གཙོ་ངོས།>> ཞིབ་འཇུག>>དཔྱད་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༢ཚེས་༠༩ཉིན།

༄༅། །ཤར་རྫ་བ་དང་ཁོང་གི་དགོངས་རྩོམ་སྡེ་སྣོད་མཛོད་ལ་རགས་ཙམ་བལྟ་བ།

རྩོམ་པ་པོ་ངོ་སྤྲོད་པ།

      གངས་ལྗོངས་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་རྗེ་བཙུན་འཇའ་ལུས་པ་ཆེན་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་ནི། དོན་གྲུབ་ཅེས་པ་བོད་རབ་བྱུང་བཅུ་བཞི་བའི་ས་ལུག་སྟེ་སྤྱི་ལོ༡༨༥༩ཉ ༡༩༣༤སྟེ། ཡུལ་མདོ་ཁམས་དངུལ་རྫ་ཟལ་མོ་སྒང་རྒྱུད་ཀྱི་ཆར་གཏོགས་གྱེར་ཟ་གཡུང་དྲུང་ལྷུན་པོའི་དཔལ་གྱི་ཉེ་འདབས་སུ་སྐུ་འཁྲུངས། སྐུ་ན་ཆུང་བའི་དུས་ནས་བྱིས་པའི་ཁྲོད་ཀྱི་རོལ་རྩེད་དང་ལེ་ལོ་འདུ་འཛིས་གཡེང་བར་མི་དགའ་བར་ཡི་གེ་འབྲི་ཀློག་གི་ཚུལ་དང་། སྒོམ་སྒྲུབ་བྱེད་སྟངས་ཀྱི་ཉམས་སོགས་དགེ་བའི་བག་ཆགས་སྟོབས་སུ་གྱུར་བས་སྐྱེས་བུ་དམ་པའི་རང་གཤིས་དོར་མེད་དུ་མངའ་བ་བྱུང་། དགུང་ལོ་དགུའི་སྟེང་དབྲ་བ་གྲུབ་ཆེན་བསྟན་འཛིན་དབང་རྒྱལ་ལམ་དྲན་པ་བདུད་འདུལ་གྱི་དྲུང་ནས་ཐུན་མོང་སྐྱབས་འགྲོའི་སྡོམ་པ་ལེགས་པར་བཞེས་ཏེ་མཚན་ལ་བཀྲ་ཤིས་རྒྱལ་མཚན་གསོལ། རིགས་ཀྱི་ཁུ་བོ་གཡུང་དྲུང་རྒྱལ་མཚན་ཀློག་སློབ་པའི་དགེ་རྒན་དུ་བསྟེན། དགུང་ལོ་བཅུ་གཅིག་གི་སྟེང་གྲུབ་རྗེ་དབྲ་སྟོན་རིན་པོ་ཆེའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་སྟེང་ཆེན་དགོན་གྱི་ཚོགས་གྲལ་དུ་ཞུགས།

      དགུང་ལོ་ཉེར་བཞིའི་སྟེང་གྲུབ་པའི་འཁོར་བསྒྱུར་ཆེན་པོ་དབྲ་སྟོན་རིན་པོ་ཆེའི་ཕྱག་ཞབས་ལ་འབྲངས་ཏེ་བླ་མའི་ཕྱི་ནང་གསང་བའི་དགོངས་སྤྱོད་ཅི་མཛད་ཀྱང་མོས་གུས་དང་དག་སྣང་ཁོ་ནར་བརྟེན་ཏེ་དོན་རྒྱུད་དགོངས་པའི་བྱིན་རླབས་ཐུགས་རྒྱུད་ལ་བླངས་ཤིང་སྨྲ་བསམ་བརྗོད་བྲལ་གྱི་རིག་པ་རྗེན་འཆར་དུ་གཟིགས། ཁྱད་པར་དུ་གཡུང་དྲུང་བོན་གྱི་རྩ་བའི་གྲྭ་ས་ཡ་བཞིའི་ནང་ཚན་གཙང་རབ་ལེགས་གཡུང་དྲུང་གླིང་གི་མཁན་ཆེན་སྐལ་བཟང་ཉི་མ་ཏོག་གི་རྒྱལ་མཚན་ལས་སྐྲ་ཕུད་ཕུལ་ཏེ་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ལེགས་པར་བཞེས་པས་བསྟན་པ་འབྲུག་གྲགས་མཚན་གྱི་ཅོད་པན་གནངས། གཞན་ཡང་གཏེར་ཆེན་ཚེ་དབང་གྲགས་པ་དང་། གཏེར་སྲས་ཚེ་དབང་འགྱུར་མེད། ཀུན་གྲོལ་བདུད་འདུལ་གླིང་བ། སུམ་ལྡན་བསམ་གཏན་ཡེ་ཤེས་སོགས་མཁས་གྲུབ་ཉེར་བཞིའི་ཞབས་རྡུལ་རིང་དུ་བསྟེན་ཅིང་། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་རྒྱུ་མཚན་དུ་ཤེས་ནས། བྲག་དཀར་རྡོ་རྗེ་འཆང་བློ་བཟང་བསྟན་འཛིན་སྙན་གྲགས། ཀ་ཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ཏེ་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གཞུང་ལུགས་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་ཐུགས་གསན་མཛད།

