གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༢ཚེས་༠༩ཉིན།

༄༅། །དྲིན་ཆེན་བོང་བུའི་ལས་དབང་།

         འབྲོག་པ་ལ་རྟ་དང་གཡག    རོང་པ་ལ་དྲེལ་དང་བོང་བུ། ཞེས་པའི་དམངས་ཁྲོད་ཀྱི་གཏམ་དཔེ་ལྟར། བོང་བུ་ནི་རོང་པ་ཞིག་ལ་མཚོན་ན་མེད་དུ་མི་རུང་བའི་སྲོག་ཆགས་ཞིག་ཡིན། བོང་བུ་ནི་འོ་འཐུང་སྲོག་ཆགས་ཀྱི་རིགས་ཞིག་རེད།  ང་ཚོ་ཕ་ཡུལ་གྱི་ཁ་སྐད་དུ་བོང་བུ་ལ་ཀུ་རུ་ཞེས་བཏགས། བོང་བུའི་གཟུགས་དབྱིབས་ནི་རྟ་དང་མཚུངས། སྤུ་མདོག་མང་ཆེས་ཤོས་སྐྱ་སྐྱ་དང་རྒྱ་སྨུག་ཡིན། མགོ་ཆེ་ལ་རྣ་ཅོ་རིང་། རྐང་ལག་ཐུང་ཞིང་ཕྲ་བ།  ལས་ལ་བརྩོན་ཧ་ཅང་ཆེ་བའི་སྲོག་ཆགས་ཞིག་ཡིན།

           ཁོ་བོ་ཆུང་དུས་ནི་བོང་བུ་མང་པོ་ཡོད་པའི་རོང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས།    དེ་དུས་ང་ཚོ་ལ་གློག་དང་རླངས་འཁོར་ལམ་སོགས་གཏན་ནས་མེད།  སྐྱེལ་འདྲེན་ཚང་མ་བོང་བུའི་རྒྱབ་ནས་འདྲེན་དགོས།   ལྷག་པར་ཏུ་ང་ཚོ་ཕ་ཡུལ་དགུན་ཟླ་གསུམ་ནི་བུ་མོ་ཚོ་དང་བོང་བུ་ཚོའི་ཟླ་ངན་གསུམ་ཡིན།  དགུན་ཟླ་གསུམ་ནང་ལ་ངེས་པར་དུ་ནགས་ཚལ་ནང་དུ་བུད་ཤིང་བཅད་ནས་འཁུར་དགོས། ལོ་ཧྲིལ་པོ་གཅིག་གི་བུད་ཤིང་ཚང་མ་དགུན་ཟླ་གསུམ་ལ་འདང་མཁན་འཐུ་དགོས། དེ་ཡིན་པའི་རྐྱེན་གྱིས་བུ་མོ་ཚོ་ཡང་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཤིན་ཏུ་དཀོན། བདག་གི་དྲིན་ཆེན་ཨ་མའང་ལོ་ངོ་བཅུ་བཞི་ནས་བོང་བུ་དང་མཉམ་དུ་དཀའ་བའི་ལས་ནང་ལོ་ཟླ་བསྐྱལ་བ་རེད། བོང་བུ་ནི་ཁོ་མོའི་ལས་རོགས་དང་འགྲོ་རོགས་ཡིན། ལས་ཀ་ཅི་འདྲ་ཞིག་ལས་ཀྱང་བོང་བུའི་མཁོ་ས་ཧ་ཅང་ཆེ།  ང་ཚོ་ཕ་ཡུལ་ལ་རྟ་ཡོད་ཀྱང་ནམ་རྒྱུན་དགོས་མཁོ་ཆེ་བ་ནི་དྲེལ་དང་བོང་བུ་རེད། རྟ་ནི་རྟ་རྒྱུགས་སྐབས་སུ་རྒྱུགས་རྒྱུ་དང་འབྲོག་ས་ལ་འགྲོ་དུས་ཅ་ལག་སྐྱེལ་འདྲེན་བྱེད་ས་མ་གཏོགས་གཞན་བེད་སྤྱོད་བྱེད་མཁན་ཉུང་།

          ང་རང་ཆུང་དུས་སུ་ཨ་མ་དང་མཉམ་དུ་རི་ལ་ཤིང་འཁུར་ས་ཐེངས་མང་པོ་འགྲོ་མྱོང་།  དགུན་ཁར་ས་འཁྱགས་རྡོ་འཁྱགས་དུས་སུའང་ཨ་མས་ཞོགས་སྔ་ཆུ་ཚོད་བཞི་ཐོག་ལ་ལངས་དགོས།  སྔར་མོ་ལངས་ཚར་རྗེས་བོང་བུ་ལ་ཞིང་ནང་དུ་རྩྭ་སྔོན་བརྔས་ནས་སྤྲོད་དགོས། ཨ་མས་མགོ་ལ་མགོ་རས་སྔོ་པོ་དཀྲིག་བ་དང་།   དེ་དུས་ངོ་སྣུམ་ཧ་ཅང་དཀོན་བས་གདོང་དང་ལག་པ་གཉིས་ལ་འོ་སྤྲིས་བྱུག་དགོས།   ཨ་མས་བོང་བུ་ལ་སྒ་སྟན་བརྒྱབ་ནས་དེད་འགྲོ་དགོས།

