆེ་བའི་ཟ་སྲོལ་ཞིག་རེད།ཐོག་མར་ཕོར་པའི་ནང་དུ་མར་ཕྱུར་རན་ཙམ་བླུགས་པའི་སྟེང་དུ་པག་ཁུ་ཞེས་མར་ཇ་ཕྲན་བུ་བླུགས་པའི་སྟེང་དུ་རྩམ་པ་བླུགས་ནས་ཡག་པོ་ཞིག་བརྫིས་ནས་ཟ་བ་ཡིན།ཆ་རྐྱེན་ཡོད་པའི་མི་ཡིན་ན་པག་ཕོར“སྒོག་ཕོར་”ཞེས་པ་ཤིང་གི་ཕོར་པ་ཁ་གཅོད་རང་འགྲིག་ཅན་ཞིག་དགོས།དེའི་རྒྱུ་མཚན་ན་སྒོག་ཕོར་གྱི་ཁ་རུབ་རུབ་ཡིན་པས་རེད།པག་རྫི་ས་སྒོག་ཕོར་མེད་ན་ཡང་ངེས་པར་དུ་ཕོར་པའི་ཁ་སྤང་རྒྱན་ཁ་ལྟ་བུ་མ་ཡིན་པར་ཁ་རུབ་རུབ་ཅན་གྱི་ཕོར་པ་དགོས།པག་བརྫི་པ་ལ་ཇི་ལྟར་བརྫི་པའི་མན་ངག་ཡོད་དེ།དང་པོ་སྡོང་ཏིས་གཙགས་གཙགས།གཉིས་པ་འ་ལ་འ་བསྐོར།གསུམ་པ་ཧབ་རྫི་ཧོབ་བརྫི།དེའི་གོ་དོན་ནི་པག་ཕོར་གྱི་ནང་དུ་མར་ཕྱུར་དང་རྩམ་པ་བླུགས་ཟིན་རྗེས་ཐོག་མར་འབྲོག་ཁུལ་གྱི་བྱིའུ་སྡོང་ཏིས་ཞེས་པ་དེས་སྦྲ་གུར་དང་གྱང་སོགས་ལ་མཆུ་ཡིས་གཚགས་ལ་ལྟར་ལྡག་མཛུབ་ཀྱིས་གང་སར་གཙགས་དགོས་པ་དང་།དེ་ནས་རྩམ་པའི་མཐའ་ནས་བསྐོར་བ་ཁ་ཤས་བསྐོར་ཏེ་མར་ཕྱུར་དང་།རྩམ་པ།པག་ཁུ་སྟེང་འོག་འདྲེས་པ་ཞིག་བྱས་རྗེས་གཞི་ནས་བརྫི་དགོས་ཞེས་པའི་དོན་ཡིན་ནོ།   མར་གྱི་པག་ལ་ཡང་ཁུ་བ་དང་རྫས་སྦྱོར་མི་འདྲ་བའི་ཐོག་ནས་བྲོ་བ་དང་ཐ་སྙད་མི་འདྲ་བ་གཉིས་ཡོད་དེ།གཅིག་ནི་གོང་དུ་བཤད་ཟིན་པ་དེ་ཡིན་ཞིང་དེའི་མིང་ལ་མར་པག་གམ་ཡང་ན་སྤུ་ལུ་ཟེར།མངར་དད་ཆེ་བའི་མི་འགས་མར་པག་གམ་སྤུ་ལུ་ཡི་ནང་དུ་ད་དུང་བྱེ་མ་ཀ་ར་ཡང་བླུགས་སྲོལ་ཡོད།བྱང་འབྲོག་གི་གཏམ་དཔེ་ལས་“དགོས་རྒྱུ་པག་ལ་པག་ཁུ་དར་བ”ཟེར་སྲོལ་ཡོད།   བོད་ཡུལ་དུ་པག་རྫི་བའི་སྣོད་ཡག་ཤོས་ནི་ཐང་ཁུག་ཅེས་པ་དེ་རེད།དེ་ནི་པག་རྫི་སྟབས་བདེ་བ།ཕར་ཚུར་ཁྱེར་དགོས་ན་སྟབས་བདེ་བའི་ཁྱད་ཆོས་ལྡན།   ༤ པག་བཙོས། པག་བཙོས་ཞེས་པ་ནི་བཙོ་སྣོད་ཀྱི་ནང་དུ་ཆུ་རན་ཙམ་གྱི་ནང་དུ་མར་མང་ཙམ་དང་ཕྱུར་བ་འོས་འཚམས་ཀྱི་སྟེང་དུ་རྩམ་པ་བླུགས་ནས་ཡུན་རིང་ཙམ་བཙོ་དགོས་པ་ཡིན།པག་བཙོས་བཙོ་སྟངས་གཞན་ཞིག་ནི་བཙོ་སྣོད་ཀྱི་ནང་དུ་ཆུ་མང་ཙམ་གྱི་ནང་དུ་མར་མང་ཙམ་དང་ཕྱུར་བ་འོས་འཚམས་ཀྱི་སྟེང་དུ་རྩམ་པ་བླུགས་ནས་ཡུན་རིང་པོ་བཙོས་ནས་ཆུ་ཐིགས་པ་ཙམ་མེད་ཕ་མར་ཁུ་རྐྱང་པ་རྩམ་པའི་ནང་དུ་སིམ་པ་ཞིག་ཡིན།པག་བཙོས་ཞེས་པ་དེ་ནི་གཟུགས་སྟོབས་ཞན་པའི་ནད་པའི་གཟུགས་གཞི་གསོ་བའི་ཡུལ་ཐབས་ཁྱད་པར་བ་ཞིག་ཡིན།  ༥ མར་ལྡག མར་ལྡག་ནི་འབྲོག་ཕྲུག་རྣམས་ཀྱིས་བེའུ་དང་ཡ་རུ་སོགས་འཚོ་སྐྱོང་ཡག་པོ་བྱས་པ་ལ།རང་གི་ཁྱིམ་ཚང་དང་གཉེན་ཉེ་སོགས་ཀྱིས་རྔན་པ་ལ་མར་རིལ་བྱ་དེའི་སྒོ་ང་ཙམ་རེ་སྤྲོད་སྲོལ་ཡོད།(མར་རིལ་ནི་དངོས་པོའི་དཔལ་ཡོན་མ་དར་པའི་སྐབས་ཕྲུ་གུར་སྟེར་བའི་རྔན་པ་ལེགས་ཤོས་ཤིག་ཡིན)འབྲོག་ཕྲུག་ཁར་ཉན་གོ་ཆོད་དེ་དག་གིས་རང་གི་ཁྱིམ་ཚང་དང་གཉེན་ཉེ་སོགས་ཀྱིས་སྤྲད་པའི་རྔན་པ་མར་རིལ་དེ་དག་ཕལ་ཆེ་བ་བསགས་ནས་རང་གི་ཕ་ཁུ་སོགས་ཞིང་འབྲོག་བརྗེ་ཚོང་སྐབས་བསྐུར་ནས་ཞིང་ཁུལ་ནས་ཁམ་བུ་དང་།ཉུང་མ།བྱེ་རིལ་སོགས་དང་བརྗེ་བ་དང་།དགུན་དུས་མར་རིལ་དེ་དག་ལ་ཟ་ཐུར་གྱི་རིང་ཐུང་ཙམ་གྱི་གཡུག་པ་ཡི་ཡུ་བ་སྤྲད་དེ་མེ་ཡི་ནང་དུ་ཅུང་ཟད་བསྲོས་རྗེས་རྩམ་པ་དང་ཕྱུར་བ་བསྲེས་པའི་ནང་དུ་ཨ་ལོག་རྒྱབ་སྟེ་ལྡག་སྲོལ་ཡོད།(མི་སོ་སོའི་དགའ་ཕྱོགས་དང་མཐུན་རྐྱེན་འཛོམས་ཚེ་འགའ་ཤས་ཀྱིས་བྱེ་མ་ཀ་ར་ཡང་མཉམ་དུ་བསྲེ་ཡི་ཡོད)དེ་ལྟར་ཡང་སྐོར་བསྐྱར་སྐོར་མེ་ཡི་ནང་དུ་སྲོ་བཞིན་རྩམ་ཕྱུར་གྱི་ནང་དུ་ཨ་ལོག་བརྒྱབ་ནས་ཡང་ཡང་ལྡག་སྟེ་མང་རིལ་ཆུང་ངུར་གྱུར་རྗེས།མེ་ཡི་ནང་དུ་ལྷུང་དོགས་ཀྱིས་ད་རེས་ཀྱི་རྩམ་ཕྱུར་གྱི་ནང་དུ་བླུགས་ནས་པག་ཆུང་ཞིག་བརྫིས་ནས་ཟ་བར་བྱེད་དོ།མར་ལྡག་ནི་ཅུང་ཟད་རྒྱས་སྤྲོས་ཀྱི་ལོངས་སྤྱོད་ཅིག་ཡིན་པས་མི་རྒན་པའི་ནང་དུ་མར་ལྡག་ལྡག་མཁན་ཧ་ཅང་ཉུང་ཉུང་ཡིན།  ༦ ཕྱེ་མར།ཕྱེ་མར་ཞེས་པའི་ཐ་སྙད་དེ།དབུས་གཙང་གི་ཁ་སྐད་དང་།དེང་སང་གི་སྐད་ལྟར་ན།དེ་ནི་ལོ་སར་གྱི་སྐབས་སུ་འབོ་ཡི་ནང་དུ་བླུགས་པའི་རྩམ་པ་ལ་གོ་ཡང་།བྱང་འབྲོག་གི་སྐད་ལྟར་ན་རྩམ་པ།མར་དང་།ཕྱུར་བ།བྱེ་མ་ཀ་ར།བུ་རམ་མཉམ་དུ་བརྫིས་པ་ལ་ཕྱེ་མར་ཟེར་ཞིང་དེ་ནི་ཧ་ཅང་བཀྲ་ཤིས་པའི་ཟས་རིགས་ཤིག་ལ་བརྩི་སྲོལ་ཡོད།  བཀྲ་ཤིས་པའི་ཟས་རིགས་ཕྱེ་མར་ཞེས་པ་དེ་དུས་རྟག་ཏུ་ཟ་བའི་ལུགས་སྲོལ་མེད་པར་འབྲོག་ལས་ཐོན་སྐྱེད་དང་འབྲེལ་བ་ཤིན་ཏུ་ཆེ་བ་ཞིག་རེད།དེ་ནི་ཕྱུག་རིགས་འཚོ་སྐྱོང་།དཀར་ཆུ་ལས་སྣོན།རུ་བ་སྐྱ་སྤོས།ལུག་བལ་འབྲེག་པ་སོགས་རྒྱུན་ལྡན་གྱི་འབྲོག་ལས་མིན་པར་དུས་ཚིགས་རང་བཞིན་གྱི་དམིགས་བསལ་གྱི་འབྲོག་ལས་བྱེད་སྒོའི་ནང་དུ་སྔ་མོ་ནས་དར་བའི་ལུགས་སྲོལ་ཞིག་སྟེ།བྱང་འབྲོག་ཁུལ་གྱི་དམངས་ཁྲོད་སྒྲུང་གཏམ་མང་པོའི་ནང་“ཕྱེ་མར་ཐང་ཁུག་གང་དང་ལུག་ཤ་ལག་ཡ་གཅིག”ཅེས་པ་ནི་ཧ་ཅང་བཀྲ་ཤིས་པའི་ཟས་རིགས་ཤིག་ཡིན་ཚུལ་བརྗོད་ཡོད།   དཔྱིད་དུས་འབྲུག་སྐད་ཐོག་མར་གོ་བའི་ཉིན་དེར་ཟ་བ་ལ་“འབྲུག་གྲགས་ཕྱེ་མར”ཟེར།འབྲུག་སྐད་ཐོག་མར་གོ་བའི་སྐབས་འབྲོག་མི་རྣམས་ཀྱིས་འབྲི་གཡག་གི་གདང་འཕྱར་འཕྱར་གཡུག་གཡུག་བྱེད་དེ་དབྱར་ཚེས་ཞེས་དབྱར་ཆར་ཆུ་ཡག་པོ་ཡོང་བའི་ཁ་གཡང་སྒྲོགས་པ་དང་།ཁྱིམ་མཚེས་ཕན་ཚུན་ཤོད་རེས་བྱེད་པ་དང་།བགྲེས་སོང་རྣམས་ཀྱིས་ཡུན་རིང་གི་ཉམས་མྱོང་ལྟར་འབྲུག་སྐད་ཀྱི་ཆེ་ཆུང་དང་གྲགས་སྔ་ཕྱི་ཡིས་འདི་ལོའི་དབྱར་ཁའི་ཆར་ཆུ་མང་ཉུང་དང་ལོ་བཟང་ངན་ལ་ཚོད་དཔག་བྱེད་ཀྱི་ཡོད།ཉིན་དེར་ཁྱིམ་ཚང་སོ་སོས་གྲོ་མ་མར་ཁུ།བག་ཚ་མར་ཁུ།གྲོ་མ་འབྲས་སིལ་སོགས་ཀྱི་གསོལ་སྟོན་སྟབས་བདེ་རོལ་ཡོད་པ་དེ་ལ་འབྲུག་གྲགས་ཕྱེ་མར་ཟེར།   བེའུ་ཆུང་ཕྱེ་མར”དེ་ནི་ཧོར་ཟླ་གཉིས་པ།གསུམ་པ།བཞི་པའི་ནང་ནི་འབྲོག་ཁུལ་དུ་བེའུ་སྐྱེ་བའི་དུས་ཚོད་ཡིན།ཉིན་རེར་སྐྱེས་པའི་བེའུ་ཡི་བདག་པོ་ཚང་ནས་འབྲི་རྫི་བྱིས་པ་ལོ་བཅུ་ཁ་ལྷག་བྱས་པ་དེ་ལ་མར་རིལ་གྱི་རྔན་པ་སྟེར་བ་ལ“བེའུ་ཆུང་ཕྱེ་མར”ཟེར།དཔེར་ན་བྱིས་པ་ཞིག་གིས་འབྲི་བརྒྱ་འཚོ་སྐྱོང་བྱེད་ཅིང་འབྲི་བརྒྱ་ལ་བེའུ་བརྒྱ་སྐྱེས་པ་ཡིན་ན་འབྲི་རྫི་བྱིས་པ་དེ་ལ་མར་རིལ་བརྒྱ་ཡི་རྔན་པ་ཡོད།    