      དེ་ཡང་འདུལ་བ་མདོར་བསྡུས་ལས། ཚུལ་ཁྲིམས་ལྡན་དང་དེ་ཉིད་མཁས། །གཞན་དོན་མཛད་དང་ནུས་ལས་བླང་། །ཞེས་གསུངས་པ་ལྟར། དགུང་ལོ་སུམ་ཅུ་བཞེས་པ་ས་བྱི་ལོར། མདོ་གམ་གྲུབ་པའི་གདུང་རྒྱུད་ཞིག་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་སྟག་ཞིག་གདུང་བྱོན་སེམས་དཔའ་ཆེན་པོ། རྗེ་དཔལ་ལྡན་སྨན་རི་བའི་མཁན་བརྒྱུད་ཟམ་མ་ཆད་པ་ལས་བྱུང་བའི་འདུལ་འཛིན་དམ་པ་ཡོངས་ཀྱི་བཤེས་གཉེན་གཤེན་རྒྱལ་བསྟན་འཛིན་མཆོག་གི་གཙོས། དགེ་བའི་བཤེས་གཉེན་དྲང་སྲོང་བཞི་སྡེ་ཟུང་གི་དྲུང་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དག་པ་དྲང་སྲོང་གི་སྲུང་ཁྲིམས་ཉིས་བརྒྱ་ལྔ་བཅུའི་ཚུལ་རྣམས་ལེགས་པར་མནོས་པས་མཚན་ལ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་དྲི་མེད་སྙིང་བོ་རུ་གསོལ། དེ་ནས་བཟུང་ཤི་ཤ་མ་གཏོགས་བསད་ཤ་བསྔོ་ཤའི་རིགས་དང་། དུ་ཆང་སྒོག་ཙོང་། པགས་གོས་བཞོན་རྟ་སོགས་ཀྱི་རིགས་རྣམས་གཏན་དུ་སྤངས་ནས། ལོ་དུས་ཀྱི་བསྙེན་མཚམས། ཟླ་དུས་ཀྱི་གསོ་སྦྱོང་། ཉིན་དུས་ཀྱི་ཞལ་འདོན་སོགས་ཆགས་མེད་དུ་མཛད་པ་ལ། དེ་ཉིད་ལས། བསྲུང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། །ཞེས་གསུངས་པ་ལྟར་འཇིག་རྟེན་གསུམ་ན་མངོན་པར་འཕགས་པའི་ཨུ་དུམ་ཝ་རའི་སྐྱེད་ཚལ་ཇི་བཞིན་ངུར་སྨྲིག་རྒྱལ་མཚན་འཛིན་པ་ཀུན་གྱི་མཛེས་རྒྱན་དུ་གྱུར།

      དགུང་ལོ་སོ་བཞིའི་སྟེང་སྒྲུབ་བརྒྱུད་བསྟན་པའི་རིང་ལུགས་སྐྱོང་བ་ལ་ཡིད་ཕྱོགས་ཏེ། ཀུན་སྤང་བྱ་བྲལ་གྱི་བརྟུལ་ཞུགས་ཁོ་ནས་ལྷག་པ་ཏིང་འཛིན་གྱི་སྟན་ལ་ལྷམ་མེར་བཞུགས་ཤིང་། སྡོམ་པ་གསུམ་གྱི་བཅས་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་པའི་ཡན་ལག་ཏུ། སྔོན་འགྲོའི་བསགས་སྦྱང་འབུམ་དགུ་དང་། ལམ་རིམ་གཤར་སྦྱང་། སྦྱིན་པ་རྣམ་བཞིའི་ཉམས་ལེན་བཅས་ཆགས་མེད་དུ་མཛད་དེ། མདོ་སྔགས་བོན་སྡེ་སྤྱི་དང་བྱེ་བྲག་གསང་བ་སེམས་ཕྱོགས་ཀྱི་རྒྱུད་སྡེ་རྣམས་ཤ་ཆོད་རུས་ཆོད་དུ་གསན་བཞེས་གནང་བས། ཕྲིན་ལས་ཀྱི་སྒོ་འཕར་ཆེན་པོ་གངས་ལྗོངས་སྟོད་སྨད་བར་གསུམ་ཀུན་ལ་ལྷོད་ཡངས་དལ་གྱིས་ཕྱེས། དེ་ཡང་བྱམས་འབུམ་ལས། རང་དོན་སྤངས་པས་གཞན་དོན་འགྲུབ། །གཞན་དོན་བྱས་པས་སངས་རྒྱས་མཉེས། །ཐུགས་རྗེ་ཆེ་བས་ཀུན་འདྲེན་འགྱུར། །ཞེས་གསུངས་པ་ལྟར། བདག་བས་གཞན་གཅེས་ཀྱི་བློ་སྟོབས་དང་བཅོས་མིན་སྙིང་རྗེ་ཆེན་པོ་གཞི་བཟུང་གི་སྒོ་ནས་རྒྱུ་འབྲས་མན་ངག་བདུན་གྱི་བོན་ལ་བློ་སྦྱངས་ཏེ། སྡིག་སྤོང་དགེ་བསྐུལ་དང་སྙིང་བོ་སྒོམ་ལུང་གི་བོན་སྦྱིན་རྒྱ་ཆེར་འགྲོ་ལ་བསྩལ་བས། བསྟན་སྤེལ་འགྲོ་ཕན་གྱི་བྱ་བཞག་ནམ་མཁའི་མཐའ་དང་མཉམ་ཞིང་། སྒོམ་པ་ཉིན་མཚན་དབྱེར་མེད་དུ་འདྲེས་པས་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་གྱུར་བ་མ་ཟད། ངོ་མཚར་ལམ་གྱི་རྟོགས་དང་གྲོལ་བའི་ཡོན་ཏན་ཐམས་ཅད་ཐུགས་རྒྱུད་ལ་ལྷུན་གྲུབ་ཏུ་བརྙེས།

      རྣམ་པ་ཀུན་ཏུ་སྙིང་བོ་བྱང་ཆུབ་སེམས་དང་མ་འབྲལ་བར་བསྐྱེད་རྫོགས་རྫོགས་ཆེན་གྱི་ཉམས་ལེན་རེས་མོས་སུ་བསྐྱངས་ཤིང་། མཚན་བཅས་མཚན་མེད་ཀྱི་དགེ་བ་སྟོབས་ཆེན་ཚོགས་སུ་འཕེལ་བ་ནས། ཇི་སྙེད་པ་ལྷག་མཐོང་གིས་བསྡུས་པའི་དམིགས་བཅས་དམིགས་མེད་ཀྱི་ལྟ་བ་དངོས་སུ་མཁྱེན་རྟོགས་བྱུང་། དཔྱད་འཇོག་སྒོམ་པའི་ཉམས་ལེན་ལ་ནན་ཏན་དུ་འདྲིས་ཤིང་གོམས་པར་བྱས་ནས་གྲུབ་ཐོབ་རིགས་བཞིའི་དགོངས་སྤྱོད་ཟབ་མོ་ཐུགས་སུ་ཆུད། ཐོས་བསམ་སྒོམ་གསུམ་གྱི་རིག་པ་འཕྲང་ལ་བཤར་བས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ཚད་དུ་སླེབས་པ་ཡང་། ཐུགས་རྗེ་ཉི་མ་ཤེས་རབ་མའི་རྒྱུད་ལས། ཅི་ཤེས་སངས་རྒྱས་དགོངས་པ་འཆར་བ་ཡིན། །གང་སྣང་རང་བྱུང་ཡེ་ཤེས་ཡུལ་དུ་གྲོལ། །ཅེས་གསུངས་པ་ལྟར་ལ། ཞོར་དུ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང་། བསྟན་འཛིན་གྱི་བྱ་བ་འཛིན་སྐྱོང་སྤེལ་གསུམ་གྱི་ཆ་རྣམས་ཕྲིན་ལས་གྱི་རང་བཞིན་དུ་རྣམ་པར་འཕེལ་བ་ཡིན་ཏེ། རྣམ་འབྱེད་ཉི་འོད་ཀྱི་རྒྱན་ལས། ཐམས་ཅད་མཁྱེན་པའི་སྟོན་པ་ཡིན། །ཡེ་ཤེས་ཕུང་བོ་བསམ་མི་ཁྱབ། །ཅེས་གསུངས་པའི་མཛད་འཕྲིན་གྱི་འོད་སྣང་ཕྱོགས་དང་རིས་སུ་མ་ཆད་པར་གངས་རི་རྭ་བའི་ཁོངས་ལས་བརྒལ་བ་ཡིན་ནོ། །

      དམ་པ་གང་གི་གསུང་གི་ཆ་ཤས་ལས་གྱུར་བའི་རྗེས་བཞག་བསྟན་པའི་བོན་སྒོ་ལའང་། གྲུབ་མཐའི་རྒྱལ་བོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་ལེགས་བཤད་རིན་པོ་ཆེའི་མཛོད་དང་། མདོ་སྔགས་བླ་མེད་དང་བཅས་པའི་བྱང་ཆུབ་ལམ་གྱི་རིམ་པའི་གཞུང་ཆེན་སྡེ་སྣོད་རིན་པོ་ཆེའི་མཛོད་རྩ་འགྲེལ། གྲུབ་མཐའ་དང་ཐེག་པ་སོ་སོའི་གནས་རྣམས་མ་ལུས་གསལ་བོར་སྟོན་པ་ལུང་རིགས་རིན་པོ་ཆེའི་མཛོད། བླ་མེད་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་རྒྱ་ཆེར་གསལ་བ་དབྱིངས་རིག་རིན་པོ་ཆེའི་མཛོད། སེམས་ཀློང་མན་ངག་སྡེ་གསུམ་གྱི་དགོངས་བཅུད་ཟབ་མོའི་སྙིང་ཐིག་ནམ་མཁའ་རིན་པོ་ཆེའི་མཛོད་ལ་སོགས་སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བའི་ཡིད་བཞིན་ནོར་བུའི་བང་མཛོད་ཆེན་པོ་ལྔ་དང་། གཞན་སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་དང་སྔོན་འགྲོའི་རྣམ་བཤད་བདེ་ཆེན་ཐར་བའི་ལམ་བཟང་སོགས་གདུལ་བྱ་ཐུན་མོང་བའི་སེམས་རྒྱུད་ལ་སྨིན་པའི་གླེགས་བམ་གྱི་སྐོར་དང་། ཐེག་པ་ཆེན་པོའི་ལམ་གྱི་རྟེན་གཞིར་གྱུར་བ་སྡོམ་གསུམ་རྣམ་འབྱེད་དང་། གསང་བ་སྔགས་ཀྱི་བསྙེན་སྒྲུབ་ལས་གསུམ་རྣམ་པར་འབྱེད་པ་ལྷ་གཉེན་ཤེལ་སྒོང་། མན་ངག་དངོས་གཞིའི་ཡང་ཏིག་རྫོགས་ཆེན་སྐུ་གསུམ་རང་ཤར་སོགས་ཐུན་མིན་ཐེག་པ་ཆེན་པོའི་ལམ་གྱི་ཉམས་ལེན་གྱི་འཐུས་སྒོ་ཚང་བའི་མན་ངག་བྱེ་བའི་རིང་བསྲེལ་དུ་གྱུར་བའི་ལྗགས་རྩོམ་སོགས་ཁྱོན་བསྡོམས་གླེགས་བམ་བཅུ་དྲུག་ལྷག་བཞུགས།

