གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

འབའ་སྟོད་ཚེ་དབང་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༡༤ཉིན།

༄༅།།གནའ་དེང་ཕྱི་ནང་གི་ལོ་ཙཱའི་གཞུང་ལུགས་སྡུད་ལེན་བྱེད་སྟངས་སྐོར་མདོར་ཙམ་གླེང་བ།


འབའ་སྟོད་ཚེ་དབང་རྡོ་རྗེ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་བོད་སྲོལ་རྒྱུན་གྱི་ལོ་ཙཱའི་གཞུང་ལུགས་ཉིད་གནའ་དེང་ཕྱི་ནང་གི་ལོ་ཙཱའི་གཞུང་དཔྱད་སྣ་ཚོགས་དང་ཞིབ་སྡུར་བྱས་པ་བརྒྱུད་དེའི་ཐུན་མིན་གྱི་ཁྱད་ཆོས་དང་ཞན་ཆ་སོགས་ཟུར་དུ་བཏོན་པའི་རྨང་གཞིའི་སྟེང་། རྒྱལ་ཁབ་དང་མི་རིགས་གཞན་གྱི་ལོ་ཙཱའི་གཞུང་ལུགས་ལས་ཉིང་བཅུད་དང་ལེགས་ཆ་རྣམས་སྡུད་ལེན་བྱས་ཏེ་རང་གི་སྟོང་ཆ་སྐོང་བའི་གསོས་སུ་བསྒྱུར་རྒྱུ་སྟེ། ཅིའི་ཕྱིར་བསྡུ་ལེན་བྱེད་དགོས་པ་དང་། ཇི་ལྟར་བསྡུ་ལེན་བྱེད་པ། གང་ཞིག་བསྡུ་ལེན་བྱེད་དགོས་པ་ལ་སོགས་པར་དཔྱད་པ་མདོར་བསྡུས་ཙམ་བཏང་ཡོད་དོ། །
[གནད་ཚིག] གནད་ཚིག གནའ་དེང་ཕྱི་ནང་། ལོ་ཙཱའི་གཞུང་ལུགས། བསྡུ་ལེན།
        ང་ཚོ་ཚང་མས་མཁྱེན་གསལ་ལྟར། ཡིག་རིགས་མི་འདྲ་བ་རྣམས་ཕན་ཚུན་དུ་བསྒྱུར་བའི་ལོ་ཙཱའི་བྱ་བ་ནི་མིའི་རིགས་ཐུན་མོང་ལ་སྤྱི་ཁྱབ་ཏུ་མངའ་བའི་རིག་གནས་འབྲེལ་འདྲིས་ཀྱི་བྱ་བ་ཞིག་ཡིན་ལ། རིག་གནས་བྱེད་སྒོ་དེའི་ཁྲོད་དུ་སྤྱི་མཐུན་གྱི་ཆོས་ཉིད་དང་ཁྱད་ཆོས་ལ་སོགས་ངེས་ཅན་ཞིག་ལྡན་པའི་ཞོར་དུ། མི་རིགས་སོ་སོར་ཕན་ཚུན་ལ་སྡུད་ལེན་དང་སློབ་སྦྱོང་བྱ་འོས་པའི་ཉམས་མྱོང་དང་བསླབ་བྱ་ཐུན་མོང་མ་ཡིན་པ་གནས་པའང་སྨོས་མ་དགོས། དེ་བཞིན་རང་རེའི་བོད་མི་རིགས་འདིར་མཚོན་ནའང་། ཡུན་རིང་ཞིང་འོད་སྟོང་འབར་བའི་ལོ་ཙཱའི་ལོ་རྒྱུས་ལྡན་པར་མ་ཟད། ལོ་ཙཱའི་གཞུང་ལུགས་སྐོར་གྱི་དཔྱད་བརྗོད་ཀྱང་མི་ཉུང་བ་ཞིག་བྱུང་ཡོད། ཡིན་ཀྱང་ང་ཚོས་བོད་ཀྱི་ལོ་ཙཱ་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་དང་བསྔགས་བརྗོད་བྱེད་པའི་ཞོར་དུ། རྒྱལ་ཁབ་དང་མི་རིགས་གཞན་གྱི་ལོ་ཙཱའི་གཞུང་ལུགས་སོགས་དང་གཤིབ་བསྡུར་བྱས་པ་བརྒྱུད་དེའི་ཞན་ཆའམ་མི་འདང་ས་དེའང་ངེས་པར་མཐོང་དགོས་ལ་ཁས་ཀྱང་ལེན་དགོས། དེ་བས་མི་རིགས་རང་ལྟ་མཆོག་འཛིན་གྱི་བསམ་བློ་དེ་དོར་ནས་གཞན་གྱི་ལོ་ཙཱའི་གཞུང་ལུགས་རྣམས་འབད་པ་ཆེན་པོས་སྦྱང་དགོས་ལ། ལྷག་པར་དུ་བོད་རང་གི་ལོ་ཙཱའི་བྱ་བར་ངེས་པར་དུ་མཁོ་བའི་ལོ་ཙཱའི་གཞུང་བཤད་དང་དེའི་ཞིབ་འཇུག་རིགས་ལམ་རྣམས་ཅི་ནུས་སྒོས་སྡུད་ལེན་བྱེད་པ་སྟེ། གཞན་གྱི་ལེགས་ཆ་བླངས་ནས་རང་གི་སྟོང་ཆ་བསྐང་རྒྱུ་ནི། བོད་ཀྱི་ལོ་ཙཱའི་གཞུང་ལུགས་འཐུས་ཚང་དུ་སྒྲུབ་པ་དང་། ལོ་ཙཱའི་ལག་ལེན་ལ་མཛུབ་སྟོན་དང་སྐུལ་འདེད་བྱེད་པའི་སྒུལ་ཤུགས་དང་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན་ནོ། །
        གཞན་གྱི་ལེགས་ཆ་བླངས་ནས་རང་གི་སྟོང་ཆ་བསྐང་དགོས་ན། ཐོག་མར་རང་གཞན་གཉིས་ཀའི་ལོ་ཙཱའི་གཞུང་ལུགས་རྣམས་གཤིབ་བསྡུར་བྱས་ནས་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་རྟོགས་དགོས་ལ། ཞོར་དུ་ལེགས་ཆ་དང་ཞན་ཆ་རྣམས་ཀྱང་ཡིད་ལ་གསལ་པོར་ངེས་དགོས་སོ། །
དང་པོ། བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཀྱི་ཁྱད་ཆོས།
        ང་ཚོས་བོད་སྲོལ་རྒྱུན་གྱི་ལོ་ཙཱའི་གཞུང་ལུགས་དེ་རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱའི་གཞུང་ལུགས་མང་པོ་དང་གཤིབ་བསྡུར་བྱས་ན། མ་མཐའ་ཡང་གཤམ་གྱི་ཕྱོགས་འགའ་ཤས་ཀྱི་ཁྱད་ཆོས་ལྡན་འདུག་སྟེ།