          ཉིན་ཞིག་ང་ཨ་མ་དང་མཉམ་དུ་རི་ལ་བུད་ཤིང་འཐུ་འགྲོ་དུས་ང་ཚོའི་བོང་བུ་རྐང་པ་གཡོན་ཀའི་རྨ་ཁ་དེ་ཁྲོས་ནས་ལམ་བར་ལ་ཆད་སོང་། རི་ཐོག་ལ་གྲང་རླུང་སིལ་སིལ་ལྡང་ནས་ཕོ་བའི་མེ་དྲོད་སོགས་ཡང་ཉམས་སོང་། དེ་དུས་ཁྱིམ་ནང་དུ་མི་ལ་སྨན་བེད་སྤྱོད་བྱེད་རྒྱུ་དཀོན་པོ་རེད། ངའི་ཨ་མས་ཁོ་མོའི་བོད་ལྭ་ནང་དུ་གློག་རྫས་ཞིག་བཅུག་འདུག     མོས་གློག་རྫས་དེ་རྡོ་གཉིས་བར་ལ་རྡུང་ནས་ནང་གི་རྫས་ནག་པོ་བླངས་བ་རེད།  མོས་བོང་བུའི་པུས་མོ་གཉིས་སར་བཙུགས་བཅུག་ནས་བོང་བུའི་རྨ་ཁ་ལ་ཁ་གཏད་ནས་ས་རྡུལ་ཚང་མ་ལྕེས་གཙང་མ་བལྡག་བར་བྱས་ནས་དེའི་ཐོག་སྨན་གྱི་ཚབ་ཏུ་བྱུག་པ་རེད།   ངས་ཨ་མས་སེམས་ཅན་ལ་བཅངས་བའི་བྱམས་སྙིང་རྗེའི་ཚུལ་དེ་མཐོང་མ་ཐག་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་སོང་། ཨ་མས་བོང་བུ་དེ་རང་གི་གྲོགས་པོ་བཟང་པོ་ཡང་ན་མི་ཞིག་དང་འདྲ་མཉམ་ཡིན་པའི་ངོས་འཛིན་དེར་རྗེས་སུ་ཡི་རང་ཡོད།   ཨ་མས་བོང་བུའི་རྨ་ཁ་དེ་གཙང་མ་བྱས་རྗེས་གློག་རྫས་ནང་གི་ནག་པོ་དེ་བླུགས་སོང་། ངེད་གཉིས་ཀྱིས་བོང་བུ་དེ་སྤང་ཐོག་ལ་མངགས་ནས་རི་ལ་བུད་ཤིང་འཁུར་སོང་ཡིན།  ཨ་མས་རྒྱབ་ལ་ཤིང་སྐམ་ཁུར་པོ་ཆེན་པོ་འཁུར།  ངས་རྒྱབ་ལ་ཤིང་སྐམ་ཁུར་པོ་ཆུང་ཆུང་ཞིག་འཁུར། ངེད་གཉིས་བོང་བུའི་འགྲམ་ལ་ཐོན་དུས་བོང་བུས་རྩྭ་ཟ་བཞིན་འདུག   ཨ་མས་དམ་བེ་ནང་གི་ཇ་ང་ལ་ཅུང་འཐུང་བཅུག་ནས་ལྷག་མ་ཚང་མ་བོང་བུ་འཐུང་བཅུག   ཨ་མའི་མཆུ་ཏོ་ལ་རློན་གཏན་ནས་མེད་ཀྱང་མོ་རང་གིས་ཇ་ཚང་མ་བོང་བུ་འཐུང་བཅུག་བ་རེད།

           ངས་བོང་བུ་སྔོན་ལ་འཁྲིད་ཅིང་ཨ་མས་རྒྱབ་ལ་དེད་ནས་ཁྱིམ་ལ་ལོག་བ་ཡིན། ཉིན་འདིའི་ནང་ལ་ངེད་མ་བུ་གཉིས་བུད་ཤིང་མང་པོ་མ་རག་ཀྱང་ཨ་མས་བོང་བུ་ལ་བཅངས་བའི་བྱམས་བརྩེ་དེ་ལས་ང་རང་ལ་སློབ་གསོ་ལེགས་པོ་ཞིག་ཐོབ་སོང་། དུས་དེ་ནས་བཟུང་ང་རང་སྲོག་ཆགས་ཚང་མ་མི་དང་འདྲ་མཉམ་ཡིན་པ་རྟོགས་བྱུང་།