      རྗེ་བཙུན་བླ་མ་དམ་པ་ཁོང་ཉིད་ཀྱི་སྐུ་ཚེ་གང་བོར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྒྲུབ་པ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་གསུམ་གྱིས་བསྟན་འགྲོའི་ལས་དོན་རྒྱ་ཆེར་མཛད་པ་ཡིན་ཏེ། བླ་མ་ལི་ཤུའི་ཞལ་ནས། བདག་གི་ལུས་ནི་འོད་དུ་གནས། །འོད་ནི་ཁ་དོག་མཚན་མ་བྲལ། །བདག་གི་གསུང་ནི་བོན་དུ་སྤྲོ། །བོན་ནི་སྡེ་སྣོད་གསུམ་དུ་སྤྲོ། །བདག་གི་ཐུགས་ནི་ཡེ་ཤེས་ཉིད། །ངོ་བོ་རང་བཞིན་ཐུགས་རྗེ་གནས། །ཞེས་གསུངས་པ་ལྟར། དགུང་ལོ་དོན་དྲུག་བཞེས་པ་ཤིང་ཁྱི་ལོའི་ཧོར་ཟླ་བཞི་བའི་ཡར་ཚེས་ལ་གདུལ་བྱ་རྟག་ཏུ་རེ་བ་རྣམས་ལ་སུན་ཕྱུང་དགེ་བསྐུལ་ཏུ་གཟུགས་སྐུའི་བཀོད་པ་འཇའ་ལུས་འོད་གསལ་གྱི་སྐུ་རུ་དེངས་པའོ། །གསུང་སྐྱེས་བུ་སློབ་ལའང་། གཏེར་ཆེན་གསང་སྔགས་གླིང་བ་ཡབ་ཡུམ་དང་། རྒྱལ་ཚབ་བློ་གྲོས་རྒྱལ་མཚན། འཇའ་ལུས་ཟླ་བ་གྲགས་པ། ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན། སྐལ་བཟང་བསྟན་པའི་ཉི་མ། ཀུན་གྲོལ་འགྲོ་འདུལ་གླིང་བ། སྐལ་བཟང་བསྟན་པའི་རྒྱལ་མཚན། བྱ་བཏང་ཚེ་དབང་འགྱུར་མེད། རྣལ་འབྱོར་ཤེས་རབ་མཆོག་ལྡན། གྲུབ་དབང་ཚུལ་ཁྲིམས་དབང་ཕྱུག་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བསྟན་འགྲོའི་དོན་ཆེན་ནུས་པ་སྟོང་ཕྲག་དུ་མ་དང་། གཞན་དབང་ལུང་ཁྲིད་ཐོབ་ཀྱི་སློབ་མར་གྱུར་བ་རིས་མེད་ཀྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་འབུམ་ཕྲག་མཐའ་ཡས་མདོ་དབུས་ཁམས་གསུམ་ཀུན་ཏུ་ཁྱབ་པ་མ་ཟད། དེང་གི་དུས་ནའང་གཡུང་དྲུང་བོན་གྱི་བཀའ་བརྟེན་རྒྱ་མཚོའི་ཁྲོད་ན་རྗེ་འདི་ཉིད་ཀྱི་གསུང་འབུམ་ནི་ཆེས་འབུར་ཐོན་དུ་བགྲང་ཞིང་། དཔར་གྲངས་ཆེས་མང་བ། ཕྱི་ནང་རྒྱལ་ཁབ་ཁག་གི་མཁས་པ་རྣམས་ཀྱིས་དཔྱད་གཞིར་གྱུར་ཅིང་། ཞིབ་འཇུག་གི་རིན་ཐང་ཚད་དང་ལྡན་པ་སོགས་བཀའ་དང་བཀའ་བརྟེན་རྣམས་ཀྱི་ཉིང་ཁུ་གསེར་ཞུན་ཐིགས་པ་ལྟ་བུ་ཡིན་ནོ། །

གཞུང་དོན་དངོས་ལ་བལྟ་བ།

      སྡེ་སྣོད་རིན་པོ་ཆེའི་མཛོད་ཡིད་བཞིན་འབྱུང་བའི་གཏེར་ཞེས་བྱ་བ་འདི་ནི། གཞུང་དོན་ལ་རྩ་བའི་ཆ་ནས་ལེའུ་ཉེར་གཅིག་གིས་གྲུབ་པ་ཡིན་ལ། རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་དགོངས་གཞི་ཐམས་ཅད་གཅིག་ཏུ་དྲིལ་ནས། ཐེག་ཆེན་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་ལྟ་སྤྱོད་སྒོམ་འབྲས་མ་ལུས་པ་གསལ་བར་བསྟན་པའི་དགོངས་རྩོམ་རྩ་ཆེན་ཞིག་ཡིན་ལ། དབྱིངས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་དུ་བསྟན་པའི་གཡུང་དྲུང་གི་ཚིག་རྐང་ཟབ་མོ་བཞི་ལ་སོགས་རྟེན་འབྲེལ་གྱི་མཚམས་སྦྱར་གནང་བ་འདིས་མཚོན། སྦྱངས་སྟོབས་ལས་བསྐྱེད་པའི་རིག་པའི་ཤེས་རབ་ཀྱི་མེ་དཔུང་མཆེད་པ་ཁོ་ནས་མ་ཡིན་ལ། སྐྱེས་སྟོབས་ཀྱིས་སྨིན་པའི་ཉི་གཞོན་དཔལ་དུ་སྒྲོན་པའི་རིག་པའི་འོད་སྣང་ཟུང་ལས་སྡེ་སྣོད་མཛོད་ཀྱི་གླེགས་བམ་རྒྱ་ཆེར་སྤྲོས་པ་ཞིག་ཡིན་པ་གོར་མ་ཆག སྡེ་སྣོད་རིན་པོ་ཆེ་མཛོད་ནི་གདུལ་བྱ་དབང་བོ་རྣོ་རྟུལ་འབྲིང་གསུམ་ལ་དགོངས་ཏེ་དཀའ་སྤྱད་ཀྱི་སྡེ་དང་། སླ་འགྱུར་ཀྱི་སྡེ། གཉིས་ཀ་མ་ཡིན་པའི་སྡེ་གསུམ་ཚང་བའི་རྒྱུ་འབྲས་གཉིས་ཀྱི་ཐེག་པ་གཏན་ལ་ཕབ་པའང་མཚན་དོན་ལ་བལྟས་ན་ཚིག་གི་སྒྲ་སྤྱི་ཙམ་གྱིས་ཀྱང་དོན་གྱི་ནུས་པ་ཤུགས་ཀྱིས་རྟོགས་པར་ནུས་སོ། །གཞུང་འདི་རྩོམ་པའི་ཆ་ནས་ཀྱང་རང་གཞན་ཀུན་གྱི་དགོངས་པ་དང་མཐུན་པར་སྐྱབས་ཡུལ་ཁྱད་པར་ཅན་ལ་མཆོད་བརྗོད་དང་། རྩོམ་པའི་དམ་བཅའ། མཇུག་ཏུ་བསྔོ་སྨོན་དྲི་མ་མེད་པའི་མཚམས་སྦྱར་བཅས་ལྡན་པར་མ་ཟད། ཁྱད་པར་བོན་གྱི་གཞུང་ལུགས་ཀྱི་གོ་རིམ་བཞིན་དུ་བྱུང་ཁུངས་ཀྱི་ཁོག་དབུབ་པ། དོན་ཆེད་ཀྱི་དམིགས་བཙལ་བ། རྩ་བའི་མདོར་བཟུང་བ། ཚིག་གི་འབྲུ་གཉེར་བ་དང་བཞིའི་སྒོ་ནས་འཆད་ཚུལ་ལྡན་ཡོད། ཚིག་འབྲུ་གཉེར་བའི་སྐབས་སུ་ཚིག་གི་ལོ་མས་སྤྲས་ཚུལ་གྱི་རིགས་ལ་ཅུང་མི་འདྲ་བ་རེ་ཡོད་པ་ནི། ཤར་རྫ་གཡུང་དྲུང་ལྷུན་པོའི་རི་ཁྲོད་ཀྱི་ཤིང་པར་དང་། རྔ་ལྗོངས་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་ཤིང་པར། བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཤིང་པར་སོགས་ལས་གསལ་བ་ལྟར། རིན་ཆེན་རྣམ་གསུམ་གྲགས་པའི་དབྱངས་སྙན་པོ། །སྒྲ་འཛིན་ལྷ་མོའི་ནོར་དུ་ཐོབ་པའི་མོད། །ཅེས་དང་། ཤིང་པར་ལ་ལར། ཐོས་འཛིན་ལྷ་མོའི་ནོར་དུ་ཐོབ་པའི་མོད། །ཅེས་གསུངས་པ་གཉིས་ནི་སྒྲ་འཛིན་དང་ཐོས་འཛིན་གང་ཡིན་ཀྱང་རྣ་བའི་མིང་དུ་གོ་རྒྱུ་མ་གཏོགས་གཞན་ཤུགས་བསྟན་དུ་ཅང་མེད་ལ། ཡང་ཤིང་པར་ལ་ལར། ལྷ་མོ་འཕྲུལ་བཟའི་སྙན་དུ་ཐོབ་པའི་མོད། །ཅེས་འབྱུང་བ་ནི་གཏམ་རྒྱུད་དུ་སྦྱར་རྒྱུ་ཡོད་པ་ཞར་བྱུང་དུ་ཤེས་པར་བྱའོ། །

