གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

འཆི་མེད་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༡༨ཉིན།

༄༅།།བོད་ཀྱི་གནའ་བོའི་སྒྱུར་གཞུང་སྒྲ་སྦྱོར་བམ་པོ་གཉིས་པའི་ལོ་རྒྱུས་ཀྱི་དོན་སྙིང་སྐོར་ལ་རགས་ཙམ་གླེང་བ།


འཆི་མེད་ཚེ་རིང་།
གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་གནའ་བོའི་སྒྱུར་གཞུང་སྒྲ་སྦྱོར་བམ་པོ་གཉིས་པ་གཏན་ལ་ཕབ་པ་དེས་སྐབས་དེའི་སམ་བོད་ཡིག་སྒྱུར་གཞུང་ལུགས་ལ་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་མ་ཟད། ཕྱིས་བོད་ཀྱི་རྒྱ་བོད་ཡིག་སྒྱུར་གྱི་ལག་ལེན་དངོས་ཀྱི་ནང་ལའང་བྱེད་ནུས་ཆེན་པོ་ཐོན་ཚུལ་སྐོར་གླེང་འདུག 
གནད་ཚིག སྒྱུར་གཞུང་། སྒྲ་སྦྱོར་བམ་པོ་གཉིས་པ། ལོ་རྒྱུས་ཀྱི་དོན་སྙིང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1005-5746(2019)04-174-09
དང་པོ། སྒྲ་སྦྱོར་བམ་པོ་གཉིས་པ་གཏན་ལ་འབེབས་པའི་དགོས་པ་དང་དེས་སམ་བོད་ཡིག་སྒྱུར་ལ་ཐོན་པའི་ནུས་པ།
        གཅིག སྒྲ་སྦྱོར་བམ་པོ་གཉིས་པ་གཏན་ལ་འབེབས་པའི་དགོས་པ།
        སྤྱིར་མཐོ་བོད་ཀྱི་ཡུལ་ཁམས་འདིར་འགྲོ་བ་མིའི་རིགས་བྱུང་བ་དང་དུས་མཉམ་དུ་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་སྐད་བརྡ་ཞིག་སྤྱོད་འགོ་ཚུགས་པ་ཡིན་ལ། ཐོག་མའི་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུའི་དུས་སྐབས་ནས་སྤུ་རྒྱལ་གྱི་གདུང་རབས་གནམ་གྱི་ཁྲི་བདུན་ལ་ཐུག་གི་བར་བོད་ཀྱི་སྤྱི་ཚོགས་རིམ་བཞིན་ཤེས་རིག་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་བ་མ་ཟད། ཞིང་འབྲོག་ལས་སོགས་ཐོན་སྐྱེད་ཀྱི་ལག་རྩལ་དེ་བཞིན་རྒྱ་ཆེར་དར་རྒྱས་བྱུང་ཐོག་གཡུང་དྲུང་བོན་གྱི་བསྟན་པ་དར་ཁྱབ་དང་ལྷན་དུ་གསོ་དཔྱད་སྨན་དང་རྩིས་སོགས་ཀྱི་རིག་གནས་ཀྱི་རྣམ་གྲངས་ཀྱང་མང་པོ་ཞིག་དར་བ་སྟེ། དཔེར་ན། དུས་སྐབས་དེའི་རིང་ཞང་བོད་ཡིག་སྒྱུར་དར་ཁྱབ་ཆེན་པོ་བྱུང་ཐོག་ཞང་བོད་སྒྲ་སྐད་བསྒྱུར་བའི་མཁས་པ་མི་དགུའི་ཡ་གྱལ་བོད་ཀྱི་མཁས་པ་ཤ་རི་དབུ་ཅན་གྱིས་《ཤ་རིའི་སྒྲ་འགྲེལ》ཞེས་བྱ་བ་ཞང་བོད་སྐད་གཉིས་བསྒྱུར་ཐབས་བསྟན་པའི་ཡིག་སྒྱུར་གྱི་གཞུང་ལུགས་ཤིག་ཀྱང་མཛད་པར་གྲགས་སོ། །
        བཙན་པོ་སྲོང་བཙན་སྒམ་པོ་ནས་བཟུང་བོད་དུ་ནང་པ་སངས་རྒྱས་ཀྱི་བསྟན་པ་དར་བའི་འགོ་ཚུགས་ཤིང་། ནང་ཆོས་བོད་བསྒྱུར་གྱི་སྒོ་མོ་ཕྱེས་ཏེ་དེ་རྗེས་ཀྱི་རྒྱལ་རབས་རིམ་བྱུང་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་རྒྱ་མཚོ་ལྟ་བུ་བོད་སྐད་ལ་བསྒྱུར་བ་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ནང་བསྟན་ཆོས་ལུགས་ཤིན་ཏུ་དར་ཁྱབ་ཆེན་པོ་བྱུང་ཞིང་། རྒྱལ་བའི་བསྟན་པ་དར་བའི་རྩེ་མོར་སླེབས་ཐོག་སངས་རྒྱས་ཀྱི་གསུང་རབ་རྒྱ་གར་དུ་ཇི་ཙམ་ཡོད་པ་ཚང་མ་བོད་བསྒྱུར་བྱས་པ་སྟེ། 《སྦ་བཞེད》ལས། “དེ་ཚེ་ནུས་པ་ཡོད་པ་ཀུན་གྱིས་རྒྱ་དཔེ་རྙེད་ཚད་བསྒྱུར།”ཞེས་འཁོད་པ་ལྟར་སྐབས་དེའི་དུས་སུ་འགྱུར་གྱི་གྲངས་འབོར་ཤིན་ཏུ་མང་པོ་ཡོད་པ་མ་ཟད། ལོ་ཙཱ་བ་རབ་འབྲིང་ངམ་མཁས་མིན་ཀུན་གྱིས་ཀུན་སློང་བཟང་པོས་རྒྱ་དཔེ་མཐོང་ཚད་བསྒྱུར་བའི་རྐྱེན་གྱིས་སྐབས་དེའི་འགྱུར་གྱི་སྤུས་ཚད་ལ་དེ་ཙམ་གྱི་འགན་ལེན་མེད་པ་གསལ་བཤད་ཐུབ། ལྷག་པར་དུ་བརྡ་ཆད་ཐད་ལ་ལོ་ཙཱ་བའི་དབང་གིས་བརྡ་གསར་རྙིང་གི་ཁྱད་པར་བྱུང་བ་དང་། ལེགས་སྦྱར་གྱི་སྒྲ་འགའ་ཞིག་རེ་འགའ་བོད་སྐད་དུ་བསྒྱུར་ལ་རེ་འགའ་མ་བསྒྱུར་བར་རྒྱ་གར་གྱི་རང་སྐད་དུ་བཞག་པ། འགའ་ཞིག་ཡུལ་ཐ་དད་ཀྱི་སྐད་ཀྱི