           ང་ཚོ་ཕ་ཡུལ་ལ་ཆུ་འཁོར་འཐག་དུས་བོང་བུ་དགོས།   སོ་ནམ་བྱེད་དུས་བོང་བུ་དགོས། བུད་ཤིང་འདྲེན་དུས་བོང་བུ་ནི་མེད་དུ་མི་རུང་བ་ཞིག་རེད། ང་ཚོ་ཕ་ཡུལ་གྱི་སློབ་གྲྭ་དང་ལྷ་ཁང་བཞེངས་དུས་བོང་བུ་རྣམས་ཀྱི་རྒྱབ་ལ་ཅ་ལག་འདྲེན་ཡོད་པ་ནི་སྨྲ་ཅི་དགོས། མིའི་རིགས་ལ་འདི་འདྲའི་བྱས་རྗེས་དང་བཀའ་དྲིན་ཆེན་པོ་ཡིན་པའི་སྲོག་ཆགས་འདི་ལ་བསྔགས་བརྗོད་དང་དྲན་གསོ་བྱེད་དགོས་པའང་ལྟ་ཅི་སྨོས།

          ལོ་ཁ་ཤས་སྔོན་ལ་ང་ཚོ་ཕ་ཡུལ་ལ་གློག་འཐེན་བྱུང་། ཁྱིམ་ཚང་ཡོད་དོ་ཅོག་གིས་གློག་ཐབ་བེད་སྤྱོད་བྱེད་ནས་བུད་ཤིང་གི་དགོས་མཁོ་ཇེ་ཉུང་དུ་སོང་ཡོད།   བུ་མོ་ཚོ་ཡང་བཅིངས་གྲོལ་ཐོབ་ནས་སློབ་གྲྭར་བཏང་སོང་། ཁོར་ཡུག་སྲུང་སྐྱོབ་ལ་ཡང་ཕན་ཐོགས་ཧ་ཅང་ཆེན་པོ་འདུག    འོན་ཀྱང་། དྲིན་ཆེན་བོང་བུ་ཚོའི་ལས་དབང་ནི་ཡིད་སེམས་སྐྱོ་བ་ཞིག་རེད།

           ལོ་འགའི་རྗེས་སུ་ཕ་ཡུལ་ལ་རླངས་འཁོར་གྱི་ལམ་བཟོ་བྱུང་། བུད་ཤིང་ཚང་མ་རླངས་འཁོར་ནང་ལ་འདྲེན་ནས་བོང་བུ་མཁོ་འགག་གཏན་ནས་མེད་པར་འགྱུར་སོང་། བོང་བུ་ཚོང་པ་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ང་ཚོ་ཕ་ཡུལ་ལ་བོང་བུ་ཉོ་སར་སླེབས་བྱུང་།  ཁོ་ཚོས་བོང་བུ་རྣམས་ཉོས་ནས་ཡུན་ནན་ཁུན་མིན་(云南昆明)ལ་ཟས་ཀྲིན་(罐头)ལས་ས་ལ་བཙོངས་བ་རེད།   བོང་བུ་རྣམས་རླངས་འཁོར་ཐོག་ལ་འཇོག་དུས་ལག་ཏུ་ཕྲེང་བ་འདྲེན་མཁན་གྱི་རྒས་པོ་རྣམས་ལ་ཕྱིར་བལྟས་བྱེད་བཞིན་མིག་ཆུ་དབང་མེད་སིལ་བཞིན་འདུག    སྒོར་མོ་ཉུང་ཉུང་ཞིག་གི་ཆེད་དུ་རང་གི་དྲིན་ཆེན་ཨ་མ་ལྟ་བུའི་བོང་བུ་ཚང་མ་བཤས་ཚོང་བྱེད་པའི་སྤྱོད་པ་དེ་ལ་ཡིད་རེ་སྐྱོ། ང་ཚོ་ཕ་མ་གཉིས་ཀྱིས་བོང་བུ་དགོས་མཁོ་མེད་ཀྱང་བོང་བུ་བཙོངས་རྒྱུའི་དུས་ལ་བབས་མེད་ཞེས་གསུངས། ལྷག་པར་ཏུ་ཨ་མས་བོང་བུ་བཙོང་བ་ནི་དྲིན་ཆེན་ཨ་མ་བཙོང་བ་དང་མཚུངས་ཞེས་གསུངས། 

          ཉིན་ཞིག་ངའི་རྨི་ལམ་ནང་དུ་ཡུན་ནན་ཁུན་མིན་གྱི་ཟས་ཀྲིན་བཟོ་གྲྭ་ནང་དུ་སྐྱབས་འཇུག་ཞུ་བཞིན་ཡོད་པའི་ཕ་ཡུལ་གྱི་བོང་བུ་རྣམས་རྨིས་སོང་། ང་རང་དུས་ནམ་ཡིན་ཡང་ཁོ་ཚོར་སྨོན་ལམ་བཏབ་བཞིན་ཡོད། སེམས་ཅན་ཐམས་ཅད་འདྲ་མཉམ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1