      ལེའུ་དང་པོའི་ནང་མཚན་ལྡན་བླ་མ་བསྟེན་པ་ལ། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་བླ་མ་ལ་རགས་ལས་ཕྱིར། མཚན་ལྡན་གྱི་བླ་མའི་མཚན་ཉིད་དང་བཅས་པ་གཏན་ལ་ཕབ་སྟེ། མཚན་ལྡན་བསྟེན་ཅིང་མི་ལྡན་པ་སྤང་བ། དེ་བཞིན་དུ་སློབ་མ་ལའང་སྤང་བླང་གི་ཁྱད་པར་ཕྱེས་ནས། བསྟེན་བྱ་མཚན་ཉིད་དང་ལྡན་པ་ལ་བཀའ་དྲིན་ཞུ་ཞིང་དེ་དག་གི་དགོངས་སྤྱོད་ལ་བསླབ་པར་བྱ་རྒྱུ་དེ་རིགས་བསྟན་པ་དང་། ལེའུ་གཉིས་པ་ནས་ལྔ་བའི་བར་དུ་ཚེ་འདིའི་སྣང་ཤེས་ལྡོག་པ་ལ་དལ་འབྱོར་རྙེད་པར་དཀའ་བ་དང་འཆི་བ་མི་རྟག་པར་བསམ་པ་དང་། ཚེ་ཕྱི་མའི་སྣང་ཤེས་ལྡོག་པ་ལ་འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ཐམས་ཅད་ཕྲ་ཞིང་ཕྲ་བ་ནས་བསྟན་ཡོད། དེ་ལས་དལ་བ་བརྒྱད་དང་འབྱོར་བ་བཅུ་ཡི་རང་བཞིན་ངོས་བཟུང་སྟེ། དལ་འབྱོར་ལྡན་པའི་མི་ལུས་རིན་པོ་ཆེ་རྙེད་དུས་གཡུང་དྲུང་གི་བོན་ལ་འབད་པ་བྱེད་དགོས་ཚུལ་བཤད་པ་དང་། དེ་ལས་ལྡོག་ན་དལ་འབྱོར་གྱི་མི་ལུས་རྙེད་དཀའ་བའི་རྒྱུ་མཚན་བཤད་པ། དལ་འབྱོར་རྙེད་མ་རྙེད་ཀྱི་སྐྱོན་ཡོན་བཤད་པ། དལ་འབྱོར་ཆུད་མི་གསོན་པར་དགེ་བའི་བསྐུལ་མ་ཐེབས་སུ་འཇུག་པ་དང་། འཆི་བ་མི་རྟག་པའི་རང་བཞིན་ལའང་། ཆགས་གནས་འཇིག་སྟོངས་བཞི་ཡི་བསྐལ་བའི་ཆགས་འཇིག་གླེང་བ། དེ་ལས་ནང་བཅུད་སེམས་ཅན་གྱི་གྲོལ་ལུགས་སྤྱིར་བསྟན་ཏེ། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་དུ་ཤེས་སུ་འཇུག་པ། མི་རྟག་པ་རྒྱུད་ལ་མ་སྐྱེས་པའི་ཉེས་དམིགས། དེ་དག་རྒྱུད་ལ་སྐྱེས་པའི་ཕན་ཡོན་དང་བཅས་པའི་སྒོ་ནས་བསྟན་ཡོད། འཁོར་བའི་ཉེས་དམིགས་ཀྱི་རྣམ་པ་ནི། སྡུག་བསྔལ་གསུམ་གྱི་གཤིས་ལུགས་སུ་མ་གྲུབ་པ་མེད་པའི་ཕྱིར་ཏེ། དེ་དག་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ལས་འཕྲོས་ཤིང་། ངན་སོང་གསུམ་གྱི་རང་བཞིན་དང་། ཚེ་ཚད། མྱོང་འགྱུར་གྱི་རྣམ་པ་སོགས་ཇི་མ་ཇི་བཞིན་དུ་གསུངས་ཡོད། ལས་འབྲས་ཀྱི་རྣམ་བཞག་གི་སྐབས་སུ་ཡང་། བདེ་སྡུག་ལས་ཀྱི་གོ་རིམ་ངེས་པ་དང་། ལས་ལས་འབྲས་བུ་འབྱིན་ཚུལ། ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བར་བསྟན་ཏེ། ལས་དགེ་སྡིག་གཉིས་ཀྱི་སྤང་བླང་གི་ཁྱད་པར་རབ་ཏུ་བསྟན་ཏེ་རྣམ་པར་སྨིན་པའི་འབྲས་བུ་འབྱིན་ཚུལ་བཅས་ཕྲ་ཞིབ་ཏུ་གདམས་ཡོད།