        གཅིག་ནི་གཞུང་ལུགས་སུ་བསྐྲུན་པའི་དུས་སྔ་ཞིང་བཙན་པོའི་བཀའ་ཁྲིམས་ལྟར་གཏན་དུ་ཁེལ་བ། བོད་ཀྱི་ལོ་རྒྱུས་སྟེང་གི་བཀས་བཅད་ཐེངས་གཉིས་པའི་དུས་སུ་གཏན་ལ་ཕབ་པའི《སྒྲ་སྦྱོར་བམ་གཉིས》 ནི་ཀུན་གྱིས་ཁས་ལེན་པའི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཀུན་གྱི་ཕྱི་མོ་སྟེ། གཞུང་རང་ངོས་སུ་གསལ་བ་ལྟར་དེ་ནི་བོད་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ་བྱུང་བའི་དབང་དུ་བཏང་ན། མ་མཐའ་ཡང་ད་བར་དུ་མི་ལོ་སྟོང་གཅིག་ཉིས་བརྒྱ་ལྷག་འདས་ཡོད། དེ་བཞིན་རྒྱ་མི་རིགས་ཀྱི་ལོ་ཙཱའི་གཞུང་ལུགས་ལ་མཚོན་ན། གནའ་དུས་ཧན་རྒྱལ་རབས་ནས་བཟུང་ནང་བསྟན་རང་སྐད་དུ་ལོ་ཙཱ་མཛད་པའི་སྲོལ་ཚུགས་པ་དང་། སྔ་ཕྱིར་བྱོན་པའི་ལོ་ཙཱ་བ་རྣམས་ཀྱིས་རང་གི་ལག་ལེན་ལས་སྤྱི་བསྡོམས་མཛད་པའི་ལོ་ཙཱའི་སྐོར་གྱི་གཞུང་བཤད་ཀྱང་ཅུང་མང་དུ་བཞུགས་མོད། འོན་ཀྱང་དེ་དག་ནི་ཕལ་ཆེར་སྒྱུར་ཐབས་རེ་གཉིས་ཀྱི་རྩ་དོན་དང་ཁྱད་ཆོས་སོགས་གཙོར་བཟུང་སྟེ་བརྗོད་པ་མ་གཏོགས། ལོ་ཙཱ་བྱ་བའི་ཁྱབ་ཁོངས་སོ་སོར་ཁྱབ་པའི་གཞུང་ལུགས་སུ་གྲུབ་པ་ཆ་ཚང་ཞིག་མཐོང་མ་བྱུང་། ཉེ་རབས་ཀྱི་ལོ་ཆེན་ཡན་ཧྥུ(严复)ལགས་ཀྱིས་ཞིན་ཏ་ཡ(信达雅)ཞེས་པའི་ལོ་ཙཱའི་རྩ་དོན་དག་བཏོན་པ་གཞིར་བྱས་ཏེ་ད་གཟོད་ལོ་ཙཱའི་གཞུང་ལུགས་རིམ་གྱིས་ཆ་ཚང་དུ་འགྲུབ་པའི་ལམ་བུར་ཞུགས་པ་ཡིན། ཡང་ནུབ་གླིང་གི་ལོ་ཙཱའི་གཞུང་ལུགས་ལ་མཚོན་ན་དང་པོ་ཆོས་གཞུང་བསྒྱུར་པ་ནས་མགོ་ཚུགས་ཤིང་། དུས་རབས་བཅུ་བདུན་པའི་སྐབས་སུ་དབྱིན་ཇིའི་མཁས་པ་ཆའོ་ཀྲི་ཁན་པཱར་ཞེས་པ་ཞིག་གིས 《གདངས་བཞི་ཅན་གྱི་ལོ་ཙཱ་དང་དཔྱད་འགྲེལ》བརྩམས་པ་ནི། ལོ་ཙཱའི་གནད་དོན་དཔྱད་བརྗོད་བྱ་བའི་བསྟན་བཅོས་ཐོག་མར་བགྲང་བ་ལྟར་བརྩིས་ན། ད་བར་དུ་མི་ལོ་བཞི་བརྒྱ་ཙམ་ལས་འདས་མེད་དོ། ། ཡང《སྒྲ་སྦྱོར་བམ་གཉིས》ནི་དུས་སྐབས་དེར་བཙན་པོའི་བཀའ་ཁྲིམས་ལྟར་ཁྱབ་སྒྲོག་མཛད་པ་ཡིན་ཀྱང་། དོན་གྱིས་ལོ་ཙཱ་བྱ་བའི་ཕྱོགས་ཡོངས་ཕལ་ཆེར་འདུས་པའི་གཞུང་ལུགས་ཤིག་སྟེ། དེའི་ནང་དུ་ལག་ལེན་ལ་ཉེ་བར་མཁོ་བའི་སྒྱུར་ཐབས་དམ་པ་བཞིས་གཙོ་བྱས་བྱེ་བྲག་གི་སྒྱུར་ཐབས་མང་པོ་ཞིག་དཔེ་དང་བཅས་རེ་རེ་བཞིན་བརྗོད་འདུག་པར་མ་ཟད། གཞན་ལོ་ཙཱའི་རྩ་དོན་དང་ཚད་གཞི། ལོ་ཙཱའི་དཔྱད་བརྗོད་ཀྱི་དགོས་པ། ཐ་སྙད་ཚད་ལྡན་དུ་གཏོང་ཐབས་དང་དོ་སྣང་བྱེད་དགོས་པའི་གནས་ལ་སོགས་ལོ་ཙཱའི་གཞུང་ལུགས་ཤིག་ལ་ངེས་པར་མཁོ་བའི་ནང་དོན་ཕལ་ཆེར་འདུས་ཡོད། གཞུང་དེ་ནི་རྒྱལ་བློན་ལོ་པཎ་མང་པོ་འདུས་ནས་སྲིད་གཞུང་གི་ངོས་ཐད་ནས་གཏན་དུ་ཁེལ་བ་ཡིན་པས་ན། ལོ་ཙཱ་བ་རྣམ་པས་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ལྟར་བརྩིས་པར་མ་ཟད། ལོ་ཙཱའི་ལག་ལེན་བྱ་བར་ཡང་བྱེ་བྲག་གི་མཛུབ་སྟོན་ནུས་པ་རྒྱ་ཆེར་ཐོན་ཏོ། །
        གཉིས་ནི་ཐ་སྙད་བཀས་བཅད་དང་གཞུང་ལུགས་བསྐྲུན་པ་ཟུང་དུ་སྦྲེལ་བ། བོད་ཀྱི་ལོ་རྒྱུས་སྟེང་གི་བཀས་བཅད་ཐེངས་གསུམ་ནི་དོན་གྱིས་ལོ་ཙཱ་བྱ་བའི་རྨང་གཞིའི་སྟེང་སྤེལ་བའི་རིག་གནས་ལས་འགུལ་ཆེན་པོ་གསུམ་སྟེ། ལོ་ཙཱ་བརྒྱུད་ནས་འོང་བའི་སྔར་མེད་ཀྱི་ཐ་སྙད་གསར་པ་རྣམས་གཅིག་གྱུར་དང་ཚད་ལྡན་དུ་བཏང་ནས་བཙན་པོས་བཀས་བཅད་པ་ཡིན། དཔེར་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་གཏན་ལ་ཕབ་པའི《སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ》དང་ཕྱིས་ཀྱི《སྒྲ་སྦྱོར་བམ་གཉིས》ཞེས་བྱ་བའི་གཞུང་གཉིས་ནི། བཙན་པོས་བཀས་བཅད་པའི་སཾ་བོད་ཤན་སྦྱར་གྱི་མིང་མཛོད་འདུས་མ་ཞིག་ཡིན། འདི་ལས་ཤེས་གསལ་ལྟར་ན། བོད་བཙན་པོའི་དུས་སུ་ལག་ལེན་ལས་བྱུང་བའི་ལོ་ཙཱའི་ཉམས་མྱོང་དང་ཆོས་ཉིད་རྣམས་གཞུང་ལུགས་སུ་བསྐྲུན་དུས། གསར་དུ་བསྒྱུར་བའི་ཐ་སྙད་རྣམས་ཀྱང་དུས་ལྟར་དུ་དག་བཅོས་དང་གཅིག་གྱུར་མཛད་རྒྱུ་དེའང་དེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྐད་གསར་དུ་མིང་གདགས་དགོས་པ་རྣམས་ཇི་ལྟར་ཐག་གཅོད་པའང་གཞུང་དེ་ལས།“སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲྭ་གྲྭར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང་། ཆོས་ལ་ཇི་སྐད་དུ་གདགས་པ་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །”ཞེས་གསུངས་ཡོད། མདོར་ན། ལོ་ཙཱའི་གཞུང་ལུགས་བསྐྲུན་པའི་ཞོར་དུ་གསར་བྱུང་གི་ཐ་སྙད་རྣམས་ཀྱང་མིང་ཇི་ལྟར་གདགས་དགོས་པར་དཔྱད་དེ་སྐད་གཉིས་ཤན་སྦྱར་དུ་བཀོད་པ་འདིའང་བོད་རང་གི་ལོ་ཙཱའི་གཞུང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བྱེ་བྲག་པ་ཞིག་གོ །