བེའུ་ཆུང་ཕྱེ་མར”དེ་ནི་འབྲོག་ཁུལ་དུ་ཧོར་ཟླ་བདུན་པའི་ནང་ལུག་གི་བལ་འབྲེག་པའི་དུས་ཚོད་ཡིན།བལ་འབྲེག་རྒྱུ་དེ་ནི་དཀའ་ཚེགས་ཆེ་ཞིང་འགྲན་རྩོད་ཀྱི་རང་བཞིན་ལྡན་པ་དང་།འཁྲུག་ཆ་ཆེ་བའི་ལུས་པོའི་ངལ་རྩོལ་ཞིག་རེད།    བལ་འབྲེག་པའི་ཉིན་ཤས་དེའི་རིང་ཕོ་མོ་རྒན་གཞོན་ཚང་མས་ལག་ཏུ་ཕོ་མོ་རྒན་གཞོན་ཚང་མས་ལག་ཏུ་བལ་གྲི་བཟུང་ཞིང་བལ་གླུ་ལེན་གྱིན་ལུག་བལ་འབྲེག་དགོས།དཀའ་ཚེགས་ཆེ་བའི་བལ་འབྲེག་མཇུག་འགྲིལ་རྗེས་བལ་ལུག་ཅེས་ལུག་ཤ་གཟན་གཅིག་བཤའ་བ་དང་།ལས་མི་ཡོངས་ཞོ་དང་ཐུད།ཕྱེ་མར་བཅས་ཀྱི་སྲོལ་སྟོན་ལ་རོལ་གྱི་ཡོད།  གོང་གསལ་གྱི“ཕྱེ་མར”དེ་གསུམ་ནི་འབྲོག་ལས་མི་རིགས་ཀྱི་འབྲོག་ལས་ཐོན་སྐྱེད་དང་འབྲེལ་བ་ཤིན་ཏུ་ཟབ་པའི་དམིགས་བསལ་གྱི་དམངས་སྲོལ་ཞིག་རེད།ལྡོག་ཏུ་མེད་པའི་ལོ་རྒྱུས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་བསྟུན་དེང་དུས་“འབྲུག་གྲགས་ཕྱེ་མར”སྐབས་གྲོ་མ་མར་ཁུ་དང་བག་ཚ་མར་ཁུ་སོགས་ཟ་བ་དང་།“བེའུ་ཆུང་ཕྱེ་མར”ལ་མར་རིལ་སྤྲོད་པ་ནས་དེང་དུས་གྱོན་ཆས་དང་ཡང་ན་དངུལ་སོགས་སྤྲོད་པའི་ལུགས་སུ་འགྱུར་བ་དང་།“བལ་འབྲེག་ཕྱེ་མར”སྐབས་ལུག་ཤ་གཟན་བཤས་ཏེ་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ལས་“ཕྱེ་མར”ཞེས་པའི་ཐ་སྙད་ལས་སྔ་མོའི་ལུགས་ལྟར་ན་དེ་དག་ཚང་མ་རྩམ་པ་དང་མར་ཕྱུར་མཉམ་དུ་བསྲེས་པའི་“ཕྱེ་མར”གྱི་གསོལ་སྟོན་ཡིན་པ་ཤེས་ཐུབ།    གཞན་ཡང་མར་རྡོག་གཅིག་ཁའི་ནང་བླུགས་པ་དང་མཉམ་དུ་རྩམ་པ་ཁྱེམ་གང་འགམ་ན་ཁ་ཕྱེ་མར་ཟེར་ཞིང་དེ་ནི་ཧ་ཅང་སྟབས་བདེ་བའི་ཕྱེ་མར་ཡིན། གཞན་ཡང་བོད་ཡུལ་ས་ཕྱོགས་གང་སར།གནའ་སྔ་མོ་ནས་དར་ཞིང་དུས་ད་ལྟའང་མི་དམངས་ཀྱིས་དགའ་བོ་བྱེད་པའི་བཀྲ་ཤིས་པའི་ཟས་རིགས་གྲོ་མ་དང་མར་ཟུང་དུ་འབྲེལ་བའི་གྲོ་མ་མར་ཁུ།མར་དང་།གྲོ་མར།འབྲས་གསུམ་གྱི་ཕུང་གསུམ་གྲོ་མ་འབྲས་སིལ་གསུམ་ནི་དམིགས་བསལ་གྱི་ཁྱད་ཆོས་མ་ལྡན་པས་ཆེད་དུ་ཞུ་དགོས་མེད།གོང་དུ་ཞུས་པ་དེ་དག་ཚང་མ་ནི་དམར་གྱི་དྲི་མ་ཙམ་མེད་པའི་དཀར་ཟས་ཤ་སྟག་ཡིན།