      ལེའུ་དྲུག་པ་ནས་བདུན་པའི་བར་ནི་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་བློ་སྟོབས་དང་བསམ་པའི་འཁྱེར་སོ་དང་བསྟུན། བསོད་ནམས་ཆ་མཐུན་དུ་བསྐྲུན་པའི་དགེ་བའི་སྟོབས་ལས། བདེ་བ་དངོས་སུ་ཐོབ་འདོད་ཀྱི་བསམ་པ་སྐྱེས་ནས་རྒྱུ་དགེ་བ་ལ་བརྩོན་པ་བསྐྱེད་པའི་ཕྱིར་དུ། ཕྱི་མར་བདེ་ཐབས་ཙམ་དོན་དུ་གཉེར་བ་ནི་སྐྱེས་བུ་ཆུང་ངུའི་བློ་ཅན་ཞེས་བྱ་ལ། ཕྱི་མ་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་ནས་གྲུབ་པའི་འབྲས་བུ་མི་ནས་ལྷ་རུ་མངོན་པར་མཐོ་བའི་དཔལ་འབྱོར་ཐོབ་ཚུལ་བཤད་པ་དང་། དགེ་བ་བཅུ་དང་། སྦྱིན་པ་དང་། ཏིང་ངེ་འཛིན་ལ་སོགས་བསོད་ནམས་ཆེ་འབྲིང་ཆུང་གསུམ་གྱིས་བསགས་པའི་དགེ་བའི་སྟོབས་ལས། བདེ་འགྲོ་མི་དང་ལྷ་མིན་དང་ལྷ་རྣམས་ཀྱི་གནས་ལུས་ལོངས་སྤྱོད་སོགས་སུ་ཐོབ་པ་ཡིན་ཏེ། དེ་ལ་གླིང་བཞིའི་མི་དང་། རི་རབ་ཀྱི་ལྷ། རྒྱལ་ཆེན་རིགས་བཞི། རྩ་གསུམ་གྱི་ལྷ། འདོད་ལྷ་རིགས་དྲུག གཟུགས་ཁམས་གནས་རིས་བཅུ་བདུན། གཟུགས་མེད་སྐྱེ་མཆེད་མུ་བཞི་སོགས་ཀྱི་རང་བཞིན་རྒྱས་པར་གསུངས་ཡོད། སྐྱེས་བུ་འབྲིང་གི་ལམ་དང་འབྲེལ་བའི་བླ་ན་མེད་པ་ལའང་། གཤེན་རབ་ཀྱི་བདེན་པ་བཞི་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས། འཁོར་བ་སྤྱིའི་སྡུག་བསྔལ་གྱི་དོན་རྣམས་བསྡུས་ཏེ་བསྟན་པ་མ་ཟད། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་གཏན་ལ་ཕབ་སྟེ་དགེ་བའི་ཕན་ཡོན་ཞིབ་རྒྱས་སུ་བསྟན་ཡོད། ལེའུ་བརྒྱད་པ་དང་དགུ་བའི་ནང་དུ། སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་དང་། ཐེག་པ་ཆེན་པོའི་ལམ་གྱི་འཇུག་སྒོ་སེམས་བསྐྱེད་གཉིས་སྔ་ཕྱིར་བསྟན་ཏེ། སྐྱབས་སུ་འགྲོ་བའི་རྒྱུ་དང་། སྐྱབས་འགྲོའི་ངོ་བོ། དེའི་དབྱེ་བ། དེ་དག་གི་རང་བཞིན། བསྲུང་བའི་ཕན་ཡོན། སོ་སོའི་བསླབ་བྱ་སོགས་རྣམ་པ་མ་འདྲེས་པ་ཀུ་ཤུའི་རྩེ་མོ་ལྟར་གསལ་ཞིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་ཡང་། ལམ་ཐེག་ཆེན་དུ་འགྱུར་ཚུལ་དང་། གང་ཟག་ཐེག་ཆེན་དུ་འགྱུར་ཚུལ། ཐེག་པ་ཆེན་པོའི་ལམ་དངོས་སུ་གཏན་ལ་ཕབ་ནས། སེམས་བསྐྱེད་མ་བཞི་དང་། རྒྱུ་འབྲས་མན་ངག་བདུན་གྱི་བོན་ལ་བློ་སྦྱོང་བྱེད་ཚུལ་དང་། བྱང་སེམས་ཡོངས་སུ་བཟུང་བའི་བསླབ་བྱ་དང་བཅས་པའི་དོན་བསྟན་པ་དང་། ལེའུ་བཅུ་བར་ཕར་ཕྱིན་ཕྱི་མ་གཉིས་ཏེ། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་དང་། ཞི་ལྷག་དང་བདག་མེད་རྣམ་གཉིས་ཀྱི་དོན་རྒྱ་ཆེར་གཏན་ལ་ཕབ་པ་སྟེ། གོང་གསལ་གྱི་ལེའུ་འདི་དག་ནི་རྒྱུ་མཚན་ཉིད་ཀྱི་གྲུབ་མཐའི་ལྟ་བ་དང་ཐེག་པ་ཆུང་འབྲིང་གི་སྐྱེས་བུའི་ཉམས་ལེན་དུ་ལེགས་པར་གསུངས་པ་ཡིན་ནོ། །