་ལུགས་སུ་བསྒྱུར་བས་ཡུལ་ཕན་ཚུན་དུ་མ་གྲགས་པ་བསྒྱུར་བས་གོ་དཀའ་བ་སོགས་བརྡ་ཆད་གཅིག་གྱུར་མ་བྱུང་བ་མགོ་རྙོག་ཟང་ཟིང་ཅན་གྱི་རྣམ་པ་ཞིག་ཆགས་ཡོད་སྟབས། བཙན་པོ་ཁྲི་སྲོང་གི་སྐུ་ཚེའི་སྨད་ཙམ་དུ་བཙན་པོ་རང་གིས་བཀས་བསྐུལ་ལྟར་རྒྱ་བོད་ཀྱི་ལོ་པཎ་མཁས་པར་གྲགས་པ་རྣམས་ལྷན་འཛོམས་ཀྱིས་སྔ་འགྱུར་མདོ་རྒྱུད་ཀྱི་གཞུང་གི་ཆོས་ཀྱི་ཐ་སྙད་རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་བ་རྣམས་སམ་བོད་སྐད་གཉིས་ཤན་སྦྱར་གྱིས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་སམ་བོད་ཡིག་སྒྱུར་གྱི་ཚིག་མཛོད་ཐོག་མ་《སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ》ཞེས་པ་གཏན་ལ་ཕབ་པ་ཡིན། 《བྱེ་བྲག་རྟོགས་བྱེད་ཆེན་མོ》ནང་སམ་བོད་ཡིག་སྒྱུར་སྤྱི་ལ་ཕན་པའི་བྱེ་བྲག་གི་ཐ་སྙད་རེ་རེ་བཞིན་སམ་བོད་སྐད་གཉིས་ཤན་སྦྱར་གྱིས་གཏན་ལ་ཕབ་ཡོད་ན་ཡང་། སྐབས་དེར་ལོ་ཙཱ་བའི་དབང་གིས་ཐ་སྙད་གཅིག་གྱུར་མེད་པའི་གནད་དོན་རྣམས་དེ་མ་ཐག་ཏུ་གཅིག་གྱུར་གྱི་ནུས་པ་ཞིག་ཐོན་མི་སྲིད་ཀྱང་། དུས་ཕྱིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར། ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་ཐམས་ཅད་ཀྱི་ལྷོགས་(ཀློགས)ཤིང་གོ་ཐུབ་པ་ཡིན་ཞེས་གསུངས་པ་ལྟར། དེ་ལྟ་བུའི་བོད་ཀྱི་བརྡ་སྐད་གཅིག་གྱུར་བྱུང་བའི་རྨང་གཞི་གཙོ་བོ་ནི་སྔ་མོའི་《བྱེ་བྲག་རྟོགས་བྱེད་ཆེན་མོའི》ཕན་ནུས་ཡིན་པ་བསྙོན་དུ་མེད།
        ཡབ་ཁྲི་སྲོང་ལྡེ་བཙན་གྱི་རིང་དུ་སམ་བོད་ཡིག་སྒྱུར་ལ་ཉེ་བར་མཁོ་བའི་《སྒྲ་བྱེ་བྲག་རྟོགས་བྱེད་ཆེནམོ》གཏན་ལ་ཕབ་ཅིང་བཀས་བཅད་དུ་བྱས་ནའང་ཡིག་སྒྱུར་སྤྱི་ལ་མཛུབ་ཁྲིད་ཀྱི་ནུས་པ་ཐོན་པའི་སྒྲ་བསྒྱུར་གྱི་རིག་པའི་གཞུང་ལུགས་ཤིག་མེད་རྐྱེན། བསྒྱུར་བའི་ཆོས་རྣམས་ལས་གཞུང་དང་མི་མཐུན་པ་དང་། སྒྲའི་ལུགས་དང་འགལ་བ་ཁག་ཅིག་ཡོད་པ་མ་ཟད། གཏན་ལ་ཕབ་ཟིན་གྱི་མིང་བརྡ་རྣམས་ལ་གཏན་ཚིགས་ཀྱི་སྒོ་ནས་རྒྱས་བཤད་མ་བྱུང་སྟབས་བརྡ་ཆད་སྣ་རིགས་སྤུ་རིགས་སུ་བེད་སྤྱོད་བྱེད་པའི་རྣམ་པ་སྔར་བཞིན་ལྷག་ཡོད། དགོས་པ་དེར་བརྟེན་ནས་ལྷ་སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བཙན་པོ་སྲོང་བཙན་སྒམ་པོ་ནས་ཆོས་ཀྱི་གཞུང་རྣམས་བོད་སྐད་དུ་བསྒྱུར་འགོ་ཚུགས་ཚུན་གྱི་ལོ་ངོ་བརྒྱ་ཕྲག་འགའི་རིང་ལ་ཆོས་བསྒྱུར་བའི་ཉམས་མྱོང་དང་བསླབ་བྱ་གཞིར་བཞག་པ་དང་། ཡབ་ཁྲི་སྲོང་ལྡེ་བཙན་གྱི་བཀས་བཅད་པའི་རྨང་གཞིའི་ཐོག་སྐབས་དེའི་རྒྱ་བོད་ཀྱི་ལོ་པཎ་མཁས་གྲུབ་རྣམས་དང་། རྒྱལ་པོའི་བཀའ་ཆེན་པོར་གཏོགས་པའི་བློན་ཆེན་རྣམས་ཀྱང་ཚོགས་ཏེ་དམ་པའི་ཆོས་བསྒྱུར་བའི་ལུགས་དང་། ཐབས་ཤེས། དེ་བཞིན་རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ། བཀས་བཅད་ལ་རྒྱལ་ཁྲིམས་ཀྱི་འགན་ལེན་ཐུབ་པའི་ཁྲིམས་ཡིག་གི་རང་བཞིན་ཅན་དུ་བཀོད་ཡོད་པ་དེ་ནི་ལོ་རྒྱུས་ཐོག་ཏུ་གྲགས་ཆེ་བའི་བོད་ཀྱི་ཡིག་སྒྱུར་གྱི་རིག་པའི་གཞུང་ལུགས་སྒྲ་སྦྱོར་བམ་པོ་གཉིས་པ་ཞེས་སུ་གྲགས་པ་དེ་ཡིན།
        གཉིས། སམ་བོད་ཡིག་སྒྱུར་ལ་ཐོན་པའི་ནུས་པ།