        གསུམ་ནི་འགྱུར་དཔྱད་ཀྱི་རྨང་གཞིའི་སྟེང་སྤེལ་བས་བྱེ་བྲག་གི་དམིགས་ས་ལྡན་པ། བོད་སྔ་རབས་ཀྱི་ལོ་ཙཱའི་འགྱུར་གྲངས་མང་ཞིང་འགྱུར་སྤུས་ལེགས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། འགྱུར་དཔྱད་ཀྱི་སྲོལ་སྔ་མོ་ནས་ཚུགས་ཤིང་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མས་ཡང་དག་པར་བཅོས་པའི་གནད་འདིར་ཐུག་ཡོད། བོད་པའི་སྲོལ་རྒྱུན་གྱི་ལོ་ཙཱའི་གཞུང་ལུགས་རྣམས་ནི་སྔ་མའི་འགྱུར་དཔྱད་དག་གི་རྨང་གཞིའི་སྟེང་བསྐྲུན་པ་སྟེ། ཡུན་རིང་གི་ལོ་ཙཱའི་ལག་ལེན་ལས་བྱུང་བའི་ལེགས་པའི་ཉམས་མྱོང་དང་ཉེས་པའི་བསླབ་བྱ་སྤྱི་བསྡོམས་མཛད་ཅིང་། ལོ་པཎ་མང་པོའི་ཤེས་རབ་ཀྱི་རྩལ་དང་བློ་གྲོས་ཀྱི་བཅུད་འདུས་ཡོད། ཕྱིས་སུ་བྱོན་པའི་ས་སྐྱ་པཎ་ཆེན་དང་དགེ་འདུན་ཆོས་འཕེལ་སོགས་ཀྱི་ལོ་ཙཱའི་གཞུང་བཤད་དག་ཀྱང་སྔ་མའི་འགྱུར་དཔྱད་ཀྱི་རྒྱུན་བསྐྱངས་ཏེ་བྱུང་བ་དང་། བོད་ཀྱི་ལོ་ཙཱའི་གཞུང་ལུགས་འཐུས་ཚང་དང་ཚད་ལྡན་དུ་འཕེལ་བར་ཕྱག་རྗེས་མི་དམན་པ་བཞག། ལོ་ཙཱའི་ཐད་ཀྱི་དགོངས་པ་ཐམས་ཅད་ནི་སྔ་མའི་འགྱུར་དཔྱད་ཀྱི་རྨང་གཞིའི་སྟེང་བཏོན་པས་ན། སོ་སོར་བྱེ་བྲག་གི་མཛུབ་གུ་འཛུགས་ས་ལྡན་ཏེ། དགོངས་དོན་ཇི་བཞིན་ལག་ལེན་དུ་འདེབས་ནུས་པའི་ཁྱད་ཆོས་ལྡན། རིགས་པའི་གཞུང་ལུགས་གང་ཞིག་ཀྱང་སྔར་ཡོད་ཀྱི་ཉམས་མྱོང་དང་བསླབ་བྱ་གཞིར་བཞག་སྟེང་སྤྱི་བསྡོམས་མཛད་པ་ཡིན་པས། བམ་བཤད་དང་སྤྱི་བཤད་ཙམ་མ་ཡིན་པར་བྱེ་བྲག་པའི་དམིགས་ས་ངེས་ཅན་རེ་མཆིས་ཏེ། ལོ་ཙཱའི་གནད་དོན་རེ་རེ་ལ་ཐག་གཅོད་པའི་ཐབས་ཇུས་རེ་རེ་བསྟན་འདུག་པའི་ཁྱད་ཆོས་མངོན་པར་གསལ་ལོ། །
        དེ་ལྟར་ང་ཚོས་བོད་པའི་སྲོལ་རྒྱུན་གྱི་ལོ་ཙཱའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པར་དེའི་ཐུན་མིན་གྱི་དགེ་མཚན་དང་ལེགས་ཆ་སོགས་ཅི་ནུས་སྒོས་རྒྱུན་འཛིན་དང་དར་སྤེལ་བྱ་དགོས་པའི་ཞོར་དུ། དེའི་མི་འདང་སའམ་ཞན་ཆ་རྣམས་ཀྱང་ངེས་པར་དུ་རྟོགས་དགོས་ལ་ཁས་ཀྱང་ལེན་དགོས་པར་མ་ཟད། དེར་དམིགས་ནས་གཞན་གྱི་ལེགས་ཆ་བསྡུས་ནས་རང་ཉིད་ཁ་སྐོང་དང་འཐུས་ཚང་དུ་བསྐྲུན་པར་འབད་དགོས། དེས་ན་བོད་ཀྱི་ལོ་ཙཱའི་གཞུང་ལུགས་གང་ཉིད་འཛམ་གླིང་གི་ལོ་ཙཱའི་གཞུང་ལུགས་སྤྱི་དང་དེའི་འཕེལ་ཕྱོགས་སོགས་དང་བསྡུར་ན། དེར་མི་འདང་སའམ་ཞན་ཆའང་ངེས་ཅན་ཞིག་མཆིས་སོ། །
        ང་ཚོས་ཤེས་གསལ་བཞིན། བོད་ཀྱི་ལོ་ཙཱའི་གཞུང་ལུགས་ནི་བོད་བཙན་པོའི་སྐབས་སུ་ནང་བསྟན་རྒྱ་ཆེར་བསྒྱུར་བའི་དགོས་མཁོ་ལྟར་ལོ་པཎ་མང་པོ་བསྡུས་ནས་བཙན་པོའི་བཀའ་ཁྲིམས་ཀྱི་ཚུལ་དུ་གཏན་ཁེལ་བྱས་པ་སྟེ། དེ་ཡང་ལག་ལེན་ལས་བྱུང་བའི་ལོ་ཙཱའི་ཆོས་ཉིད་དང་ཉམས་མྱོང་རྣམས་སྤྱི་བསྡོམས་མཛད་ནས་གྲུབ་པ་ཡིན། 《སྒྲ་སྦྱོར་བམ་གཉིས》དབུའི་བཀས་བཅད་ལྟ་བུར་མཚོན་ན། ལོ་ཙཱའི་བྱ་བ་སྤྱི་ལ་ལྡན་པའི་ཆོས་ཉིད་དང་ཁྱད་ཆོས་མང་པོ་ཞིག་བསྟན་ཡོད་ཅིང་། བྱེ་བྲག་གི་སྒྱུར་ཐབས་ཀྱང་གང་མང་ཞིག་དཔེ་དང་བཅས་བརྗོད་ཡོད་པས། སྐབས་དེ་དང་ཕྱིས་ཀྱི་ལོ་ཙཱའི་བྱ་བར་སྐུལ་འདེད་དང་མཛུབ་སྟོན་གྱི་ནུས་པ་ཧ་ཅང་རྒྱ་ཆེ་བ་ཞིག་ཐོན་པ་སྨོས་མ་དགོས་མོད། འོན་ཀྱང་གཞུང་དེ་ཉིད་གཏན་དུ་ཁེལ་བ་ནས་བཟུང་བསྟན་པ་སྔ་དར་སྤྱི་དང་། ལྷག་པར་དུ་བསྟན་པ་ཕྱི་དར་ནས་བྱོན་པའི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་གཞུང་དེ་ཉིད་གཙིགས་སུ་བཟུང་ནས་ལོ་ཙཱའི་ལག་ལེན་དུ་འཇུག་པ་མ་གཏོགས། གཞུང་ལུགས་ཀྱི་ཆུ་ཚད་སུ་འགྲེང་སྟེ་ཆེད་དུ་གཞུང་དེ་ཉིད་འཐུས་ཇེ་ཚང་དང་རྒྱ་ཇེ་ཆེ་རུ་སྐྲུན་མཁན་ཕལ་ཆེར་མ་བྱུང་། ས་སྐྱ་པཎ་ཆེན་དང་ལྕང་སྐྱ་རོལ་པའི་རྡོ་རྗེ། དགེ་འདུན་ཆོས་འཕེལ་སོགས་ཀྱིས《སྒྲ་སྦྱོར་བམ་གཉིས》གཞིར་བཞག་སྟེང་ལོ་ཙཱའི་དཔྱད་པ་ཅུང་མང་དུ་མཛད་དེ་གཞུང་ལུགས་འཕེལ་རྒྱས་ཐད་ལ་ཕྱག་རྗེས་ཧ་ཅང་མི་དམན་པ་མཛད་ཡོད་ཀྱང་། ཕལ་ཆེ་བ་སྔ་མའི་འགྱུར་དཔྱད་དང་བྱེ་བྲག་གི་སྒྱུར་ཐབས་ཕྱོགས་སུ་དམིགས་པ་ལས། ལོ་ཙཱའི་གཞུང་ལུགས་ཐད་ལ་ཆེད་དུ་དཔྱད་བརྗོད་ཞིབ་མོར་སྤེལ་བ་ཅུང་ཉུང་། ལོ་ཙཱའི་སྐོར་གྱི་དཔྱད་བརྗོད་དག་ཀྱང་གཞུང་གཞན་པ་མཛད་པའི་ཞོར་