      ལེའུ་བཅུ་གཅིག་ནས་བཅོ་བརྒྱད་བར་ནི། ཐབས་ཆེ་སྒོ་ཡངས་འབྲས་བུ་གསང་སྔགས་བླ་ན་མེད་པའི་ལམ་གྱི་རིམ་པ་སྟེ། འབྲས་བུའི་རྣམ་བཞག་བཤད་པ་དང་། རྒྱུ་ལས་འབྲས་བུ་ཁྱད་པར་དུ་འཕགས་ཚུལ་བརྗོད་པ། ཁྱད་པར་ཅན་གྱི་ལམ་དངོས་སུ་བཤད་པ་གསུམ་གྱིས་བསྟན་ཞིང་། བྱ་རྒྱུད་དང་སྤྱོད་རྒྱུད། ཡེ་གཤེན་དང་ཡེ་གཤེན་ཆེན་པོའི་རྒྱུད་སྡེ་རྣམས་ཀྱི་རང་བཞིན་དང་དབྱེ་བ་སོ་སོར་སྤྲོས་པ། གསང་སྔགས་ཀྱི་འཇུག་སྒོ་དབང་བཞི་སྟེ། ཕྱི་བུམ་པའི་དབང་དང་། ནང་གསང་དབང་། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་། ཡང་གསང་ཚིག་དབང་དང་བཅས་པ་ལེན་ཚུལ་ཕྲ་ཞིང་ཕྲ་བ་བརྗོད་པ་དང་། གསང་སྔགས་ཀྱི་གཞི་དྲུག་ཅེས་བྱ་བ་དབང་དང་། ལྟ་བ། སྤྱོད་པ། སྒོམ་པ། དམ་ཚིག ཕྲིན་ལས་དང་ལྔའི་སྒོ་ནས་རང་བཞིན་གཏན་ལ་ཕབ་པ་དེ་དག་ཡིན་ཚུལ་བསྟན་ཡོད། ཉམས་སུ་བླང་བྱ་ལྟ་སྤྱོད་སྒོམ་པའི་ལམ་གྱི་གནས་སྐབས་སུ་ཡང་། ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་སུ་བསྟན་པས། དེ་དག་རེ་རེ་ལའང་སྦྱང་བྱ་དང་སྦྱོང་བྱེད། སྦྱངས་འབྲས་དང་དེ་དག་གི་དག་དྲན་དང་བཅས་པ་ཟུར་མཐོང་ལེགས་བསྟན་གྱི་རྣམ་པར་གསུངས་ཡོད། གསང་བ་སྔགས་ཀྱི་གཞི་འཛིན་པ་ལ་དམ་ཚིག་གི་གནད་གལ་ཆེན་དུ་གསུངས་ཤིང་། ཕྲིན་ལས་ཀྱི་རྣམ་པ་དང་གོ་རིམ་ལ་འཇུག་པའི་ཕྱིར་དུ་བསྙེན་པའི་གཞི་མ་སྒོ་དགུ། སྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་བསྒྱུར་མཆོང་ཆེན་སྡེ་དགུ་སོགས་བསྙེན་སྒྲུབ་ལས་གསུམ་གྱི་ཡན་ལག་སུམ་ཅུ་སོ་དྲུག་གི་གྲངས་སུ་གཏན་ཕབ་གནང་ཡོད། འདི་ལྟར་བསྐྱེད་རིམ་གྱིས་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་སྐུ་དང་ཞིང་ཁམས་ཀྱི་མོས་པ་ལམ་དུ་བྱེད་པའི་དགོས་པ་རྒྱ་ཆེར་བསྟན་ཡོད།

       རྫོགས་རིམ་པས་ནི་སེམས་ཀྱི་རང་བཞིན་ཤེས་པས་སྒྱུ་མ་ལྟར་སྣང་གི་ཞེན་པ་དག་པར་བྱེད་པ་སྟེ། གྲོལ་བྱ་རྫོགས་རིམ་ལ་འཇུག་པའི་གཞི་རྩ་རླུང་ཐིག་ལེ་གསུམ་དང་། ལམ་གྱི་རང་བཞིན་ལའང་། རྩ་བ་ཐབས་ལམ་གཏུམ་མོ། ཉིན་སྣང་ལམ་དུ་ལྷོངས་པ་སྤྱོད་པ་དང་སྒྱུ་མ། མཚན་སྣང་ལམ་དུ་སློང་བ་རྨི་བ་ལམ་ཁྱེར། གཉིད་པ་ལམ་དུ་ཁྱེར་བ་འོད་གསལ། འཆི་སྣང་ལམ་དུ་བྱེད་པ་བར་དོ་དང་འོག་སྒོའི་གདམས་པ། འཕེན་པ་ལམ་ཁྱེར་འཕོ་བའི་གདམས་པ་སོགས་ཚེ་ལུས་གཅིག་ལ་ཡེ་ཤེས་བླ་མེད་ཀྱི་གོ་འཕང་བདེ་བླག་ཏུ་མངོན་པར་གྲོལ་བའི་གདམས་པ་ཁྱད་པར་ཅན་བསྟན་པ་དང་། ལེའུ་བཅུ་དགུ་ནས་ཉེར་གཅིག་བར་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་གྱུར་ཅིང་འཁོར་འདས་ལམ་གསུམ་གྱི་མཐའ་རུ་ཐུག་པ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་བཅུད་གཅིག་ཏུ་བསྡུས་པའི་བརྗོད་བྱ་ཤིན་ཏུ་གཏིང་ཟབ་པ། རང་བཞིན་རྫོགས་པ་ཆེན་པོའི་གཞིའི་གནས་ལུགས་གཏན་ལ་ཕབས་ཏེ་གསུངས་པ་དང་། དེ་དག་ལས་དཀའ་བའི་གནད་འགའ་གཙོར་བཏོན་ནས། གཞི་དང་བོན་སྐུའི་ཁྱད་པར་ཕྱེ་བ་དང་། སེམས་དང་ཡེ་ཤེས་ཀྱི་ཁྱད་པར་ཕྱེ་ནས་བསྟན་ཏེ། སེམས་སྡེ་དང་ཀློང་སྡེ་མན་ངག་གི་སྡེ་གསུམ་ལས། དགོས་པ་བཞི་དང་གདེངས་ཚད་གསུམ། བྱ་བྲལ་ལྔ་ཡི་སྒོ་ནས་བོན་ཉིད་ཀྱི་དོན་ལ་ལ་ཆེན་བཟླ་བ་དང་། ཁྱད་པར་དུ་འོད་གསལ་ཐོད་བརྒལ་གྱི་མན་ངག་ལ་བརྟེན་ནས་ཕྱི་འབྱུང་བ་དེངས་པས་གཟུང་འཛིན་གྲོལ་བ་དང་། ནང་འབྱུང་བ་དག་པས་ཤ་ཁྲག་གདོས་བཅས་ཀྱི་ཕུང་ཁམས་འོད་དུ་ལྷག་པ། འཁྲུལ་ཤེས་ལོག་པའི་བག་ཆགས་དང་བཅས་པའི་ཡུལ་ཤེས་ལྷ་སྐུར་ཤར་ཏེ། སྐུ་གསུམ་ལམ་དུ་ཆོད་ཅིང་བདེ་ཆེན་དབྱེར་མེད་སངས་རྒྱས་ཀྱི་ས་ལ་ཅིག་ཅར་མནོས་ཤིང་། ཀ་དག་གཞོན་ནུ་བུམ་སྐུའི་ཀློང་དུ་གྲོལ་བའི་གདམས་པ་ཁྱད་པར་ཅན་ཏེ། ཐེག་པ་ཆེན་པོ་བླ་ན་མེད་པ་དཀའ་སྤྱད་ཀྱི་སྡེ་སོགས་སྐྱེས་བུ་རབ་ཀྱི་ཉམས་ལེན་ཟབ་མོ་རྣམས་གླེགས་བམ་འདི་རུ་མཛད་ཡོད་དོ། །