 གཉིས།དམར་དང་མར།  དམར་དང་མར་གཉིས་ནི་མེ་དང་ཆུ་བཞིན་ཤིན་ཏུ་ནས་མཐུན་ཐབས་མེད་པ་ལྟ་བུ་ཡིན་ཡང་།ང་ཚོ་བྱང་འབྲོག་གི་འཚོ་བའི་གྲུབ་ཆའི་ནང་མར་དང་དམར་གཉིས་རྩ་བ་ནས་མཐུན་ཐབས་མེད་པ་ཞིག་མ་ཡིན་ནོ།
༡ མར་བསྲེགས་ཤ་བག་ལེབ།མར་བསྲེགས་ཤ་བག་ལེབ་ཅེས་པ་དེ་ནི།དེ་སྔ་འབྲོག་ཁུལ་དུ་ཞིང་ཁུལ་གྱི་ཐོན་རྫས་ཤིན་ཏུ་དབུལ་བའི་སྐབས།མར་གྱིས་ཟ་སྣུམ་གྱི་ཚབ་བྱེད་དགོས་པས་ཤ་བག་ལེབ་བསྲེགས་སྐབས་མར་བཞུས་ཏེ་དེ་ཡི་ནང་དུ་ཤ་བག་ལེབ་བསྲེགས་པ་ལ་ཟེར།མར་བསྲེགས་ཤ་བག་ལེབ་དེང་སྐབས་ལྷ་སའི་གནས་བབས་ཅུང་མཐོ་བའི་བོད་ཟས་ཁང་གི་ནང་དུ་འཚོང་གི་ཡོད་ཀྱང་དེ་དག་འབྲོག་མར་ལྷད་མེད་ཅིག་ག་ནས་ཡིན།    ༢ མར་བསྲེགས་ཤ་རྔོས།མར་བསྲེགས་ཤ་རྔོས་ཡང་མར་བསྲེགས་ཤ་བག་ལེབ་དང་འདྲ་བ་འབྲི་གཡག་གི་ཤ་རྐྱང་ཞིབ་མོ་ཞིག་བཏུབས་རྗེས་ཚྭ་དང་།སྒོག་བཙོང་།སུར་པན་སོགས་དགོས་ངེས་ཀྱི་རྫས་སྦྱོར་བྱས་ཏེ་མར་ཁུ་ཡི་ནང་དུ་བརྔོས་རྗེས་པག་དང་མཉམ་དུ་ཟ་བ་ལ་ཟེར།  ༣ མར་དང་ཁྲག་ཤ།ཁྲག་ཤ་ཞེས་པ་དེ་ནི་འབྲོག་ཁུལ་དུ་བོད་ཟླ་བཞི་པ་ཕྱུགས་རིགས་ཀྱིས་རྩྭ་གསར་ཐོག་མར་ཟ་བའི་སྐབས།འབྲི་གཡག་གི་མཇིང་པའི་འཕར་རྩ་ལས་བླངས་པའི་ཟུངས་ཁྲག་ལ་ཚྭ་རན་པོ་རྒྱབ་རྗེས་ཆུ་གྲང་མོ་ཉུང་ཙམ་བསྲེས་ནས་ཅུང་ཟད་བཞག་ན།ཁྲག་རང་བཞིན་གྱིས་ཞོ་ལྟར་ཆགས་པ་ལ་ཁྲག་ཤ་ཟེར།ཞོ་ལྟར་ཆགས་པའི་ཁྲག་ཤ་གྲི་ཡིས་གྲུ་བཞིར་གཏུབས་ནས་ཆུ་ཡི་ནང་དུ་བཙོས་རྗེས།ཞོ་དང་མཉམ་དུ་ཟ་བ་ལ་ཁྲག་ཞོ་དང་།མར་དང་མཉམ་དུ་ཟ་བ་ལ་ཁྲག་མར་ཟེར།    གསུམ།ཆོས་ལུགས་སྒྱུ་རྩལ་ཁྲོད་སྤྱོད་པའི་མར།    