གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༠༤ཉིན།

སྤུས་ཚད་མཐོན་པོའི་འཕེལ་རྒྱས་བརྗོད་དོན་གཙོ་བོ་བྱ་དགོས། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོགས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་སྐོར་གྱི་དཔྱད་བརྗོད།

        དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་ཁྱད་ཆོས་ནི་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་པ་དེ་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པ་ནི་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་གང་ལེགས་བསྐོང་ཐུབ་པའི་འཕེལ་རྒྱས་ཤིག་དང་། གསར་གཏོད་དེ་སྒུལ་ཤུགས་ཐོག་མ་དང་།མཐུན་སྦྱོར་དེ་ནང་གི་ཁྱད་ཆོས། ལྗང་མདོག་དེ་ཡོངས་ཁྱབ་ཀྱི་རྣམ་པར་འགྱུར་བ་དང་། སྒོ་འབྱེད་དེ་ངེས་བརྒྱུད་ཀྱི་ལམ་བུ་ཡིན་པ། མཉམ་སྤྱོད་དེ་རྩ་བའི་དམིགས་འབེན་དུ་འགྱུར་ཐུབ་རྒྱུའི་འཕེལ་རྒྱས་ཤིག་རེད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་སྐབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་བརྗོད་དོན་གཙོ་བོར་འཛིན་དགོས་ལ། འདི་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས། རང་རྒྱལ་གྱི་འཕེལ་རྒྱས་དུས་རིམ་དང་།འཕེལ་རྒྱས་ཁོར་ཡུག །འཕེལ་རྒྱས་ཆ་རྐྱེན་བཅས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་ཞིག་རེད།
        རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པར་མ་ཟད་ད་དུང་ཡུན་རིང་གནས་རྒྱུ་ཡིན་ཞིང་། སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། འཕེལ་རྒྱས་གཏང་རྒྱུ་ནི་སྔར་བཞིན་ང་ཚོའི་ཏང་གིས་སྲིད་འཛིན་བྱེད་པ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་ཡིན། ངེས་པར་དུ་ནན་བཤད་བྱེད་དགོས་པ་ཞིག་ནི་དུས་རབས་གསར་པ་དང་དུས་རིམ་གསར་པའི་འཕེལ་རྒྱས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས་པ་དང་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡིན་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག་སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་ཡིན་པ་གསལ་པོར་བཏོན་པ་དང་། རང་རྒྱལ་གྱི་དཔལ་འབྱོར་ལ་སྣེ་ཁྲིད་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་ཟམ་མི་ཆད་པར་སེལ་བ་དང་། འཕེལ་རྒྱས་ཀྱི་ལེགས་ཆ་ཟབ་ཏུ་གཏོང་བ། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་སྒྱུར་བ་བཅས་ཀྱི་ཐད་མཐོ་བརྒལ་ཆེན་པོ་བྱུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་པ་བརྟན་པོ་སྤོས་ཡོད། ལག་ལེན་གྱི་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ལེན་བྱེད་པ་དང་། དཔལ་འབྱོར་རྒྱུན་མཐུད་བདེ་ཐང་འཕེལ་རྒྱས་འགྲོ་རྒྱུའི་ཆ་རྐྱེན་རྣལ་མ་ཡིན་ལ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བླང་བྱ་གཙོ་བོ་ཡིན་པ་བསྟན་ཡོད།
        མིག་སྔར། འཛམ་གླིང་ལ་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་ལ། རང་རྒྱལ་འཕེལ་རྒྱས་འགྲོ་རྒྱུའི་ནང་གི་ཆ་རྐྱེན་དང་ཕྱི་རོལ་གྱི་ཁོར་ཡུག་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་རིང་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ནས་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་རབ་དང་རིམ་པ་འཕྲད་རྒྱུ་རེད། མུ་མཐུད་དུ་འཕེལ་རྒྱས་གཏོང་བར་ཕྱོགས་མང་པོའི་དགེ་མཚན་དང་ཆ་རྐྱེན་ལྡན་མོད། དུས་མཚུངས་སུ་རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་ཆ་ཚང་མིན་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། འཕེལ་རྒྱས་ཁྲོད་ཀྱི་འགལ་བ་དང་གནད་དོན་ཡོད་ཚད་འཕེལ་རྒྱས་ཀྱི་སྤུས་