མཐར་ཕྱིན་དོན་གྱི་མཇུག་བསྡུ་བ།

      ཐེག་པ་སྤྱི་དང་ཕྱི་ནང་གི་གྲུབ་མཐའ་ཀུན་ལ་མ་གྲགས་པའི་སྐྱེས་བུ་གསུམ་གྱི་ཉམས་ལེན་ལྟ་སྤྱོད་སྒོམ་འབྲས་ཀྱི་རྣམ་བཞག་མ་ལུས་གསལ་བར་སྟོན་པའི་གཞུང་ལུགས་རྩ་ཆེན་འདི་ནི། གཡུང་དྲུང་བོན་གྱི་བཀའ་བརྟེན་རྒྱ་མཚོའི་ཁྲོད་ནས་ཀྱང་། མདོ་སྔགས་རྫོགས་གསུམ་གྱི་འཐུས་སྒོ་ཚང་བའི་གཅིག་ཤེས་ཀུན་གྲོལ་གྱི་རྒྱུ་རུ་འགྲོ་བའི་གཞུང་འདི་ཤ་སྟག་ཏུ་མངོན་པ་མ་ཟད། གཞུང་ལུགས་ཀྱི་ཆ་ནས་ཀྱང་རྒྱལ་བའི་བཀའ་དང་འཕགས་པའི་བཀའ་བརྟེན་ཐམས་ཅད་རྒྱབ་བརྟེན་དུ་བཅོལ་ནས། ཚད་མ་གསུམ་དང་མི་འགལ་བའི་རིག་པ་ཕྲ་མོས་ལེགས་བཤད་རྣམ་དག་ཏུ་བཟོས་པ་ཁོ་ནས་མ་ཡིན་ལ། རྗེ་འདི་བས་གཞུང་འདི་ཚུལ་བཞིན་ཉམས་སུ་བླངས་ནས་རྫོགས་པ་ཆེན་པོ་འཇའ་ལུས་འོད་གསལ་གྱི་སྐུ་རུ་གྲོལ་བ་ཡང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རབ་བྱུང་བཅུ་དྲུག་པའི་ཤིང་ཕག་སྟེ་སྤྱི་ལོ༡༩༣༥ལོར། མདོ་ཁམས་གླིང་ཚང་རྫ་པ་བཀྲ་ཤིས་འོད་ཟེར་འཇའ་ལུས་སུ་དེངས། ཞེས་མཇུག་གི་རེའུ་མིག་ཏུ་བཀོད་འདུག་པའང་ཅུང་ཙམ་ནོར་དོགས་ཏེ། དོན་དངོས་སུ་དམ་པ་ཁོང་ཉིད་འཇའ་ལུས་སུ་བརྙེས་པའི་དུས་ནི་ཤིང་ཁྱི་སྟེ་སྤྱི་ལོ༡༩༣༤ལ་འཁེལ་ཞིང་། མཚན་ལའང་ཐུན་མོང་དུ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ཞེས་སུ་འབོད་པ་དང་། མཚན་གྱི་རྣམ་གྲངས་ལ་ཕྱི་ལྟར་དྲི་མེད་སྙིང་བོ། ནང་ལྟར་འཇིགས་མེད་དབང་བོ། གསང་བ་ལྟར་ན་རིག་པ་རང་ཤར། དག་པ་དྲང་སྲོང་གི་མཚན་ལ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཞེས་སུ་གསོལ་བ་ཡིན་ནོ། །དུས་རབས་ཉི་ཤུ་བའི་དུས་དཀྱིལ་ཙམ་ལ། དམ་པ་ཁོང་གི་ཞལ་སློབ་ཏུ་གྱུར་བའི་ཐུགས་སྲས་འཇའ་ལུས་ཟླ་བ་གྲགས་པའི་དཔལ་དང་། མི་ནུབ་བླ་མ་གཡུང་དྲུང་མཐུ་རྩལ་སོགས་ཤར་རྫ་ཡབ་སྲས་གསུམ་ཡང་ཚེ་ལུས་གཅིག་ལ་ཟག་མེད་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་རུ་དེངས་པའི་ངོ་མཚར་ལ། ཕྱི་ནང་མཁས་པ་ཀུན་གྱིས་གདེང་འཇོག་ཐོབ་པ་མ་ཟད། ཚིག་དོན་གཉིས་ཀྱི་མཁས་པ་ཆེན་པོར་ཡང་དག་ཏུ་ལྟ་བ་ཡིན། དེ་བས་གཞུང་ལུགས་འདི་ལ་དཔྱིས་ཕྱིན་པར་བལྟ་བ་དང་། ཀློག་པ། ཉམས་ལེན། གཤར་སྒོམ་མཐིལ་ཕྱིན་དུ་བྱེད་རྒྱུ་གལ་ཆེན་དུ་འདུག་པས། ཁ་བ་རི་བོའི་གངས་གསེང་ལས་བརྡོལ་བའི་བོད་ཀྱི་ཤེས་རིག་ཐོག་མ་བོན་གྱི་གཞུང་ལུགས་ལ་ཞིབ་འཇུག་དང་དཔྱད་བསྡུར་བྱེད་མཁན་རྣམས་ཀྱིས་ཀྱང་། སྡེ་སྣོད་མཛོད་ཆེན་འདིའི་དགོངས་དོན་ལ་བལྟ་ཀློག་དང་ཤེས་རྟོགས་བྱུང་ན་ཤེས་བྱ་རྒྱ་མཚོའི་འཇིང་ལས་བརྒལ་བར་ཐེ་མི་ཚོམ་ཞེས་ཞུའོ།།

2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་དགུ་བ་ལས་བཤུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1