དུ་ཐར་ཐོར་དུ་སྤེལ་བ་ལས། སྙན་ངག་དང་མངོན་བརྗོད་ལ་སོགས་པ་ཇི་བཞིན་ཆེད་སྦྱོང་གི་རིག་པའི་གནས་བྱེ་བྲག་པ་ཞིག་ཏུ་བགྲང་སྟེ་རིག་ཚན་ཞིག་གི་ཆ་ནས་ཆེད་དུ་གཞུང་དཔྱད་སྤེལ་བ་མེད། མདོར་ན། བོད་བཙན་པོའི་དུས་ཀྱི《སྒྲ་སྦྱོར་བམ་གཉིས》དང་ཕྱིས་ཀྱི་མཁས་པས་མཛད་པའི་ལོ་ཙཱའི་གཞུང་བཤད་དག་ལས། ལོ་ཙཱའི་གཞུང་ལུགས་ཤིག་ལ་ངེས་པར་ལྡན་དགོས་པའི་ནང་དོན་མང་པོ་ཞིག་ཕྱོགས་དང་ཟུར་མི་འདྲ་བའི་ཆ་ནས་བསྟན་འདུག་ནའང་། དཔྱད་བརྗོད་ཕལ་ཆེར་ཐར་ཐོར་ཙམ་དུ་སྣང་བ་ལས་ཆེད་སྦྱོང་གི་རིག་ཚན་བྱེ་བྲག་པ་ཞིག་ཏུ་འཕེལ་མ་ནུས་པས་ཚད་བཀག་རང་བཞིན་ངེས་ཅན་ཞིག་ལྡན་པ་འདི་ངེས་པར་ཁས་ལེན་དགོས་སོ། །
        གཞན་ང་ཚོས་བོད་སྲོལ་རྒྱུན་གྱི་ལོ་ཙཱའི་གཞུང་ལུགས་སྤྱི་ལ་གཞིགས་ན། ཕལ་ཆེ་བ་ཞིག་དུས་སྐབས་དེ་དག་གི་ནང་བསྟན་ལོ་ཙཱའི་ཆོས་ཉིད་དང་ཁྱད་ཆོས་སོགས་གཞིར་བཟུང་སྟེ་སྤྱི་བསྡོམས་མཛད་པ་ཡིན་ལ། ལོ་ཙཱའི་རྩ་དོན་དང་ལོ་ཙཱའི་ཚད་གཞི། དོ་སྣང་བྱེད་དགོས་ས། བྱེ་བྲག་གི་སྒྱུར་ཐབས་སོགས་གང་ཞིག་ཀྱང་ཕལ་ཆེར་ནང་བསྟན་ཀྱི་དགོངས་པ་ཇི་བཞིན་མཚོན་པ་དང་བོད་མིས་དང་ལེན་བྱེད་སླ་བ་སོགས་ལ་གཙོ་བོར་དམིགས་ནས་བཏོན་པ་ཡིན། དེ་བས་གཞུང་སྤྱི་ནི་ནང་བསྟན་ཡིག་སྒྱུར་ཕྱོགས་སུ་གཞོལ་ཆེ་བ་ལས། རྩོམ་གྱི་རིགས་མི་འདྲ་བ་མཐའ་དག་ལའང་སྤྱི་གཅིག་ཏུ་སྤྱོད་རུང་བའི་ངེས་པ་མ་མཆིས། རྒྱ་ནག་དང་ཕྱི་གླིང་བའི་ལོ་ཙཱའི་གཞུང་ལུགས་ལ་མཚོན་ན། བསྒྱུར་བྱའི་རྩོམ་གྱི་རིགས་མི་འདྲ་བ་ལ་ཆེད་དུ་དམིགས་ནས་སོ་སོར་གཞུང་ལུགས་བསྐྲུན་ཡོད། དཔེར་ན་རྒྱ་ནག་གི་ལོ་ཙཱ་བ་མང་པོ་ཞིག་གིས་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱ་ལ་ཆེད་དུ་དམིགས་ནས་གཞུང་དཔྱད་སྤེལ་ཡོད་དེ། ལུའུ་ཞུན་གྱི“གོ་སླ་བ”དང“ཉམས་རྫོགས་པའི”ལོ་ཙཱའི་ལྟ་བ་དང་། ཀོའོ་མོ་རོའོ་ཡི“གསར་རྩོམ་སྨྲ་བ”སོགས་ནི་གཙོ་བོ་རྩོམ་རིག་ལོ་ཙཱར་དམིགས་ནས་བཏོན་པ་ལྟ་བུ་དང་། གཞན་ཕྱི་གླིང་བའི་ལོ་ཙཱ་སྨྲ་བ་གྲགས་ཅན་ཉེའུ་མར་ཁི(纽马克)ལགས་ཀྱིས་བསྒྱུར་བྱའི་ཡིག་ཆ་ལ་དམིགས་ནས་ཚིག་དོན་རང་བཞིན( 语义性)གྱི་ལོ་ཙཱ་དང་འབྲེལ་གཏུགས་རང་བཞིན( 交际性)གྱི་ལོ་ཙཱ་ཞེས་པ་གཉིས་སྤྱོད་དགོས་པར་གསུངས་པ་ལྟ་བུའོ། །གཞན་བོད་ཀྱི་ལོ་ཙཱའི་གཞུང་བཤད་རྣམས་ནི་ཕལ་ཆེར་བསྒྱུར་བྱ་སྒྱུར་བྱེད་ཡིག་རིགས་གཉིས་ཀྱི་བརྡ་སྤྲོད་ཁྱད་ཆོས་དང་སྐད་ཆའི་ལུགས་སྲོལ་སོགས་སྐད་བརྡའི་རིམ་པའི་ཆ་ནས་སྤྱི་བསྡོམས་མཛད་པ་ཡིན་ལ། ལོ་ཙཱའི་བྱ་བར་མཚན་ཉིད་རིག་པ་དང་མཛེས་དཔྱོད་རིག་པ་ལ་སོགས་རིག་ཚན་གཞན་པའི་ཆ་ནས་དབྱེ་ཞིབ་དང་དཔྱད་པ་སྤེལ་བ་ཧ་ཅང་ཉུང་ངོ་། །
གཉིས་པ། གཞན་གྱི་ལེགས་ཆ་སྡུད་ལེན་བྱེད་སྟངས།
        ང་ཚོས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཀྱི་ཁྱད་ཆོས་དང་ཞན་ཆ་སོགས་གོང་ལྟར་སྤྱི་བསྡོམས་བྱེད་པ་དང་། ད་ནི་གཞན་གྱི་ལེགས་ཆ་གང་ཞིག་དང་ཇི་ལྟར་བསྡུ་ལེན་བྱ་དགོས་པའི་སྐོར་ལ་ཞུགས་ན། ཐོག་མར་རྒྱ་མི་རིགས་དང་ནུབ་གླིང་ཡུལ་གྱི་ལོ་ཙཱའི་གཞུང་ལུགས་ཐད་ཀྱི་གནས་བབ་དང་འཕེལ་ཕྱོགས་སོགས་བློ་ལ་ངེས་པར་བྱས་ཏེ། ལོ་ཙཱའི་ཞིབ་འཇུག་གང་ཉིད་མི་རིགས་དང་ས་ཁུལ། སྐད་བརྡ། རིག་ཚན། གྲུབ་མཐའ་སོགས་ཀྱི་བཀག་རྒྱ་ལས་ཐར་བར་བྱེད་དགོས་ལ། རིག་གཞུང་མང་པོ་ཕན་ཚུན་མཉམ་བསྲེས་དང་ཁ་གསབ་བྱས་ཏེེ་གཞན་གྱི་ལེགས་ཆ་བླང་དོར་ཡོད་པའི་སྒོ་ནས་བསྡུ་ལེན་བྱ་དགོས། དེ་ལ་གཙོ་བོ་གཤམ་གྱི་ཕྱོགས་ཁ་ཤས་ནས་སློབ་སྦྱོང་དང་བསྡུ་ལེན་བྱ་དགོས་པར་འདོད་དེ།
        1. རྩོམ་རིགས་དང་ལོ་ཙཱའི་འབྲེལ་བའི་ཐད་ནས་ཞིབ་འཇུག་བྱེད་པ།
