གཙོ་ངོས།>> གནས་མཇལ།>>དགོན་སྡེ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༢ཚེས་༠༡ཉིན།

༄༅།།ཁྲ་འབྲུག་གཙུག་ལག་ཁང་།

 ཁྲ་འབྲུག་གཙུག་ལག་ཁང་།

   ཁྲ་འབྲུག་ནི་གཙུག་ལག་ཁང་གི་མིང་སྟེ། སྔོན་དུས་བཙན་པོ་སྲོང་བཙན་སྒམ་པོས་ལྷ་ས་གཙུག་ལག་ཁང་མ་བཞེངས་གོང་དུ་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཅུ་བདུན་བཞེངས་པའི་ནང་གི་སྔ་ཤོས་འདི་ཡིན། དེང་སང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཁོངས་རྩེད་ཐང་གྲོང་ཚོའི་ཤར་ལྷོའི་མཚམས་རྐང་ཐང་གིས་ཆུ་ཚོད་གཉིས་མ་ཟིན་ཙམ་སོང་བའི་ཐང་དཀྱིལ་དུ་ཡོད། ལྷ་ཁང་འདིར་ཁྲ་འབྲུག་ཅེས་ཐོགས་པའི་རྒྱུ་མཚན《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་མ་སྟོད་ཆའི་ཤོག་གྲངས༢༢༧ནས༢༣༠བར་གསལ་ཞིང༌། ལྷ་ཁང་འདིའི་དབུས་ཀྱི་གཙང་ཁང་དབུས་མ་ཀ་བཞི་མའི་ནང་སྔོན་དུས་སུ་རྟེན་གཙོ་གསང་འདུས་འཇམ་དཔལ་རྡོ་རྗེ་དང་རྣམ་སྣང་གཡས་སུ་འོད་དཔག་མེད། གཡོན་དུ་མི་བསྐྱོད་པ་སོགས་བཅུ་གསུམ། རིན་འབྱུང་དང་དོན་གྲུབ་གཉིས་གོང་པོ་རི་ནང་བཞུགས་པའི་ཚབ་ཏུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ལི་མ་ལས་བཞེངས་གནང་མཛད་པ་རིན་འབྱུང་དང་དོན་གྲུབ་གཉིས། ལི་ཡུལ་ནས་གདན་དྲངས་ཤིང་སྲོང་བཙན་སྒམ་པོར་གསུང་བྱོན་པར་གྲགས་པའི་སྒྲོལ་མ་ཞལ་ཟས་མ་བཅས་དང༌། གཙང་ཁང་གི་གཡས་སུ་ཡོད་པའི་དཀོར་མཛོད་ནང་བཙན་པོའི་སྐབས་བཞེངས་པར་གྲགས་པའི་སྲོང་བཙན་དང་རྒྱ་བལ་བཙུན་མོ་གཉིས། མགར་སྟོང་བཙན། ཐུ་མི་སམ་བྷོ་ཊ་བཅས་མི་ཚད་ཙམ་རེ་དང༌། ཕྱིས་སུ་གསར་བཞེངས་ལྷ་སྐུ་ཁ་ཤས། དཀོར་མཛོད་གཡོན་ཆོས་རྒྱལ་སྲོང་བཙན་གྱི་གསོལ་ཐབ་ཏུ་གྲགས་པར། སྤྱན་རས་གཟིགས་འགྲོ་འདུལ་དང༌། ཛམ་བྷ་ལ། ཡུམ་ཡི་གེ་དྲུག་མ། སྲས་དང་སྲས་མོའི་སྐུ། ཕྱི་ཁྱམས་སུ་ཐུ་མི་སམ་བྷོ་ཊས་གསེར་བྲེ་བདུན་གྱིས་བྲིས་གནང་མཛད་པའི་མ་ཎི་ཡིག་དྲུག་ཨོཾ་ལ་རིང་ཆ་ཡོད་ཅིང༌། ཡིག་འབྲུ་རེར་རིང་ཚད་མཐོ་གང་ཙམ་ཡོད་པ་སོགས་གནའ་རབས་ཀྱི་རིག་དངོས་རྩ་ཆེན་ཤིན་ཏུ་མང༌ངོ་།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1