        ཡིག་སྒྱུར་གྱི་གཞུང་ལུགས་སྒྲ་སྦྱོར་བམ་པོ་གཉིས་པ་དེ་ཉིད་གཏན་ལ་ཕབ་པ་དེས་སྐབས་དེའི་སམ་བོད་ཀྱི་ལོ་ཙཱ་བ་རྣམས་ལ་གཞི་འཛིན་ས་དང་ཁུངས་གཏུགས་སའི་རིག་པའི་གཞུང་ལུགས་ཤིག་བྱུང་ཡོད་པ་མ་ཟད། ལྷག་དོན་གཞུང་ལུགས་དེ་ཉིད་དུ་“སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུའང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས་བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ན་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲྭར་མིང་འཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལ་ཇི་སྐད་དུ་འགྱུར་བའི་གཏན་ཚིགས་དང་ཆོས་ལ་ཇི་སྐད་དུ་གདགས་པར་དཔྱོད་དོ། །ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །”ཞེས་དང་“ཕྱིན་ཆད་གཟུངས་སྔགས་དང་རྒྱུད་བླ་ནས་བཀའ་སྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་པ་སྔགས་ཀྱི་རྒྱུད་དང་སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་། །”ཞེས་བསྒྱུར་རུང་བ་མདོ་ཕྱོགས་ཀྱི་མིང་དང་བླ་ནས་བཀའ་བསྩལ་བ་མ་གཏོགས་བསྒྱུར་དུ་མི་རུང་། གསང་སྔགས་ཀྱི་རྒྱུད་དང་མིང་གསར་འདོགས་པའི་རིམ་པ་སོགས་ཕྲ་ཞིབ་འཐུས་ཚང་དུ་བཀའ་ཁྲིམས་ཀྱིས་བཅད་པར་བརྟེན། སྐབས་དེའི་རིང་ལ་བསྒྱུར་བའི་བསྟན་བཅོས་ཀྱི་ཐ་སྙད་རྣམས་སྔ་ན་མེད་པའི་གཅིག་གྱུར་གྱི་རྣམ་པ་གསར་པ་ཞིག་བྱུང་ཡོད་པ་རེད། ཡང་གཞུང་དེ་ཉིད་དུ་མདོ་ཕྱོགས་ཀྱི་ཆོས་ཀྱི་ཐ་སྙད་གོ་དཀའ་བའི་རིགས་ཏེ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་དང་། དེ་བཞིན་གཤེགས་པ་སོ་སོའི་མཚན་མི་མཉམ་པ་དང་མཉམ་པའི་ཕུང་པོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སོགས་བསྡོམས་པས་བརྡ་ཆད་བཞི་བརྒྱ་ལྷག་གི་སོ་སོའི་སྐད་དོད་དང་སྒྱུར་ཚུལ། དེ་དག་གི་མཚན་ཉིད་སྒྲ་བཤད་དང་བཅས་པ་རྒྱ་བོད་སྐད་གཉིས་ཤན་སྦྱར་གྱི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད་སྟབས་བསྒྱུར་བའི་གྲྭ་སོ་སོའི་ལོ་ཙཱ་བ་རྣམས་ལ་ཁུངས་གཏུགས་སའི་ཚད་གཞི་དང་འཆད་པའི་གྲྭ་སོ་སོའི་སློབ་དཔོན་རྣམས་ལའང་ཁུངས་གཏུགས་སའི་ཚད་གཞི་ཞིག་བྱུང་སྟེ། བསྒྱུར་བའི་སྤུས་ཚད་དང་གྲངས་ཚད་ཇེ་མཐོ་དང་ཇེ་མང་དུ་འགྲོ་བར་བགྲོད་ལམ་གསར་པ་ཞིག་ཕྱེས་པ་དང་འབྲེལ། ཕྱིས་འབྱུང་བོད་ཀྱི་ཡིག་སྒྱུར་བྱ་བ་དེ་ཚད་ལྡན་ཅན་གྱི་ལམ་བུར་བསྐྱོད་རྒྱུར་སྐུལ་འདེད་ཀྱི་ནུས་པ་དམིགས་བསལ་ཅན་ཞིག་ཐོན་ཡོད་པ་རེད།
        དེ་ནས་བོད་བཙན་པོའི་གདུང་རབས་ཁ་ཐོར་ཡ་བྲལ་དུ་ཕྱིན་པའི་སིལ་བུའི་དུས་སྐབས་ཀྱི་ལོ་ངོ་ཉིས་བརྒྱ་ལྷག་ཙམ་གྱི་རིང་ལ་བོད་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གནས་སོགས་གང་ཅིའི་ཐད་ལ་ཟླ་བ་མར་ངོའི་དཔེ་ལྟར་གྱུར་བའི་རྐྱེན་གྱིས་དར་ཞིང་རྒྱས་པའི་སངས་རྒྱས་ཆོས་ལུགས་ལའང་དུས་ངན་གྱིས་རྐྱེན་པས་ཉམས་རྒུད་ཆེན་པོ་ཞིག་བྱུང་ཡོད་པས། སྐབས་དེའི་རིང་དུ་ལོ་ཙཱའི་བྱ་བར་ཐོབ་པའི་འབྲས་བུ་དམིགས་བསལ་ཅན་དེ་ཙམ་མངོན་རྒྱུ་མེད་ནའང་སྒྲ་སྦྱོར་བམ་པོ་གཉིས་པའི་བསྒྱུར་གཞུང་གི་བསམ་བློའི་རྨང་གཞི་བརྟན་པོ་ཞིག་རང་རིགས་ཀྱི་མཁས་དབང་རིམ་བྱོན་གྱི་ཐུགས་དབུས་སུ་མི་མངོན་པའི་ཚུལ་དུ་གནས་ཡོད་པ་ནི་ལོ་རྒྱུས་དཔྱད་ཡིག་ཁག་གིས་ར་སྤྲོད་ཐུབ་པ་ཡིན་ཏེ། དེ་ཡང་དུས་རབས་བཅུ་གཉིས་པའི་སྨད་ཙམ་དུ་བྱོན་པའི་གངས་ཅན་མཁས་པའི་གཙུག་རྒྱན་ས་པཎ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཉིད་ཀྱིས་མཁས་པ་རྣམས་འཇུག་པའི་སྒོ་དང་། སྡོམ་གསུམ་རབ་དབྱེ། སྒྲ་ཉེ་བར་བསྡུས་པ་སོགས་བསྟན་བཅོས་དུ་མ་མཛད་དེ་སྔ་འགྱུར་རྣམས་ལ་ཡོད་པའི་སྐྱོན་ཏེ《མཁས་འཇུག》ལས། “བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །འགའ་ཞིག་འགྱུར་གྱི་བྱེ་བྲག་དང་། །ཡུལ་སྐད་དག་ནི་བསྒྲིབས་པ་ཡོད། །འགའ་ཞིག་རྣམ་གྲངས་ནོར་བ་དང་། །ལ་ལས་ས་མཚམས་འཆུགས་པ་དང་། །ལ་ལ་མུན་སྤྲུལ་གྱིས་བསླད་པས། །ལོག་པར་བསྒྱུར་བ་གོ་བ་དཀའ། །སམ་སྐྲི་ཏའི་རྣམ་གྲངས་ཀྱི་སྒྲ། །ལ་ལ་སྔོན་རབས་ལས་བྱུང་བའི། །གཏམ་རྒྱུད་ལེགས་པར་མི་ཤེས་པས། །མིང་གི་རྒྱུ་མཚན་མ་རྟོགས་ནས། །ལོག་པར་ བསྒྱུར་བ་ཅུང་ཟད་མཐོང་། །”[1]ཞེས་གསུངས་པ་དེ་དག་རེ་རེ་ལ་དཔེར་བརྗོད་དང་བཅས་པའི་སྒོ་ནས་རྒྱས་བཤད་བྱས་ཏེ་མཛུབ་མོ་རི་སྟོན་གྱི་སྒོ་ནས་སྐྱོན་བརྗོད་དང་ཞུ་དག་མཛད། ཡང་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་པར་ལས་འཕྲོས་ཏེ་བསྒྱུར་ཐབས་ཀྱི་ཁྱད་པར་གསལ་བཤད་བྱས་ཡོད་དེ《མཁས་འཇུག》ལས། “འགའ་ཞིག་བོད་ལ་གོ་བདེའི་ཕྱིར། །ལེགས་པར་སྦྱར་ལ་མེད་ན་ཡང་། །ཅུང་ཟད་ལྷག་པར་བསྒྱུར་བ་ཡོད། །དེ་ལ་མཁས་པས་བཤད་མི་དགོས། །འགའ་ཞིག་དོགས་པ་བཟློག་པའི་ཕྱིར། །རྣམ་གྲངས་ཟློས་པར་བཤད་ན་ཡང་། །དེ་དག་སྐྱོན་དུ་མི་བཟུང་སྟེ། །དགོས་པ་མཐོང་ནས་བཤད་ཕྱིར་རོ། །འགའ་ཞིག་གུས་པ་སྐྱེད་པའི་ཕྱིར། །བཟླས་པའི་ཚིག་དོན་སྦྱོར་བར་བྱེད། །”[2]ཅེས་སྒྱུར་ཐབས་དུ་མ་གཞུང་ལུགས་ཀྱི་སྟེང་ནས་ཚུགས་ཐུབ་པར་བསྟན་ཏེ་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཚགས་ཇེ་ཞིབ་དང་འཐུས་ཇེ་ཚང་དུ་བཏང་ནས་བོད་ཀྱི་ཡིག་སྒྱུར་བྱ་གཞག་ལ་མཛད་རྗེས་བླ་ན་མ་མཆིས་པ་ཞིག་བཞག་ཡོད། མཁས་དབང་འདིའི་ཐུན་མོང་མ་ཡིན་པའི་ཡིག་སྒྱུར་གྱི་གཞུང་ལུགས་ནང་། སྒྲ་སྦྱོར་བམ་པོ་གཉིས་པའི་བསྒྱུར་གཞུང་གི་མན་ངག་བསྡུས་ཡོད་པ་མ་ཟད། འགྱུར་གྱི་དཔྱད་བརྗོད་དེའང་སྒྲ་སྦྱོར་བམ་པོ་གཉིས་པའི་བསྒྱུར་ཐབས་ལ་གསལ་བཤད་ཀྱི་སྒོ་ནས་ཁ་གསབ་བྱས་པའི་རྣམ་པ་ཞིག་མཐོང་རྒྱུ་ཡོད་པ་སྟེ། ཁོང་གིས“བོད་བརྡ་མི་ཤེས་པ་དག་གིས་རིན་པོ་ཆེ་དང་མེ་ཏོག་དང་ཤིང་དང་། རི་དྭགས་དང་། གོས་དང་། སྲོག་ཆགས་ཀྱི་བྱེ་བྲག་ལ་སོགས་པའི་མིང་གང་ཡིན་ཞེས་དོགས་པ་སྐྱེ་བས། དེ་གཅོད་པའི་དོན་དུ་རིན་པོ་ཆེ་དང་མེ་ཏོག་དང་། ཤིང་ལ་སོགས་པ་བསྣན་པའོ། །དེ་བཞིན་དུ་ཡེ་ཤེས་དང་། ཕྱག་རྒྱ་དང་། གོ་རིམ་ལ་སོགས་པ་ལ་རྒྱ་གར་ན་ཡེ་དང་། ཕྱག་དང་། གོ་ལ་སོགས་པའི་སྒྲ་མེད་ཀྱང་བོད་ལ་ཚིག་སྦྱོར་བ་བདེ་བའི་དོན་དུ་བསྣན་ནས་བསྒྱུར་བ་དང་། རྒྱ་གར་ལ་ཞེ་སའི་སྒྲ་དང་ཕལ་པའི་སྒྲ་ཕལ་ཆེར་ཁྱད་མེད་ཀྱང་སངས་རྒྱས་ཀྱིས་གཞན་ལ་སྨྲས་པ་ལ་བཀའ་སྩལ། གཞན་གྱིས་སངས་རྒྱས་ལ་ཞུ་བ་ལ་གསོལ་བ། མཉམ་པོ་ཕན་ཚུན་འདྲི་བ་ལ་སྨྲས་པ་ཞེས་བྱ་བར་བསྒྱུར། དེ་བཞིན་དུ་ཞེ་ས་དང་ཞེ་ས་མ་ཡིན་པའི་ཚིག་ཐམས་ཅད་བོད་ཀྱི་ཚིག་བཟང་ངན་ལ་གོ་བདེ་བར་སྒྱུར་ཅིག་ཅེས་སྐད་གསར་བཅད་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །” [3]ཞེས་པ་དེ་ནི་སྒྲ་སྦྱོར་བམ་པོ་གཉིས་པ་ལས། “ཡུལ་དང་སེམས་ཅན་དང་མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་འོལ་ཕྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ནི་མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག །”[4]ཅེས་དང་། “སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་ལ་ཞེ་ས་དང་རྐོ་ལོང་གི་ཚིག་གི་རིམ་པ་ནི་སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར་བ། གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱ་སྟེ་སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་ཚོགས་པས་དར་མ་འཕགས་པ་དཀོན་མཆོག་སྤྲིན་དང་འཕགས་པ་ལང་ཀར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་དུ་བསྒྱུར་ཅིག །”[5]ཅེས་པའི་གཞུང་དོན་འདིའི་འགྲེལ་པ་རྣམ་དག་ཅིག་མ་ཡིན་ནམ། དེས་ན་ཁ་ཅིག་གིས་ས་པཎ་གྱིས་གསུངས་པའི་ཡིག་སྒྱུར་གྱི་ཚད་གཞི་སོགས་ནི་སྒྲ་སྦྱོར་བམ་པོ་གཉིས་པ་ལས་བསྟན་པའི་ཚད་གཞི་དང་ཅུང་ཟད་མི་མཐུན་པའི་རང་ལུགས་ཐུན་མོང་མ་ཡིན་པ་ཞིག་དང་བོད་ཀྱི་ལོ་རྒྱུས་སྟེང་ཐད་སྒྱུར་གཙོ་བོར་འཛིན་པའི་ལྟ་བ་ཡོད་ཚུལ་གསུངས་འདུག་ཀྱང་། ཁོ་བོའི་ངོས་འཛིན་ལྟར་ན་ས་པཎ་གྱིས་ཡིག་སྒྱུར་སྐོར་ལ་མཁས་འཇུག་ཏུ་དཔེར་བརྗོད་དང་བཅས་པ་གསལ་པོར་བསྟན་འདུག་པ་དེ་ནི་སྒྲ་སྦྱོར་བམ་པོ་གཉིས་པའི་ནང་དུ་འཁོད་པའི་ཡིག་སྒྱུར་གྱི་གཞུང་ལུགས་ཚིག་ཉུང་ཞིང་དོན་བསྡུས་པའི་ལག་ལེན་དངོས་ནང་གི་འགྱུར་དཔེ་དང་ཟུང་འབྲེལ་བྱས་ནས་སྔར་ལས་གཏིང་ཟབ་ཅིང་གོ་བདེ་བ་དང་། ཁ་གསལ་བའི་སྒོ་ནས་རྒྱས་བཤད་དང་ཁ་གསབ་བྱས་པ་ཞིག་ཏུ་མངོན་པས་གང་ལྟར་སྒྲ་སྦྱོར་བམ་པོ་གཉིས་པའི་རིག་གཞུང་གི་རྨང་གཞི་དེ་མེད་ན་ས་པཎ་གྱི་ཡིག་སྒྱུར་གྱི་དགོངས་འགྲེལ་དེ་འདྲ་བ་ཞིག་ཀྱང་ཡོང་ཐབས་མེད་དོ། དེ་རྗེས་དུས་རབས་འགའ་ཞིག་གི་ནང་དུ་བྱུང་བའི་ཤོང་དཔང་ཡབ་སྲས་དང་ཞྭ་ལུ་ཆོས་སྐྱོང་བཟང་པོ་ལ་སོགས་མཁས་དབང་རྣམས་ཀྱིས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ཏུ་ལོ་ཙཱའི་གཞུང་ལུགས་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཡོད་ཀྱང་དུས་ངན་འཁྲུག་ལོང་གི་རྐྱེན་པས་དེ་རིགས་ཀྱི་དཔེ་རྒྱུན་ཤིན་ཏུ་དཀོན་པས་ཡིད་ཆེས་ཀྱི་ངེས་པ་འདྲེན་པའི་དཔྱད་ཡིག་གང་ཡང་མཁོ་འདོན་བྱེད་པར་མ་ནུས་སོ། །
གཉིས་པ། སྒྲ་སྦྱོར་བམ་པོ་གཉིས་པས་བོད་སོག་ཡིག་སྒྱུར་དང་རྒྱ་བོད་ཡིག་སྒྱུར་ལ་ཐོན་པའི་ནུས་པ།
        དུས་རབས་བཅོ་བརྒྱད་པའི་དུས་སྟོད་ལ་སྐུ་འཁྲུངས་པའི་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་གོང་མ་ཆན་ལུང་གི་བཀའ་སྤྱི་བོར་བླངས་ནས་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་བའི་སྐབས་ལོ་ཙཱ་བ་དུ་མས་སོ་སོར་རང་རང་གི་འདོད་པས་ཐ་སྙད་མི་མཐུན་པ་སྣ་ཚོགས་སྦྱར་ཚེ་ཐོས་བསམ་བྱེད་པ་རྣམས་ཀྱིས་རྟོགས་དཀའ་བ་སོགས་ཉེས་པ་དུ་མའི་གཞིར་འགྱུར་སྟབས་སྐུ་ཉིད་ནས་ལོ་ཙཱ་བར་མེད་དུ་མི་རུང་བའི་མིང་དང་། བརྡའི་རྣམ་བཞག་དང་། བརྡ་གསར་རྙིང་གི་དབྱེ་བ། རིག་གནས་སོ་སོའི་གཞུང་བསྒྱུར་བ་ལ་ཉེ་བར་མཁོ་བའི་རང་རང་གི་སྐབས་ཀྱི་མིང་གི་རྣམ་གྲངས་རྣམས་ལེ་ཚན་སོ་སོར་ཕྱེ་བའི་《དག་ཡིག་མཁས་པའི་འབྱུང་གནས》མཛད་པ་དང་། དེའི་གླེང་གཞིའི་ནང་དུ་སྒྱུར་བྱེད་ལོ་ཙཱ་བ་རྣམས་ལ་བསམ་བློའི་གོ་རྟོགས་ཀྱི་ཆ་ནས་འཛོམས་དགོས་པའི་ཆ་རྐྱེན་དང་། དེ་འཛོམས་པའི་ཕན་ཡོན། མ་འཛོམས་པའི་ཉེས་དམིགས་སོགས་ཕྲ་ཞིང་ཞིབ་པར་བསྟན་ཡོད་པ་དང་། སྒྲ་སྦྱོར་བམ་པོ་གཉིས་པའི་བསྒྱུར་གཞུང་གི་སྲང་ཐིག་དེར་འཛིན་ནས་བོད་སོག་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་གཏན་ལ་ཕབ་པ་དེ། བོད་སོག་གཉིས་ཀའི་ལོ་ཙཱའི་བྱ་བའི་ཚད་འཛིན་ས་དང་ཁུངས་གཏུགས་སར་གྱུར་པ་དང་། སྒོས་སུ་སོག་པོའི་ལོ་ཙཱའི་གཞུང་ལུགས་ཀྱི་ཕྱི་མོར་གྱུར་ནས་ཕན་ནུས་ཆེན་པོ་ཐོན་ཡོད། གོང་གསལ་གྱི་རྒྱུ་མཚན་དེ་དག་ཐོག་ནས་ང་ཚོ་ལ་གནས་ཚུལ་འདི་འདྲ་ཞིག་གསལ་བཤད་ཐུབ་པ་ཡིན་ཏེ། བོད་གནའ་རབས་ཀྱི་བསྒྱུར་གཞུང་སྒྲ་སྦྱོར་བམ་པོ་གཉིས་པ་དེ་ནི། དུས་སྐབས་དེའི་རིང་གི་སམ་བོད་ཡིག་སྒྱུར་གྱི་ལག་ལེན་ལ་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ནུས་པ་གལ་ཆེན་ཞིག་འདོན་སྤེལ་བྱས་ཐོག་སྐབས་དེའི་ལོ་ཙཱ་བ་རྣམས་ལ་ཚད་འཛིན་ས་དང་ཁུངས་གཏུགས་སའི་གཞི་རུ་གྱུར་ཡོད་པ་མ་ཟད། ཕྱི་རབས་ཀྱི་བོད་སོག་ཡིག་སྒྱུར་ལའང་སྔར་བཞིན་གསོན་ཤུགས་ལྡན་པའི་ནུས་པ་ཐོན་ཡོད་ཁར། ཐོག་སོག་པོའི་ལོ་ཙཱའི་གཞུང་ལུགས་ཀྱི་ཕྱི་མོར་གྱུར་ཡོད་པས་གཞུང་ལུགས་དེ་ཉིད་དུ་བསྟན་པའི་འགྱུར་གྱི་ཚད་གཞི་དང་ཐབས་ཤེས་སོགས་ནི་མི་རིགས་དང་ས་ཁམས་སོགས་ཀྱི་དབྱེ་བ་མེད་པར་ལོ་ཙཱའི་བྱ་བ་སྤྱི་ལ་ཁྱབ་ཐུབ་པའི་སྔོན་ཐོན་གྱི་རང་བཞིན་དང་། ཚན་རིག་གི་རང་བཞིན་ཆེས་ཆེར་ལྡན་ཡོད་པ་སུས་ཀྱང་བསྙོན་དུ་མེད།