        དེ་ཡང་ལོ་ཙཱའི་ལག་ལེན་གྱི་མྱོང་བ་ལྡན་པ་དག་གིས་ཤེས་གསལ་ལྟར། བསྒྱུར་བྱའི་མ་ཡིག་གི་རིགས་དང་ཁྱད་ཆོས་མི་འདྲ་བ་ལས་དེའི་ལོ་ཙཱའི་རྩ་དོན་དང་ཚད་གཞི། བྱེ་བྲག་གི་སྒྱུར་ཐབས་སོགས་མི་འདྲ་ལ། ལོ་ཙཱ་བར་ལྡན་དགོས་པའི་ཡོན་ཏན་དང་བླང་བྱ་སོགས་ཀྱང་མི་འདྲ་བ་བསྙོན་མེད་ཡིན། དེས་ན་རྗོད་བྱེད་ངག་གི་རིག་བྱེད་རྩོམ་གྱི་རིགས་ལ་ས་སྐྱ་པཎ་ཆེན་ལགས་ཀྱིས《མཁས་པ་འཇུག་པའི་སྒོ》ལས་སྙན་ངག་རྩོམ་པ་ལ་འཇུག་པའི་ཚིག་རྒྱན་གླེང་དུས། དངོས་པོའི་གནས་ལུགས་འཆད་པ་དང་། །སྐྱོན་ཡོན་བསྔགས་པ་རྣམ་གཉིས་ཡོད། །ཅེས་དང་། རང་བཞིན་ཡོན་ཏན་ལས་རྣམས་ལ། །ངོ་བོ་བསྟོད་སྨད་བརྗོད་པའི་ཚུལ། །དྲང་པོ་ཟུར་མིག་ཚིག་དང་དོན། །དངོས་ཤུགས་དཔེ་ཡི་སྒོ་ནས་དེ། །སྒྲོ་བཏགས་ནས་ནི་ཚིག་གི་རྒྱན། །ཉམས་དགུའི་རོ་དང་སྦྱར་ཏེ་སྤེལ། །[1]ཞེས་སྤྱིར་རྩོམ་གྱི་རིགས་ལ་གཉིས་སུ་དབྱེ་ཡོད་དེ། དངོས་པོ་གང་གི་ངོ་བོ་དང་ཡོན་ཏན། དེས་བྱས་པའི་བྱ་བ་སོགས་ཀྱི་གནས་ལུགས་ཇི་བཞིན་དྲང་པོའི་ངག་གིས་བརྗོད་པའི་རིགས་ཤིག་དང་། དངོས་པོའི་སྐྱོན་ཡོན་ལ་བསྟོད་སྨད་དང་དངོས་སུ་གཞན་བརྗོད་པའི་ཤུགས་ལས་གཞན་གོ་བ་ཟུར་མིག་སོགས་ཡི་གེ་དང་རྒྱན་བཟང་པོས་སྒྲོ་བཏགས་ཏེ་རོལ་སྒེག་དང་བཅས་པའི་སྙན་ངག་གི་ཉམས་དགུ་དང་སྦྱར་ནས་བརྩམས་པའི་རིགས་གཉིས་སོ། །དེ་ལས་སྔ་མ་ནི་སྒྱུ་རྩལ་རྩོམ་རིག་མ་ཡིན་པའི་རིགས་ཏེ་དཔེར་ན་མཚན་ཉིད་རིག་པའི་གཞུང་དང་། རྒྱུན་སྤྱོད་ཀྱི་ཡིག་རིགས་སྣ་ཚོགས། སྲིད་དོན་དང་ཚན་རྩལ་སྐོར་གྱི་ཡིག་ཆ་སོགས་འདུ་ཞིང་། ཕྱི་མ་ནི་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ་ལ་སོགས་སྒྱུ་རྩལ་རྩོམ་རིག་གི་རིགས་བསྟན་པ་ཡིན་ནོ། །
        དེས་ན་རྩོམ་གྱི་རིགས་མི་འདྲ་བ་སོ་སོར་རང་ངོས་སུ་ཁྱད་ཆོས་མི་འདྲ་བ་རེ་ལྡན་པས་ན། སོ་སོའི་སྒྱུར་སྟངས་ཀྱི་ཁྱད་ཆོས་སོགས་ཀྱང་མི་འདྲ་བས་གནའ་དེང་ཕྱི་ནང་གི་མི་རིགས་མང་པོ་ཞིག་གིས་དེའི་སྐོར་ལ་ཞིབ་བརྗོད་མཛད་ཡོད། དཔེར་ན་རྒྱ་ནག་ལ་མཚོན་ན། དང་པོ་ནང་བསྟན་བསྒྱུར་དུས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བྱའི་གཞུང་དེའི་ཁྱད་ཆོས་སོགས་གཞིར་བཟུང་སྟེ་སྒྱུར་ཐབས་ཀྱི་ཕྱོགས་སུ་དཔྱད་བརྗོད་མང་དུ་སྤེལ་ཡོད། དཔེར་ན། ཧན་རྒྱལ་རབས་དུས་མཇུག( 东汉末年)གི་ནང་བསྟན་ལོ་ཙཱ་བ་གྲགས་ཅན་གཉིས་ཏེ་ཀྲི་ཁྲིན(支谶)དང་ཀྲི་ཆན( 支谦)རྣམ་གཉིས་ནི་རྒྱ་ནག་ཡུལ་དུ་ཐེངས་དང་པོར་ཐེག་ཆེན་ཕར་ཕྱིན་གྱི་གཞུང་བསྒྱུར་ནས་ཁྱབ་སྒྲོག་མཛད་མཁན་ཡིན་ལ། སྔ་མ་ཀྲི་ཁྲིན་ལགས་ཀྱི་ནང་བསྟན་ལོ་ཙཱའི་དགོངས་པ་ནི“审得本旨,了不加饰”ཞེས་དང“弃文存质”ཞེས་སོགས་བརྗོད་ནས་ཆོས་གཞུང་གི་དགོངས་དོན་ཇི་བཞིན་མཚོན་པ་ལས་ཚིག་རྒྱན་གྱིས་མི་སྤྲོས་པ་སྟེ། ནང་གཞུང་བསྒྱུར་བ་ལ་ཚིག་ཉམས་ལས་བརྗོད་དོན་སོར་འཇོག་བྱ་བ་གལ་ཆེ་བར་འཛིན། ཕྱི་མ་ཀྲི་ཆན་གྱི་དགོངས་པ་ལྟར་ན། ནང་བའི་གཞུང་ཡིག་སྒྱུར་བྱ་བར“传实”“贵其实”“勿失厥义”“因循本旨”ཞེས་སོགས་བརྗོད་ནས་མ་ཡིག་ལ་ཇི་བཞིན་བསྟུན་པ་ནི་ཚད་གཞི་དང་པོར་འཛིན་ཅིང་། དེ་ནས“其传经者,当令易晓” “今传胡义,实宜径达”ཞེས་འགྱུར་ཡིག་གང་ཉིད་འབྲེལ་ཆགས་ཤིང་བརྗོད་བདེ་ལ་གོ་སླ་བ་ཞིག་ཡིན་དགོས། དེ་ལས་གཞན་ད་དུང་ཚིག་མཛེས་ཤིང་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན་དགོས་པར་བསྟན། དེ་བཞིན་དུ་ཡང་ཅིན་རྒྱལ་རབས་ཤར་མའི་དུས་མཇུག( 东晋)དང་ཆིན་སྔོན་མའི( 前秦)དུས་སྐབས་ཀྱི་ནང་བསྟན་ལོ་ཙཱའི་གཞུང་ལུགས་སྨྲ་བ་ཧྲི་ཏའོ་ཨན( 石道安)ལགས་ལྟར་ན། ནང་བསྟན་རྒྱ་ནག་སྐད་དུ་བསྒྱུར་བ་ལ་ལེགས་སྦྱར་སྐད་ཀྱི་གཉུག་མའི་གོ་དོན་དང་མཐུན་ཞིང་། རྒྱན་གྱི་མཛེས་སྤྲོས་མེད་པར་གཞུང་དོན་ཇི་བཞིན་ཕབ་སྒྱུར་གནད་ལ་འཕྲོད་པ་བྱེད་པ་སྟེ། བསྒྱུར་བྱ་མ་ཡིག་གི་ཡིག་འབྲུ་དང་ཚིག་སྦྱོར་ལ་རེ་རེ་བཞིན་བསྟུན་ཅི་ནུས་ཀྱིས་བསྒྱུར་བ་ལས་སྣོན་འཕྲི་གང་ཡང་བྱེད་མི་རུང་བར་འདོད་ལ། ཁོང་ནི་ཐད་སྒྱུར་གཙོར་བྱེད་པའི་ལོ་ཙཱ་བ་ཞིག་ཡིན། གཞན་ཁོང་གིས་ནང་པའི་གཞུང་བསྒྱུར་བའི་ཕྱོགས་སུ་བཏོན་པའི“འཆོར་སྲིད་པ་ལྔ”( 五失本)དང“དཀའ་བ་རྣམ་གསུམ”( 三不易)ཞེས་པའི་གཞུང་ལུགས་གྲགས་ཅན་དེ་ནི་ཕྱག་རྗེས་ཆེན་པོ་ཞིག་ཡིན། ཡང་ཆིན་རྒྱལ་རབས་དུས་མཇུག( 后秦)གི་ལོ་ཙཱ་བ་ཆེན་པོ་ཀུ་མ་ར་ཤྲིའི་དགོངས་དོན་ལྟར་ན། ནང་བསྟན་རང་སྐད་དུ་ཡིག་སྒྱུར་བྱེད་པར་ངེས་པར་དུ་མ་ཡིག་གི་ཚིག་ཉམས་ཁྱད་ཆོས་ཇི་བཞིན་མཚོན་པར་བྱེད་དགོས་ལ།“བསྟུན་པའི”རྨང་གཞིའི་སྟེང“མཛེས་པར”བཅོས་ནས། འགྱུར་ཡིག་གང་ཉིད་དོན་དང་ཡང་མི་འགལ་ལ་རང་གི་སྐད་ལའང་ཚིག་མཛེས་པ་ཞིག་བྱ་དགོས་པར་འདོད། གཞན་ཐང་རྒྱལ་རབས་ཀྱི་ལོ་ཙཱ་བ་གྲགས་ཅན་ཐང་ཞོན་ཙང( 