མི་རྣམས་ཀྱིས་རྒྱུན་ལྡན་གྱི་འཚོ་བའི་ནང་མར་གྱི་སྤྱོད་སྒོ་ནི་ཁ་ཟས་ཙམ་ལས་གཞན་གྱི་སྤྱོད་སྒོ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།དོན་དངོས་ཐོག་མར་ནི་ཁ་རུ་ཟ་བ་ཙམ་མ་ཟད།ཆོས་ལུགས་ཀྱི་བྱེད་སྒོའི་ནང་དུ་ཡང་སྤྱོད་སྒོ་ཤིན་ཏུ་ཆེ་བ་མ་ཟད།ཐ་ན་དགོན་སྡེའི་ནང་མར་གྱི་སྤྱོད་སྒོ་ནི་རྒྱུན་ལྡན་བོད་ཁྱིམ་ཕལ་བ་ལྟ་ཅི།བོད་ཁྱིམ་འབྱོར་བ་ཅན་གྱིས་ཀྱང་འགྲན་ཟླ་བྱེད་ཐབས་མེད་པ་ཞིག་རེད།
༡ མཆོད་མེ།མཆོད་མེ་ནི་བོད་ཁྱིམ་ཅི་འདྲ་ཞིག་ཡིན་ཡང་ཧ་ཅང་ཆ་རྒྱུས་ཆེ་བའི་དམངས་ཁྲོད་ཀྱི་ཆོས་ལུགས་དད་མོས་མཚོན་ཚུལ་ཞིག་ཡིན་པ་མ་ཟད།ཕོ་བྲང་།དགོན་སྡེ།ལྷ་ཁང་།རི་ཁྲོད་སོགས་ཆོས་ལུགས་ཀྱི་བྱེད་སྒོའི་ལྟེ་གནས་གང་སར་མཐོང་རྒྱུ་ཡོད་པ་ཞིག་རེད།དེ་ནི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་རང་མོས་ཀྱིས་ཕུལ་བའི་མར་(དེང་སྐབས་སྐྱེ་དངོས་ཀྱི་རྩི་བཅུད་ལས་བླངས་པའི་མར་ཡང་ཡོད)ཀྱི་མཆོད་མེ་དེ་དག་ཐོག་མར་གློག་གི་བྱེད་ལས་མ་དར་གོང་གི་སྔ་མོའི་དུས་ཀྱི་སྒྲོན་མེ་ཞིག་ཡིན་པ་ལས།ཕྱིས་སུ་ཆོས་ལུགས་ཀྱི་དད་མོས་མཚོན་བྱེད་དུ་གྱུར་ཏེ།བོད་མི་འབྱོར་བ་ལྡན་པ་རྣམས་ཀྱིས་གསེར་རམ་དངུལ་གྱི་མཆོད་ཀོང་ཆེན་པོ་མང་པོའི་ནང་དུ་རྒྱུན་དུ་ཆད་མེད་ཀྱིས་མཆོད་མེ་འབུལ་བ་དང་།བོད་མི་དབུལ་ཕོངས་རྣམས་ཀྱིས།རང་གི་ཇ་ཕོར་གྱི་ནང་དུ་སྣུམ་ཞག་ཉ་མིག་ཙམ་མེད་པས་ནམ་ཉིན་ལྟོས་མེད་ཀྱིས་མར་མེ་སྤར་རྒྱུ་མི་རྙེད་ཀྱང་།ཐབས་བརྒྱ་ཇུས་སྟོང་གིས་མཚན་མོ་ལྷ་སྐུའི་མདུན་དུ་མར་མེ་ཀོང་ཆུང་གང་རེ་སྤར་ཏེ་རང་གི་དད་སེམས་མཚོན་པར་བྱེད་ཀྱི་ཡོད།ཕོ་བྲང་།དགོན་སྡེ།ལྷ་ཁང་།རི་ཁྲོད་སོགས་ཆོས་ལུགས་ཀྱི་བྱེད་སྒོའི་ལྟེ་གནས་ཀྱིས་ཕུལ་བའི་མཆོད་མེ་ནི་གྲངས་ཀ་མང་པ།མཆོད་ཀོང་ཆེན་པོའི་ནང་དུ་སྦར་ནས་དུས་ཚོད་སྐར་ཆ་ཙམ་ཡང་རྒྱུན་ཆད་མེད་པར་འབུལ་བ་དང་།དད་ལྡན་མི་སེར་གྱིས་རྐྱེན་ངན་ལྡོག་པའམ་གཤིན་པོའི་ཆོས་སྐལ་དུ་སྟོང་མཆོད་དང་ཁྲི་མཆོད་ཅེས་དུས་ཚོད་ངེས་ཅན་གྱི་ནང་དུ་མཆོད་མེ་སྟོང་དང་ཡང་ན་ཁྲི་འབུལ་བའི་ལུགས་སྲོལ་ཡོད།