ཚད་ཐོག་ནས་མཚོན་ཡོད། འདི་ལས་ངེས་པར་དུ་འཕེལ་རྒྱས་ཀྱི་སྤུས་ཚད་སྔར་བས་གཙིགས་ཆེན་དུ་བཟུང་ནས། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བར་ཤུགས་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། ཕྱོགས་གཞན་ཞིག་ནས། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ཕྱིའི་ཁོར་ཡུག་ཉིན་བཞིན་རྙོག་འཛིང་དུ་འགྱུར་བཞིན་ཡོད། ཉེན་ཁ་དང་ཉེས་སྐྱོན་འབྱུང་གཞི་སྣ་ཚོགས་ལ་འགོག་ཟོན་དང་སེལ་ཐབས་བྱེད་པ་དང་། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཕོག་ཐུག་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་དགོས་ན། གནད་འགག་ནི་རང་ཉིད་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་དང་།འཕེལ་རྒྱས་གཏོང་བའི་སྤུས་ཚད་མཐོ་རུ་གཏང་རྒྱུ། རྒྱལ་སྤྱིའི་ཐོག་འགྲན་རྩོད་བྱེད་ནུས་ཆེ་རུ་གཏང་རྒྱུ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དང་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏང་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་བཅས་ལ་ཐུག་ཡོད་པས། དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མངོན་ཐུབ་པར་བྱ་དགོས།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པའི་འཕེལ་རྒྱས་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་དེ་ཡོད་མེད་བཤད་པ་ནས་བཟང་ངན་ལྟ་བར་བསྒྱུར་དགོས་ཞེས་ནན་གསུངས་གནང་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་གི་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ནང་འཕེལ་རྒྱས་གསར་པའི་འདུ་ཤེས་ཀྱི་སྣེ་ཁྲིད་ཀྱི་ནུས་པ་མངོན་པ་དང་། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་འགན་འཁྲི་གཙོ་བོའི་ལས་ཀར་བཀོད་སྒྲིག་བྱས་ནས། ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། རྒྱལ་ནང་གི་ཁྲོམ་ར། བསྒྱུར་བཅོས་ཟབ་གཏོང་།གྲོང་གསེབ་དར་རྒྱས། ས་ཁོངས་འཕེལ་རྒྱས་བཅས་ནས་རིག་གནས་འཛུགས་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། ཕྱི་ཕྱོགས་སྒོ་འབྱེད། སྤྱི་ཚོགས་འཛུགས་སྐྲུན། བདེ་འཇགས་འཕེལ་རྒྱས། རྒྱལ་སྲུང་འཛུགས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བསམ་བློ་དང་གཙོ་གནད་ལས་དོན་ཁ་གསལ་བཏོན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏང་རྒྱུ་གཞི་རྐང་བྱེད་པ་དང་། སྤུས་ཚད་ཨང་དང་པོ་དང་ཕན་འབྲས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ། སྤུས་ཚད་བསྒྱུར་བཅོས་དང་། ལས་ཕྱོད་གསར་བསྒྱུར། སྒུལ་ཤུགས་སྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པ་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་དགོས།
        སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རྩ་བའི་བླང་བྱ་ཞིག་ཡིན་པ་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་ནི་ཁྱོན་ཡོངས་ལ་དོ་དམ་དང་། རྩ་བ་དང་རྒྱང་ཕུགས་ལ་དོ་དམ་བྱེད་པའི་ཕྱོགས་སྟོན་ཤིག་རེད། དུས་རབས་གསར་པར་འབད་བརྩོན་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པ་བྱེད་པ། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་བསྐྲུན་པ་དང་འགྱུར་ལྡོག་ཁྲོད་ལས་གཞི་གསར་པ་གཏོད་པ་བཅས་བྱས་ཏེ། འབད་པ་ལྷོད་མེད་སྒོས་སྤུས་ཚད་དེ་བས་མཐོ་བ་དང་།ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་སྙོམས། དེ་བས་རྒྱུན་མཐུད། དེ་བས་བདེ་འཇགས་ཡིན་པའི་འཕེལ་རྒྱས་མངོན་འགྱུར་བྱེད་གང་ཐུབ་བྱས་ན། རང་འགུལ་དང་འབྱུང་འགྱུར་ཐོབ་ངེས་རེད། ང་ཚོས་ལེགས་ཆ་དང་རང་འགུལ། མ་འོངས་བཅས་རྒྱལ་ཐུབ། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1