        ཡིན་ནའང་ཡིད་སྐྱོ་དགོས་པ་ཞིག་ལ་ཉེ་རབས་ཀྱི་དུས་སྐབས་རིང་མོ་ཞིག་གི་ནང་དུ་ཡིད་བཞིན་ནོར་བུ་ལྟ་བུའི་བསྒྱུར་གཞུང་དེར་གཅེས་འཛིན་གྱི་ཉམས་ལེན་མ་བྱས་པར་ལོ་རྒྱུས་ཀྱི་རྩིག་ཟུར་དུ་བསྐྱུར་ཏེ། དུས་རབས་གསར་པའི་ཡིག་སྒྱུར་གྱི་བྱ་བ་བྱེད་མཁན་ཕལ་ཆེ་བའི་བློ་ངོར། ཐ་སྙད་མ་སྟོང་ཙམ་གྱི་གནས་བབས་ཤིག་ལས་བྱུང་མེད་ལ། ཁོང་རྣམ་པས་ཀྱང་རང་ཉིད་ལ་རྩ་ཆེན་གྱི་གཅེས་ནོར་དེ་ལྟ་བུ་ཞིག་ཡོད་པ་སྙིང་ཁོག་གཏིང་ནས་བརྗེད་དེ་རང་མི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་གཏོང་བའི་སྙིང་སྟོབས་ཆེན་པོ་བཅངས་ཏེ་ཕྱི་རྒྱལ་གྱི་ལོ་ཙཱའི་གཞུང་ལུགས་འཆད་མཁན་ཅུང་སྔ་བ་ཐད་ཐོ་ལོ(1747-814)སོགས་དང་རང་རྒྱལ་གྱི་ལོ་ཙཱ་བ་ཡན་ཧྥུའུ་སོགས་ཀྱི་ལོ་ཙཱའི་དཔྱད་བརྗོད་ལ་ཧ་ལས་ཧང་སངས་ཀྱིས་གཏམ་བཤད་བྱས་ཏེ། རང་རེའི་བོད་ཀྱི་ཡིག་སྒྱུར་རིགས་པའི་གཞུང་ལུགས་ཤིག་དོན་གཉེར་བྱེད་རྒྱུའི་ངལ་བ་རྩོམ་བཞིན་ཡོད། སྤྱིར་རྒྱལ་ཕྱི་རྒྱལ་ནང་གི་མཁས་པ་རྣམས་ཀྱིས་མཛད་པའི་ལོ་ཙཱའི་གཞུང་ལུགས་ལ་རང་རང་གི་དགེ་ཚན་ལྡན་ཡོད་པ་མ་ཟད། རྒྱལ་ནང་གི་ལོ་ཙཱ་བ་ཡན་ཧྥུའུ་ཡི་མཐུན་བདེ་སྙན་(信、达、雅)གསུམ་ཞེས་པའི་ལོ་ཙཱའི་ཚད་གཞི་དེ་ལྟ་བུ་དེང་གི་ཡིག་སྒྱུར་སྨྲ་བའི་ཁྲོད་དུ་སྤྱོད་དང་སྤྱོད་མུས་སུ་མཆིས་པས་ང་ཚོས་ཀྱང་དེར་བློ་གཟུར་གནས་ཀྱི་སྒོ་ནས་སློབ་སྦྱོང་བྱེད་དགོས་ངེས་དང་། ལག་ལེན་དངོས་ནང་དེའི་དགོངས་པའང་འཛིན་སྤེལ་བྱེད་དགོས་ངེས་ཡིན་མོད། རང་རེའི་བོད་ཀྱི་ཡིག་སྒྱུར་བྱ་བ་བྱེད་མཁན་རྣམ་པས་རང་ལ་ཡོད་པའི་ཤེས་ནོར་ཇི་འདྲ་བ་ཞིག་ཡིན་མིན་ཞིབ་འཇུག་བྱས་ཏེ། ཡང་དག་གི་གདེང་འཇོག་ཅིག་བྱེད་མྱོང་ཡོད་དམ་མེད། བསྒྱུར་གཞུང་སྒྲ་སྦྱོར་བམ་པོ་གཉིས་པའི་ནང་དུ་བསྟན་པའི་འགྱུར་གྱི་ཚད་གཞི་སྟེ་དོན་དང་མི་འགལ་བ་དང་། བོད་སྐད་ལ་གང་བདེ་བར་དགོས་པ་དེ་བཞིན་སྒྲ་ཡི་ལུགས་དང་མཐུན་པར་ཞེས་པ་དེ་རྣམས་ལ་ཡང་དག་གིས་བསམ་གཞིགས་བྱས་ཏེ་ད་ལྟ་སྤྱོད་བཞིན་པའི་མཐུན་བདེ་སྙན་(信、达、雅)གསུམ་ལ་ནང་དོན་ཐད་ནས་བསྡུར་བ་བྱེད་མྱོང་ཡོད་དམ་མེད། དེ་ཉིད་ལས་བསྟན་པའི་འགྱུར་གྱི་ཚད་གཞི་དེས་ད་ལྟའི་དེང་རབས་ཀྱི་ཡིག་སྒྱུར་ལ་མཛུབ་ཁྲིད་ཀྱི་ནུས་པ་ལྡན་ནམ་མི་ལྡན། ཁོ་བོས་ལྟར་ན་སྒྲ་སྦྱོར་བམ་པོ་གཉིས་པ་ལས་བསྟན་པའི་འགྱུར་གྱི་ཚད་གཞི་དེས་དེང་སྐབས་ཀྱི་ཡིག་སྒྱུར་གང་འདྲ་ཞིག་གི་ཁྱབ་ཁོངས་སུ་བེད་སྤྱད་ཀྱང་སྔར་གྱི་སམ་བོད་ཡིག་སྒྱུར་ལ་ཐོན་པའི་ནུས་པ་ཇི་བཞིན་ད་ལྟའང་གསོན་ཤུགས་དེ་ལྟ་བུ་ལྡན་ཡོད་པ་མ་ཟད། འཛམ་བུ་གླིང་གི་ཡིག་སྒྱུར་རིག་པའི་ཚད་གཞི་དང་ཡོངས་སུ་མཐུན་པ་ཞིག་ཡིན་ཞེས་མགྲིན་པ་གཟེངས་སུ་བཏེགས་ཏེ་ཤོད་ཆོག་པ་འདུག ། ལྷག་པར་དུ་ཁོ་བོས་བཟློས་སྐྱོན་ལ་མ་འཛེམས་པར་ཡང་སྐོར་བསྐྱར་སྐོར་དུ་དྲངས་པའི་སྒྲ་སྦྱོར་བམ་པོ་གཉིས་པའི་ནང་གི་“སོ་སོ་ནས་སུའང་འཆོས་ཤིང་འོག་ཏུ་མིང་གསར་དུ་དོགས་སུ་མི་གནང་གིས་བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ན་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲྭ་གྲྭར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལ་ཇི་སྐད་དུ་འབྱུང་པའི་གཏན་ཚིགས་དང་ཆོས་ལ་ཇི་སྐད་དུ་གདགས་པར་དཔྱོད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །”ཞེས་བཀས་བཅད་འདི་ཡི་ནུས་པས་ད་ལྟ་ང་ཚོས་མཐོང་ཆོས་སུ་གྱུར་བའི་བཀའ་འགྱུར་གླེགས་བམ་བརྒྱ་དང་བཞིའམ་བརྒྱད་དང་བསྟན་འགྱུར་གླེགས་བམ་ཉིས་བརྒྱ་དང་བཅོ་བརྒྱད་ཙམ་བཞུགས་པའི་ནང་དུ། དཔེར་ན། དེ་བཞིན་གཤེགས་པ་ལྟ་བུ་ལ་ཡང་དག་པར་གཤེགས་པ་དང་ཡང་ན་རབ་ཏུ་གཤེགས་པ་ཞེས་གང་དུ་བསྒྱུར་ཡང་དོན་ལ་འགལ་བ་མེད་ནའང་ལོ་ཙཱ་བ་རྣམས་ཀྱིས་བརྡ་ཆད་གཅིག་གྱུར་གྱི་གཏན་འབེབས་ལ་བརྩི་འཇོག་དང་། རྒྱལ་བློན་མཁས་མང་གིས་མཛད་པའི་བཀས་བཅད་ལ་དོ་སྣང་ཆེན་པོ་གནང་རྐྱེན་དེར་གཅིག་གྱུར་གྱིས་དེ་བཞིན་གཤེགས་པ་ཞེས་སུ་བསྒྱུར་རོ། །ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་ལ་རྐྱེན་དང་འདུས་པ་ཚོགས་ཏེ་བྱུང་བ་ཞེས་སོགས་བསྒྱུར་ན་དོན་ལ་གནས་ཀྱང་བརྡ་ཆད་གཅིག་གྱུར་གྱི་དགོངས་དོན་བཞིན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བསྒྱུར་བ་སོགས་མདོར་ན་སྔོན་བྱོན་གྱི་ལོ་ཙཱ་བ་རྣམ་པས་རང་འདོད་ཀྱིས་ཐ་སྙད་འདྲ་མིན་བསྒྱུར་བ་མཐོང་རྒྱུ་མེད་པས་བཀའ་དང་བསྟན་འགྱུར་བསྡོམས་པས་གླེགས་བམ་སུམ་བརྒྱ་དང་ཉི་ཤུ་རྩ་གཉིས་སམ་སུམ་ཅུ་སོ་གཉིས་ཏེ་འགྱུར་གྱི་གྲངས་འབོར་མང་པོ་དེ་ཙམ་ཞིག་གི་ནང་དུ་ལེགས་སྦྱར་གྱི་སྒྲ་གཅིག་ལ་ལོ་ཙཱ་བའི་དབང་གིས་ཐ་སྙད་མི་འདྲ་བ་དུ་མ་སྤྱད་པ་མཐོང་རྒྱུ་མེད་ཅེས་ཚིག་ཐག་གཅོད་ཆོག་པ་ཡིན།
        ད་ལྟ་ང་ཚོའི་ཁྲོད་དུ་མཐོང་རྒྱུ་ཡོད་པའི་དེང་དུས་ཀྱི་འགྱུར་ཡིག་ཉུང་ངུ་དེ་ཙམ་ལ་གཟིགས་དང་།དཔེར་ན། “廉政”ཞེས་པའི་ཚིག་གཅིག་པུ་དེར་འགའ་ཞིག་གིས་སྲིད་གཙང་ཞེས་བསྒྱུར་བ་དང་། འགའ་ཞིག་གིས་སྤྱོད་གཙང་ཞེས་བསྒྱུར་ཡོད། ཡང་རྒྱ་སྐད་དུ“民主改革”ཞེས་པ་དེར་ལ་ལས་དམངས་གཙོའི་བཅོས་སྒྱུར་ཞེས་དང་ལ་ལས་དམངས་གཙོའི་སྒྱུར་བཅོས་ཞེས་བསྒྱུར་བ། ཡང“法律”ཞེས་པ་དེར་བཅའ་ཁྲིམས་དང་ཁྲིམས་ལུགས་ཞེས་ཁག་གཉིས་སུ་བསྒྱུར་བ་དང་། “被告”ཞེས་པ་དེར་ཞུ་གཏུག་ཕོག་མཁན་ཞེས་དང་། ཞུ་སྦྱོར་ཕྱི་མ་ཞེས་སོགས་ཐ་སྙད་མི་འདྲ་བ་སྣ་ཚོགས་སྤྱད་འདུག་པས་གོང་གསལ་གྱི་མིང་ཚིག་འདི་དག་ནི་རྒྱུན་སྤྱོད་ཀྱི་ཆབ་སྲིད་དང་། ཁྲིམས་ལུགས་ཀྱི་བརྡ་ཆད་ཤ་སྟག་ཡིན་ཡང་གཅིག་གྱུར་གྱི་བསྒྱུར་ཚུལ་དེ་ཙམ་ཞིག་ལས་བྱུང་མེད་ན་རིག་གནས་སྒྱུ་རྩལ་གྱི་སྒྱུར་རྩོམ་ཁག་གི་ཐ་སྙད་བསྒྱུར་ཚུལ་ལ་དེ་བས་ཀྱང་བལྟ་བས་བཟོད་ཐབས་བྲལ་བའི་རྣམ་པ་ཅན་ཞིག་གྱུར་ཡོད་པས། རང་རེའི་ལོ་ཙཱ་བ་རྣམས་ཀྱིས་སྒྲ་སྦྱོར་བམ་པོ་གཉིས་པའི་བསྒྱུར་གཞུང་གི་དགོངས་དོན་ལ་སྲོལ་རྒྱུན་ནུས་མེད་ཅན་ཞིག་ཏུ་ངོས་འཛིན་མ་བྱས་པར་ལོ་རྒྱུས་ཀྱི་ཐལ་རྡུལ་ལ་ཕྱིས་བརྡར་བྱས་ཏེ་རིན་ཆེན་གྱི་ནོར་བུ་རང་མདངས་མངོན་པར་བྱས་ཡོད་ཚེ། ད་གཟོད་སྔར་གྱི་ཆོས་གཞུང་བསྒྱུར་བ་ལྟ་བུའི་ཐ་སྙད་གཅིག་གྱུར་གྱི་ཚད་མཐོ་པོ་དེ་ཙམ་ཞིག་སླེབས་མེད་ནའང་། སྒྱུར་གཞུང་དེའི་ཚན་རིག་གི་རང་བཞིན་དང་། སྔོན་ཐོན་གྱི་རང་བཞིན་ཆེ་ཆེར་ལྡན་པའི་བྱེད་ནུས་ཀྱི་རྐྱེན་པས་ད་ལྟའི་རྒྱ་བོད་ཡིག་སྒྱུར་ལ་དོན་གོ་ཐབས་བྲལ་བའི་དོན་གནད་ལ་མ་འཁེལ་བ་དང་། དོན་ལོག་པ་སོགས་བསྒྱུར་ཡིག་ཟང་ཟིང་ཅན་འདི་ལྟ་བུ་ཞིག་ཡོང་ག་ལ་སྲིད། སྒྲ་སྦྱོར་བམ་པོ་གཉིས་པའི་ནང་དུ་བསྟན་པའི་ལོ་ཙཱའི་གཞུང་ལུགས་དེ་དག་ནི་དུས་རབས་དགུ་པའི་ནང་དུ་སངས་རྒྱས་ཀྱི་ཆོས་ལུགས་སྔར་བས་དར་རྒྱས་དང་ཆོས་གཞུང་བསྒྱུར་བའི་སྤུས་ཚད་ཇེ་མཐོར་གཏོང་ཆེད་དྷརྨ་བསྒྱུར་བའི་ལུགས་ཞེས་དམིགས་སུ་བཀར་ནས་བསྟན་པ་ཡིན་པས། དེའི་ནང་གི་ཚིག་དོན་འགའ་ཞིག་ལ་དེང་སྐབས་སྤྱོད་ཐབས་བྲལ་བས་ང་ཚོས་མར་ཁེ་སི་མཚན་ཉིད་རིག་པའི་ལྟ་བའི་སྒོ་ནས་སྲོལ་རྒྱུན་གྱི་རིག་གནས་ལ་ལེགས་ཉེས་བླང་དོར་བྱས་ཐོག་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཚན་རིག་གི་སྒོ་ནས་འཕེལ་རྒྱས་གཏོང་དགོས་པ་ཡིན་ཏེ། དེ་ཡང་རྒྱལ་ནང་དུ་སྐད་གྲགས་ཆེ་བའི་ལོ་ཙཱ་བ་ཡན་ཧྥུའུ་ཡི་མཐུན་བདེ་སྙན་“信、达、雅”གསུམ་ཞེས་པ་དེ་ཐོག་མའི་ཡན་ཧྥུ་རང་གི་དགོངས་པ་དེ་ཉིད་དེང་སྐབས་སུ་འགྲེལ་བཤད་བྱས་ཏེ་རྒྱུན་འཛིན་བྱེད་ཐབས་མེད་པས་དུས་སྐབས་སོ་སོའི་ལོ་ཙཱ་བ་རྣམས་ཀྱིས་དུས་སྐབས་དང་འཚམ་པའི་འགྲེལ་བཤད་བྱས་ཡོད་སྟབས། ད་ལྟའི་བར་ལ་གསོན་ཤུགས་མ་ཉམས་པར་རྒྱུན་འཛིན་བྱུང་བ་ཡིན། རྒྱུ་མཚན་དེས་ན་ད་ལྟ་རང་རེའི་ལོ་ཙཱ་བ་རྣམས་ཀྱིས་སྒྲ་སྦྱོར་བམ་པ་གཉིས་པ་འདི་ཉིད་དུས་རབས་གསར་པའི་ཚན་རྩལ་གྱི་དུས་སྐབས་དང་མི་འཚམ་པའི་སྲོལ་རྒྱུན་རྙིང་པ་ཞིག་ཏུ་འཛིན་ཏེ་སྣ་གཉེར་བར་མི་བྱ་ལ། བོད་རང་ལ་ཁ་ཚ་དགོས་གཏུགས་ཀྱི་ཡིག་སྒྱུར་གཞུང་ལུགས་ཤིག་རེ་འདོད་ཀྱིས་རང་ནོར་བོར་ཏེ་གཞན་ནོར་འཚོལ་བའི་ངལ་བ་དེ་བས་ཀྱང་བྱ་མི་དགོས། སྒྲ་སྦྱོར་བམ་པོ་གཉིས་པའི་བསྒྱུར་གཞུང་དུ་བསྟན་པའི“དོན་དང་མི་འགལ་ལ་བོད་སྐད་ལ་ཡང་གང་བདེ་བར་བྱེད་ཤིག”ཅེས་པའི་ལོ་ཙཱའི་ཚད་གཞི་དང་། བསྒྱུར་བྱ་མ་ཡིག་གི་གོ་རིམ་བསྣོར་དང་མ་བསྣོར་བའི་བསྒྱུར་ཐབས། སྒྲ་སོར་བཞག་གི་བསྒྱུར་ཐབས་སོགས་ནི་བོད་ཙམ་མ་ཟད་འཛམ་བུ་གླིང་གི་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་དང་ཡོངས་སུ་མཐུན་ཁར་ཁྱད་པར་ཐ་སྙད་གཅིག་གྱུར་གྱི་ལོ་ཙཱའི་སྲུང་བྱ་དེ་དག་ནི་རྒྱལ་ཁབ་ཕྱི་ནང་གི་ཡིག་སྒྱུར་ལོ་རྒྱུས་ཐོག་མཐོང་རྒྱུ་མེད་པ་གང་ཞིག །དུས་རབས་སྔ་མོ་དེ་ཙམ་ལ་རྒྱལ་ཁབ་ཀྱི་སྒྲིག་འཛུགས་རང་བཞིན་གྱིས་བཀས་བཅད་དེ་ངེས་པ་དོན་གྱི་མཁས་དབང་དུ་མས་གཅིག་གྱུར་གྱིས་གཏན་ལ་ཕབ་པའི་ཡིག་སྒྱུར་གཞུང་ལུགས་འདི་ལྟ་བུ་ཞིག་འཛམ་བུ་གླིང་གི་རྒྱལ་ཁབ་ཁག་ལ་བསྟན་རྒྱུ་མེད་པས་ཁ་བ་རི་པའི་གཞོན་སྐྱེས་རྣམས་ཀྱིས་ཅུང་ཟད་ངར་ཤུགས་སྐྱེད་དེ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཡང་དག་གོམས་འདྲིས་བྱས་ནས་དུས་རབས་གསར་པའི་གོམ་སྟབས་དང་བསྟུན་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུན་འཛིན་དར་སྤེལ་གཏོང་ཐབས་ཀྱི་ལས་ལ་གཞོལ་ན་མི་རིང་བའི་དུས་ལ་བོད་ཀྱི་ཁྱད་ཆོས་ལྡན་ཞིང་འཐུས་སྒོ་ཚང་བའི་ཡིག་སྒྱུར་རིགས་པའི་གཞུང་ལུགས་ཤིག་འཛམ་བུ་གླིང་གི་ཤེས་བྱའི་གར་སྟེགས་ཐོག་ཏུ་མངོན་པར་འགྱུར་ངེས་སོ། །
        དཔྱད་གཞིའི་ཡིག་ཆ།
        [1] ས་པཎ་ཀུན་དགའ་རྒྱལ་མཚན། མཁས་པ་འཇུག་པའི་སྒོ།[M] མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།  1981ལོའི་ཟླ་བ་1པར་ཐེངས་དང་པོ། ཤ96བསྟར5 
        [2] ས་པཎ་ཀུན་དགའ་རྒྱལ་མཚན། མཁས་པ་འཇུག་པའི་སྒོ།[M] མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། 1981ལོའི་ཟླ་བ་1པར་ཐེངས་དང་པོ། ཤ100བསྟར1
        [3] ས་པཎ་ཀུན་དགའ་རྒྱལ་མཚན། མཁས་པ་འཇུག་པའི་སྒོ།[M] མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། མཁས་པ་འཇུག་པའི་སྒོ།[M] 1981ལོའི་ཟླ་1པར་ཐེངས་དང་པོ། ཤ100 བསྟར15
        [4] དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ།[M] མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། 2003ལོའི་ཟླ་12པའི་པར་ཐེངས་དང་པོ། ཤ72བསྟར་6
        [5] དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ།[M] མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། 2003ལོའི་ཟླ་12པའི་པར་ཐེངས་དང་པོ། ཤ72བསྟར་6 ཤ73བསྟར་1
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1