༢ མར་རྒྱན།སྡེ་ཚོ་དང་ཁྱིམ་ཚང་གཉེན་འཁོར་གྱིས་བླ་གྲྭ་གདན་འདྲེན་ཞུས་ནས་སྤྱི་རིམ་སྒྲུབ་པ།དགོན་ཆོས་སྡེ།གྲོགས་སྐྱིད་སྡུག་གི་ཚེས་བཟང་དུས་བཟང་གི་ཆོས་ལུགས་བྱེད་སྒོ་སྤེལ་བ།མི་ཤི་རྐྱེན་ཆགས་བྱུང་སྐབས་དང་།བཀྲ་ཤིས་གཉེན་སྟོན་སོགས་རྟེན་འབྲེལ་མཛད་སྒོའི་སྐབས་བླ་གྲྭ་གདན་འདྲེན་ཞུས་ནས་ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེ་ཆུང་འདྲ་མིན་སྤེལ་ཚེ།སྐབས་དོན་དགོས་ངེས་ཀྱི་ཚོགས།ཞལ་ཟས།གཏོར་མ་སོགས་ཀྱི་རྒྱན་དང་།བོད་ཀྱི་ལོ་སར་ལ་མེད་དུ་མི་རུང་བའི་བཀྲ་ཤིས་ལོ་ལེགས་དང་རྟེན་འབྲེལ་མཚོན་པའི་ཕྱེ་མར་གྱི་རྩེ་སྒྲོའི་རྒྱན།སྒྲིག་གཤོམ་གྱི་དངོས་རྫས་ལོ་མགོ(ལུག་གི་མགོ)ཡི་རྒྱན་ཚང་མ་མར་དང་ཟས་ཚོན་དང་མཉམ་དུ་བསྲེས་པའི་རྣམ་པར་བཀྲ་བའི་མར་ཚོན་ཡིན།ལྷག་པར་དུ་ངོ་མཚར་ལྡན་པའི་མར་ཚོན་གྱི་སྒྱུ་རྩལ་གཙོ་ཆེ་ཤོས་ནི།རི་བོ་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་པ།གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པས་གསར་གཏོད་མཛད་པའི་ལོ་རེའི་དུས་རེའི་ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་པའི་ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེན་པོ་དེ་མཇུག་འགྲིལ་གྱི་མཛད་སྒོ་ཚེས་བཅོ་ལྔའི་དགོང་མོའི་བཅོ་ལྔ་མཆོད་པ་ཞེས་པ་དེ་རེད།དེ་ནི་གཞི་རྒྱ་ཆེ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཆེན་པོ་ཞིག་ཡིན་པ་མ་ཟད།སྲིད་ན་འགྲན་ཟླ་བྲལ་བའི་མར་ཚོན་སྒྱུ་རྩལ་གྱི་འགྲེམ་སྟོན་ཆེན་པོ་ཞིག་ཀྱང་རེད།མར་ཚོན་གྱི་རྒྱན་རིས་དེ་དག་གཙོ་བོ་ནི་རྒན་བཀུར་ཆུང་གཅེས་ཀྱི་ཡ་རབས་སྤྱོད་བཟང་དང་།གཅིག་ཕན་གཅིག་རོགས།མི་དང་རི་སྐྱེས་སྲོག་ཆགས་ཕན་ཚུན་གཅིག་གིས་གཅིག་ལ་འཚེ་བ་མེད་པར་འཆམ་མཐུན་བདེ་གནས་སོགས་མི་ཆོས་དང་ལྷ་ཆོས་གཉིས་ཀའི་ནང་དོན་ལྡན་པའི་སངས་རྒྱས་ཀྱི་སྐུ་སྣ་ཚོགས།བཀྲ་ཤིས་རྟགས་བརྒྱད།ཚེ་རིང་རྣམ་དྲུག མཐུན་པ་སྤུན་བཞི།མཆོད་པའི་ལྷ་མོ་སོགས་མང་པོ་ཡོད།འབག་བཙོག་དང་བྲལ་པའི་རང་བྱུང་ཁམས་ཀྱི་ཡིད་དུ་འོང་བའི་སྤང་ལྗོངས་ཀྱི་སྟེང་དུ་དལ་གྱིས་རྒྱུ་བའི་ཆུ་ཕྲན།རྡོ་རྗེའི་མཁར་རྫོང་ལྟ་བུའི་བྲག་རི།གཡུར་དུ་ཟ་བའི་འབྲས་བུའི་ཁུར་གྱིས་ལྕི་བའི་འབྲས་ཤིང་གི་སྡོང་པོ་སོགས་ཕྱིའི་སྣོད་དང་།ནང་བཅུད་མི་དང་།ཤྭ་བ།ལྷ་བྱ་ཁྲུང་ཁྲུང་ཕན་ཚུན་འཆམ་མཐུན་མཛའ་གྲོགས་ཀྱི་ཚུལ་དུ་གནས་པའི་རི་མོ་ཚེ་རིང་རྣམ་དྲུག རྒན་བཀུར་ཆུང་གཅེས་ཀྱི་ཡ་རབས་སྤྱོད་བཟང་མཚོན་པའི་མཐུན་པ་སྤུན་བཞི་ལྟ་བུ་གསོན་ཉམས་དོད་བའི་མར་ཚོན་དེ་དག་གིས་དེང་རབས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་།རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཚོན་པའི་མར་ཚོན་རི་མོ་འདི་ལྟ་བུ་འཛམ་གླིང་མཐོ་སྒང་གི་ཡུལ་དུ་གནས་པའི་བོད་མི་རིགས་ལ་མ་གཏོགས་འབྲོག་ལས་མི་རིགས་གཞན་ལ་ཡོད་མི་སྲིད་པའི་དམིགས་བསལ་གྱི་སྒྱུ་རྩལ་གྱི་ཁྱད་ཆོས་ཤིག་རེད།      བཞི།མར་གྱི་སྤྱོད་སྒོ་གཞན།    མར་ནི་སྤྲི་དཀར་ཕུན་སུམ་ཚོགས་ལ་ཟས་བཅུད་ཆེ་བའི་ཟས་མཆོག་ཅིག་ཡིན་པས་སྔ་མོ་དངོས་པོའི་ཆ་རྐྱེན་དབུལ་བའི་སྐབས།མར་ནི་ངོ་གདོང་ལ་བྱུག་པའི་ཤ་གསོས།ལག་པ་ལ་བྱུག་པའི་ལག་སྣུམ་ཡིན།མར་རྙིང་ནི་ཀོ་བ་མཉེད་པའི་སྐབས་བྱུག་ན་ཀོ་བ་མཉེད་སླ་བ།འབྲི་གཡག་ལ་རྔོ་ཞེས་པའི་སྤགས་ནད་བྱུང་ཚེ་མར་རྙིང་བྱུང་ན་ ལྤགས་ནད་དྲག་སྐྱེད་ཡོད་པ།འབྲོག་ཁུལ་དུ་བུད་མེད་ཕྲུ་གུ་བཙས་རྗེས་ལུས་ཕུང་གསོ་བའི་ཆེད་དུ་ཟས་རིགས་གཞན་མ་ཟོས་གོང་མར་ཁུ་ཕོར་པ་གང་འཐུང་སྲོལ་ཡོད་པ་བཅས་མར་གྱི་སྤྱོད་སྒོ་རྒྱ་ཆེ་བ་གཞན་ཡང་མང་པོ་ཡོད་འདུག་གོ།།

 

39.7K

རྩོམ་ཡིག་སྔོན་མ།
省政协十二届四次会议闭幕
རྩོམ་ཡིག་རྗེས་མ།
༄༅།།ཟླ་བའི་ཆུ་མིག

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1