唐玄奘)ལགས་ཀྱིས་ནང་བསྟན་བསྒྱུར་བར་དོན་དང་མི་འགལ་ལ་རྒྱ་རང་གི་སྐད་ལ་གོ་བདེ་བ(“既须求真, 又须求俗”)ཞིག་ཀྱང་ཡིན་དགོས་པའི་དགོངས་པ་བཏོན། ཧྲི་ཏའོ་ཨན་སོགས་ཀྱི་ཐད་སྒྱུར་ལ་ཡིད་མི་འཐད་ཅིང་། ཀུ་མ་ར་ཤྲི་སོགས་ཀྱི་དོན་སྒྱུར་ལའང་སྤྲོ་བ་མེད་པར་ཐད་སྒྱུར་དང་དོན་སྒྱུར་གཉིས་ཀ་སྐབས་བསྟུན་གྱིས་ཟུང་འབྲེལ་བྱེད་དགོས་པར་བརྗོད་དེ་ལོ་ཙཱའི་དགོངས་པའི་མ་དཔེ་གསར་པ་ཞིག་བཏོད། དེ་ཡང་མ་ཡིག་གི་དོན་དང་ཡང་མི་འགལ་ལ་ཚིག་སྦྱོར་ཡང་སྙན་ཅིང་འཇེབས་པ་ཞིག་འབྱུང་དགོས་པར་འདོད། འདི་ལ་རྒྱ་ནག་གི་ལོ་ཙཱའི་ལོ་རྒྱུས་སྟེང“སྒྱུར་ཐབས་གསར་པ”ཞེས་འབོད་དོ། །གཞན་ལུའུ་ཞུན་དང་ཀོའོ་མོ་རོའོ། མའོ་ཏུན། ཧྥུ་ལེ། ཆན་ཀྲུང་ཧྲོ་སོགས་དེང་རབས་ཀྱི་ལོ་ཙཱ་བ་མང་པོ་ཞིག་གིས་གཙོ་བོ་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་བྱ་བར་ཆེད་དུ་དམིགས་ནས་སོ་སོའི་ལོ་ཙཱའི་དགོངས་པ་མང་དུ་བཏོན་ཡོད་དེ། ཁོ་ཚོའི་ཐུན་མོང་གི་འདོད་ཚུལ་ལྟར་ན། རྩོམ་རིག་ལོ་ཙཱ་ནི་མ་གཞི་ནས་སྒྱུ་རྩལ་གསར་རྩོམ་གྱི་ལས་ཀ་ཞིག་ཡིན་པ་དང་། ལས་དེ་བྱ་བ་ལ་ལོ་ཙཱ་བས་སྒྱུ་རྩལ་ལས་སྣོན་དང་གསར་གཏོད་བྱ་དགོས་པར་འདོད་དོ། །
        དེ་བཞིན་དུ་ཕྱི་གླིང་པའི་ལོ་ཙཱའི་སྡེ་ལ་མཚོན་ནའང་བསྒྱུར་བྱའི་ཡིག་ཆ་མི་འདྲ་བའི་ཆ་ནས་ལོ་ཙཱའི་གཞུང་ལུགས་བསྐྲུན་པ་ཡོད་དེ། དཔེར་ན་དབྱིན་ཇིའི་ལོ་ཙཱ་སྨྲ་བ་ཉེའུ་མར་ཁི( 纽马克)ལགས་ཀྱིས་བསྒྱུར་བྱའི་ཡིག་ཆ་ལ་མཚོན་པ་ཅན( 表达型)དང་། བརྡ་འཕྲིན་ཅན( 信息型) དང་། འབོད་སྐུལ་ཅན( 号召型)ཞེས་རིགས་གསུམ་དུ་ཕྱེ་ཞིང་། བསྒྱུར་བྱའི་ཡིག་ཆ ( 文本)མི་འདྲ་བ་དེ་དག་ལ་དམིགས་ནས་ཚིག་དོན་རང་བཞིན( 语义性)གྱི་ལོ་ཙཱ་དང་འབྲེལ་གཏུགས་རང་བཞིན( 交际性)གྱི་ལོ་ཙཱ་ཞེས་སྒྱུར་ཐབས་མི་འདྲ་བ་རིགས་གཉིས་ཙམ་བཏོན་ཡོད། དང་པོ་མཚོན་པ་ཅན་གྱི་ཡིག་ཆ་ལ་གཟབ་ནན་ཅན་གྱི་རྩོམ་རིག་བརྩམས་ཆོས་ཀྱི་རིགས་སྣ་ཚོགས་དང་། དབང་གྲགས་ཅན་གྱི་གཏམ་བཤད། བཅའ་ཁྲིམས་དང་ཁྲིམས་སྲོལ་སྣ་ཚོགས། མཚན་ཉིད་རིག་པ་དང་རིག་གཞུང་ཆེད་དེབ། མི་སྒེར་གྱི་འཕྲིན་ཡིག་ལ་སོགས་འདུས། ཡིག་ཆ་འདི་དག་གི་ལྟེ་གནས་ནི་རྩོམ་པ་པོའི་བརྗོད་དོན་བསམ་བློ་གང་ཞིག་མཚོན་པ་ཡིན་ལ། རྩོམ་པ་པོ་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཆའི་རྣམ་པ་དེའང་ནང་དོན་ལྟར་གལ་འགངས་ཆེ། དེ་བས་ཡིག་ཆ་འདིའི་རིགས་ཀྱིས་རྩོམ་པ་པོའི་དབང་གྲགས་དེ་གཙོར་འདོན་པ་ལས། ཀློག་པ་པོའི་མྱོང་ཚོར་ལ་དོ་སྣང་ཆེར་མི་བྱེད། ཡིག་ཆ་འདིའི་རིགས་བསྒྱུར་བ་ལ་ཚིག་དོན་རང་བཞིན་གྱི་ལོ་ཙཱའི་ཐབས་ལམ་སྤྱོད་འོས་ཏེ། “རྩོམ་མཁན་དང་པོ”ཞེས་པའི་རྩ་དོན་ལྟར་མ་ཡིག་རྩོམ་མཁན་ལྟེ་བར་བཟུང་སྟེ། མ་རྩོམ་གྱི་དགོངས་དོན་ལ་བློ་རྟོན་དགོས་པར་མ་ཟད། དེའི་སྐད་ཆའི་རྩོམ་གཤིས་ལའང་བློ་དཀར་དགོས། དེ་ཡང་མ་ཡིག་གི་མིང་བརྡ་དང་བརྡ་སྤྲོད་གྲུབ་ཚུལ་ལྟེ་བར་བཟུང་ནས་འགྱུར་ཡིག་ཀྱང་ཅི་ནུས་སྒོས་དེར་བསྟུན་པའོ། །གཉིས་པ་བརྡ་འཕྲིན་ཅན་གྱི་ཡིག་ཆ་ཞེས་པར་ཤེས་བྱའི་ཁྱབ་ཁོངས་སྣ་ཚོགས་ཏེ་ཚན་རིག་དང་ལག་རྩལ། ཚོང་ལས། བཟོ་ལས། དཔལ་འབྱོར་སོགས་འདུས་ལ། དེའི་མཚོན་སྟངས་རྣམ་པ་ལ་ཚན་རིག་སློབ་གསོའི་དཔེ་དེབ་དང་རིག་གཞུང་དཔྱད་རྩོམ། དུས་དེབ་ཚགས་པར་གྱི་རྩོམ་ཡིག་སོགས་སྒྱུ་རྩལ་རྩོམ་རིག་མ་ཡིན་པའི་བརྩམས་ཆོས་རྣམས་འདུས། ཡིག་ཆ་འདིའི་རིགས་ཀྱི་ལྟེ་གནས་ནི་ནང་དོན་གྱི“དོན་དངོས་རང་བཞིན”ཡིན་པ་ལས་རྩོམ་མཁན་གྱི་སྐད་ཆ་ནི་གལ་མི་ཆེ། དེ་བས་བསྒྱུར་དུས་ཀྱང་འབྲེལ་གཏུགས་རང་བཞིན་གྱི་ལོ་ཙཱའི་ཐབས་ལམ་སྤྱོད་འོས་ཏེ།“དོན་དངོས་རང་བཞིན་དང་པོ”ཞེས་པའི་རྩ་དོན་བརྩི་སྲུང་བྱེད་དགོས། དེ་ཡང་སྐད་ཆའི་སྤྱོད་སྟངས་ཀྱི་ཐད་ནས་མ་ཡིག་ལ་མི་བསྟུན་པར་སྒྱུར་མཁན་རང་གི་སྐད་ཆ་ཚད་གཞིར་བཟུང་སྟེ་འབྲེལ་ཆགས་ཤིང་གོ་བདེ་བ་ཞིག་བྱ་དགོས་ལ། དགོས་ངེས་ཀྱི་སྐབས་སུ་མ་ཡིག་ལ་བཟོ་བཅོས་བཏང་ཡང་རུང་། མཚོན་པ་ཅན་གྱི་ཡིག་ཆ་དང་བསྡུར་ན། སྒྱུར་མཁན་ལ་རང་དབང་དེ་བས་ཆེ་སྟེ། མ་ཡིག་ལས་བསྟན་པ་མི་གསལ་བ་དང་ཡང་ན་ཡང་དག་མ་ཡིན་དུས། སྒྱུར་མཁན་ལ་དེར་བཟོ་བཅོས་མཛད་ནས་ཀློག་པ་པོར་བསྟུན་པའི་འོས་འགན་ལྡན། མ་ཡིག་གང་གི་སྒྲིག་གཞིའི་ཚད་བཀག་མི་ཐེབས་པར་གོ་རིམ་སྔ་ཕྱི་ཅི་བདེར་བསྣོར་རུང་བ་སོགས་ཀྱི་རང་དབང་ལྡན་ནོ། །གསུམ་པ་འབོད་སྐུལ་ཅན་གྱི་ཡིག་ཆས་ཀློག་པ་པོ་གཙོར་འཛིན་ཏེ། དེའི་དམིགས་ཡུལ་ནི་ཀློག་པ་པོས་བསམ་གཞིགས་དང་བྱ་སྤྱོད་གང་ཞིག་སྤེལ་བར་སྐུལ་སློང་བྱ་བ་ཡིན། གསལ་བརྡ་དང་ཐོན་རྫས་ཀྱི་གསལ་བཤད་ཡི་གེ དྲིལ་སྒྲོག་ལག་དེབ། སྤྱི་བསྒྲགས་སོགས་ནི་འདིའི་ཁྱབ་ཁོངས་སུ་གཏོགས་ལ། ཀློག་པ་པོའི་སྤྲོ་སྣང་འདྲེན་ཆེད་སྤེལ་བའི་གོ་སླ་བའི་གཏམ་རྒྱུད་སོགས་ཀྱང་འདིའི་རིགས་སུ་འདུས། ཡིག་ཆ་འདིའི་རིགས་བསྒྱུར་བ་ལ“ཀློག་པ་པོ་དང་པོ”ཞེས་པའི་རྩ་དོན་ལྟར་ཀློག་པ་པོ་རྣམས་གོ་གནས་དང་པོར་འཛིན་དགོས། སྒྱུར་བྱེད་སྐད་ཆའི་དགེ་མཚན་ཅི་ནུས་སྒོས་འདོན་སྤེལ་བྱ་རུང་ལ། མ་ཡིག་གི་བརྗོད་སྟངས་རྣམ་པར་བསྟུན་མི་དགོས་པར་འགྱུར་ཡིག་ལའང་མ་རྩོམ་ལྟ་བུའི་ཕན་ནུས་ཐོན་པར་བྱེད་དགོས། མ་ཡིག་གི་བརྗོད་དོན་མི་གསལ་བ་དང་ཡང་དག་མ་ཡིན་པའི་སྐབས་ལྟ་བུ་ལ་སྒྱུར་མཁན་དེར་བཟོ་བཅོས་བྱ་བའི་འོས་འགན་ལྡན་ནོ། །
        མདོར་ན། ད་ལྟ་རྒྱལ་ཁབ་བམ་མི་རིགས་མང་པོ་ཞིག་གིས་གོང་གི་གནས་ཚུལ་འདིར་དམིགས་ནས ”རྩོམ་རིགས་དང་ལོ་ཙཱ”( 文体与翻译)ཞེས་བྱེ་བྲག་གི་དཔྱད་བྱ་ཞིག་ཏུ་བཟུང་སྟེ་ཆེད་དུ་ཞིབ་འཇུག་གནང་བཞིན་པ་དང་། བསྒྱུར་བྱའི་རྩོམ་རིགས་སམ་ཡིག་ཆ་མི་འདྲ་བར་དམིགས་ནས་ཆེད་གཉེར་གྱི་དཔེ་ཁྲིད་སོགས་བྱས་ཏེ་ཆེད་ལས་ཅན་གྱི་ལོ་ཙཱ་བ་གསོ་སྐྱོང་གནང་བཞིན་ཡོད། གོང་གི་གནས་བབ་དང་དགོས་མཁོ་དེར་གཞིགས་ནས་ད་ལྟ་རང་རྒྱལ་གྱི་མི་རིགས་སློབ་ཆེན་དག་ནའང་རྩོམ་རིག་ལོ་ཙཱ་དང་གཞུང་ཡིག་ལོ་ཙཱ། ཚན་རྩལ་ལོ་ཙཱ་ཞེས་བསྒྱུར་བྱའི་རྩོམ་རིགས་མི་འདྲ་བར་དམིགས་ཏེ་སོ་སོར་བསླབ་ཚན་བསྐྲུན་ནས་དཔེ་ཁྲིད་བྱེད་བཞིན་པ་འདི་ནི་དངོས་ནས་ཡང་དག་པའི་བྱེད་སྟངས་ཤིག་ཡིན་པ་སྨྲས་མེད་རེད། བྱ་བ་འདི་བསྒྲུབ་པ་ལ་ང་ཚོས་རྒྱ་ནག་དང་ཕྱི་གླིང་བའི་འབྲེལ་ཡོད་ཀྱི་ལོ་ཙཱའི་གཞུང་ལུགས་རྣམས་ལ་དཔེར་བལྟས་ནས་ལེགས་ཆ་བསྡུ་ལེན་བྱ་དགོས་པ་དང་། རྩོམ་གྱི་རིགས་མི་འདྲ་བ་སོ་སོར་དམིགས་ནས་ལོ་ཙཱའི་གཞུང་ལུགས་ཀྱང་སོ་སོར་བསྐྲུན་པའི་ཕྱོགས་སུ་འབད་འབུངས་བྱ་དགོས་སོ། །
        2. ལོ་ཙཱ་དང་རིག་གནས་གཉིས་ཟུང་དུ་སྦྲེལ་ནས་ཞིབ་འཇུག་བྱེད་པ། 
        ང་ཚོས་མཁྱེན་གསལ་བཞིན། མི་རིགས་ཤིག་གི་རིག་གནས་ནི་གཙོ་བོ་རང་གི་སྐད་དང་ཡི་གེ་ལ་བརྟེན་ནས་གནས་ཡོད་པ་དང་། རིག་གནས་སོ་སོའི་ཁྱད་པར་དང་ཁྱད་ཆོས་མི་འདྲ་བ་དག་ཀྱང་མང་པོ་ཞིག་རང་གི་སྐད་དང་ཡི་གེ་ལ་བརྟེན་ནས་ཕྱིར་མངོན་པ་ཡིན། དེས་ན་མི་རིགས་སོ་སོའི་སྐད་ཡིག་མི་འདྲ་བ་རྣམས་ཕན་ཚུན་དུ་བསྒྱུར་བའི་རིག་གནས་བྱེད་སྒོ་འདི་ནི། བསྒྱུར་བྱ་སྒྱུར་བྱེད་གཉིས་ཀྱི་སྐད་ཡིག་ལ་བརྟེན་ནས་གནས་པའི་རིག་གནས་མ་ལག་མི་འདྲ་བ་གཉིས་དང་འབྲེལ་ཡོད་པ་བསམ་ན་ཤེས་ནུས་པ་ཞིག་རེད། ལོ་ཙཱ་བྱེད་དུས་སྐད་ཡིག་མི་འདྲ་བ་གཉིས་རྡུང་ཐུག་དང་འབྲེལ་གཏུགས་བྱེད་པ་ཙམ་མ་ཡིན་པར། སྐད་ཡིག་དེར་བརྟེན་ཞིང་འབྲེལ་བའི་རིག་གནས་མ་ལག་མི་འདྲ་བ་གཉིས་ཀྱི་རྡུང་ཐུག་དང་འབྲེལ་གཏུགས་ཡིན། དེར་བརྟེན་ལོ་ཙཱའི་བྱ་བར་ཞིབ་འཇུག་བྱ་བ་ལ་སྐད་ཡིག་སོ་སོའི་བརྡ་སྤྲོད་ཁྱད་ཆོས་དང་སྐད་ཆའི་སྦྱོར་ལུགས། མིང་གི་འདོགས་སྟངས་དང་ཚིག་གི་རྗོད་ཚུལ་བཅས་སྐད་བརྡའི་རིམ་པ( 语言层面)ཙམ་དུ་ལུས་ན་ད་དུང་མི་འདང་སྟེ། དེ་ལས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་པའི་མི་རིགས་སོ་སོའི་རིག་གནས་ཀྱི་སེམས་ཁམས་དང་ཁྱབ་ཁོངས་སུ་དྲངས་ཏེ་དབྱེ་ཞིབ་དང་དཔྱད་བརྗོད་སྤེལ་དགོས་སོ། །
        འདིའི་ཕྱོགས་སུ་རྒྱ་ནག་དང་ཕྱི་གླིང་བའི་ལོ་ཙཱའི་གཞུང་བཤད་ལས་དཔེར་བལྟ་ས་དང་སློབ་སྦྱོང་བྱེད་ས་ཅུང་མང་དུ་སྣང་སྟེ།ང་ཚོས་དགོས་ངེས་ཀྱི་ལེགས་ཆ་རྣམས་ཅི་ནུས་སྒོས་སློབ་སྦྱོང་དང་དང་ལེན་བྱེད་དགོས། དཔེར་ན་རྒྱ་ནག་གི་ལོ་ཙཱ་སྨྲ་བ་གྲགས་ཅན་ཝང་ཙོ་ལང( 王佐良)ལགས་ཀྱི་དགོངས་པ་ལྟར་ན། ལོ་ཙཱ་དང་རིག་གནས་བར་ལ་འབྲེལ་བ་ཟབ་མོ་ཞིག་ལྡན་ཞིང་། ལོ་ཙཱ་བ་ཞིག་ཡིན་ཕྱིན་ངེས་པར་དུ་རིག་གནས་ཀུན་ལ་མཁས་དགོས་པར་འདོད། ལོ་ཙཱ་ཉིད་རིག་གནས་ཀྱི་རྒྱབ་ལྗོངས་རྒྱ་ཆེན་པོ་ཞིག་ཏུ་དྲངས་ནས་ཞིབ་འཇུག་བྱེད་དགོས་ལ། རིག་གནས་ཀྱི་ལྟ་བ་དང་ལོ་རྒྱུས་འདུ་ཤེས་ལ་ངེས་པར་དུ་མཐོང་ཆེན་བྱེད་དགོས། ཁོང་གིས“སྐད་བརྡའི་ཁྲོད་ཀྱི་སྤྱི་ཚོགས་རིག་གནས་དེ་མ་རྟོགས་ན། སྐད་བརྡ་དེ་ཉིད་དཔྱིས་ཕྱིན་པ་ཞིག་རྟོགས་ཐབས་བྲལ།”ཞེས་གསུངས་པ་དང་། ལོ་ཙཱའི་ལག་ལེན་ཁྲོད་དུ་ལོ་ཙཱ་བས“ཐག་གཅོད་པ་ནི་བརྡ་དང་ཐ་སྙད་རེ་འགའ་ཡིན་མོད། དོན་དམ་དུ་རིག་གནས་མ་ལག་ཆེན་མོ་གཉིས་ལ་གདོང་གཏོད་དགོས”། དེ་བས“ལོ་ཙཱ་བ་ནི་ངེས་པར་དུ་ངེས་པ་དོན་གྱི་རིག་གནས་པ་ཞིག་ཡིན་དགོས”ལ།“ལོ་ཙཱ་བྱ་བའི་ཁྲོད་ཆེས་དཀའ་ཁག་ཆེ་བ་ནི་གང་ཞེ་ན། དེ་ནི་རིག་གནས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཆ་དེའོ། །རིག་གནས་གང་ཞིག་གི་ཁྲོད་དུ་ཧ་ཅང་གོ་སླ་བ་དེ་རིག་གནས་གཞན་ཞིག་ཏུ་འབད་པ་ལྷུར་བླངས་ཏེ་འགྲེལ་པ་མཛད་དགོས”[2]ཞེས་སོགས་གསུངས་ནས། ལོ་ཙཱའི་ཞིབ་འཇུག་དང་རིག་གནས་ཞིབ་སྡུར་གཉིས་ཟུང་འབྲེལ་བྱེད་དགོས་པའི་དགོངས་པ་བཏོན། ཁོང་གི་ལོ་ཙཱའི་དགོངས་པ་འདིའི་ཤུགས་རྐྱེན་ལ་བརྟེན་ནས་རྒྱལ་ནང་དུ་རིག་གནས་ཞིབ་སྡུར་གྱི་ཆ་ནས་ལོ་ཙཱ་ལ་ཞིབ་འཇུག་མཛད་པའི་ཚ་རླབས་ཤིག་འཕྱུར་བ་དང་། ལོ་ཙཱའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི“རིག་གནས་སྨྲ་བ”ཞེས་པའི་ལྟ་དགོངས་ཤིག་གྲུབ་བོ། །
        རིག་གནས་ཀྱི་ཆ་ནས་ལོ་ཙཱའི་བྱ་བར་བསམ་གཞིགས་མཛད་པ་འདི་ནི། ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་ཁྱབ་ཁོངས་ཁྲོད་ཀྱི་མདུན་སྐྱོད་ཆེན་པོ་ཞིག་སྟེ། འདི་དང་འདྲ་བར་ནུབ་གླིང་གི་ལོ་ཙཱའི་སྡེ་ཡོངས་སུའང་ལོ་ཙཱར་བརྟེན་ནས་རིག་གནས་འཁོར་རྒྱུག་དང་བརྗེ་རེས་བྱ་བ་དང་། ལོ་ཙཱ་དང་རིག་གནས་ཀྱི་འབྲེལ་བའི་ཆ་ནས་ཞིབ་འཇུག་བྱས་པ་ཅུང་མང་སྟེ། ནུབ་གླིང་གི་ལོ་ཙཱ་སྨྲ་བ་གྲགས་ཅན་ཡིའུ་ཅིན•ནེ་ཏཱ( 尤金•奈达)དང་ཁ་ཐི་ཧྥོ་ཏི( 卡特福德 )དང་། ཆའོ་ཀྲི•མོའོ་ནན( 乔治•穆南 )ལ་སོགས་ཀྱིས་སྤྱི་ཚོགས་སྐད་བརྡ་རིག་པའི་ཆ་ནས་རིག་གནས་དང་ལོ་ཙཱའི་འབྲེལ་བ་མང་དུ་བརྗོད་ཡོད། དེ་ཡང་ལོ་ཙཱ་བྱེད་དུས་མི་རིགས་སོ་སོའི་རིག་གནས་ཀྱི་སྣ་མང་རང་བཞིན་དེ་འགྱུར་ཡིག་ཁྲོད་ཇི་ལྟར་མཚོན་པ་དང་། མ་ཡིག་གིས་རང་སྐད་ཡིག་གི་རིག་གནས་ཁྱབ་ཁོངས་སུ་ཐོན་པའི་བྱེད་ནུས་དེ་ལྟ་བུ་ཞིག་འགྱུར་ཡིག་གིས་རང་སྐད་ཡིག་གི་རིག་གནས་རྒྱབ་ལྗོངས་སུ་ཇི་ལྟར་མཚོན་པར་བྱ་བ། འཚོ་བའི་ཁོར་ཡུག་དང་སྤྱི་ཚོགས་ལུགས་སྲོལ། འདུ་ཤེས་འཛིན་སྟངས་སོགས་མི་འདྲ་བ་ལས་མངོན་པའི་རིག་གནས་ཁྱད་པར་ལས་ཡིག་རིགས་ཕན་ཚུན་བསྒྱུར་མི་རུང་བའི་རིགས་གང་དག་ལྡན་པ་དང་། གཞན་རིག་གནས་མི་འདྲ་བ་ལས་བྱུང་བའི་ལོ་ཙཱའི་དཀའ་ཁག་དང་ཚད་བཀག་དེ་དག་ཇི་ལྟར་ཁྱད་གསོད་བྱེད་དགོས་པ་ལ་སོགས་པར་དབྱེ་ཞིབ་དང་དཔྱད་བརྗོད་མང་དུ་སྤེལ་ཡོད། དཔེར་ན། ཆའོ་ཀྲི•མོའོ་ནན་ལགས་ཀྱིས་རིག་གནས་སྣ་མང་རང་བཞིན་གྱིས་ལོ་ཙཱར་ཐེབས་པའི་བཀག་རྒྱ་དེར་དབྱེ་ཞིབ་མཛད་ཡོད་དེ། དེ་ཡང་འཚོ་བའི་ཁོར་ཡུག་དང་དངོས་པོའི་རིག་གནས། སྤྱི་ཚོགས་ལུགས་སྲོལ། ཆོས་ལུགས་རིག་གནས་སོགས་ལས་བྱུང་བའི་ཁྱད་པར་ལས་གཞན་ད་དུང“འདུ་ཤེས་འཛིན་སྟངས་ཐད་ཀྱི་ཁྱད་པར”དེའང་བརྗོད་ཡོད། ཁྱད་པར་འདི་དག་ནི་ངེས་པར་དུ་སྐད་བརྡའི་ཁྲོད་མངོན་འོང་སྟེ། དཔེར་ན་དེ་འདྲའི་རིག་གནས་མེད་པས་ན་འབྲེལ་ཡོད་ཀྱི་མིང་བརྡའང་བྱུང་མེད་པ་ལྟ་བུའོ། །དེ་ལྟར་སྐད་རིགས་སོ་སོའི་བརྡ་སྤྲོད་གྲུབ་ཚུལ་དང་རྣམ་པའི་བྱེད་ནུས་སོགས་མི་འདྲ་བ་ལས་བྱུང་བའི་ཁྱད་པར་ལས་ལོ་ཙཱའི་དཀའ་ཁག་དང་ཚད་བཀག་བསྟན་ཅིང་། དཀའ་ཁག་དེ་དག་ཇི་ལྟར་ཁྱད་གསོད་བྱེད་དགོས་པའི་ཐབས་ལམ་ལ། དཔེར་ན་དེ་ལྟའི་རིག་གནས་ཆད་པ་ལས་མིང་བརྡའང་བྱུང་མེད་པའི་རིགས་ནི“སོར་བཞག”ལ་བརྟེན་ནས་ཐག་གཅོད་དགོས་ཤིང་། “སོར་བཞག”དེའི་རིགས་ཀྱི་གསོན་ཤུགས་ནི་རིག་གནས་སྣང་ཚུལ་དེ་སྒྱུར་བྱེད་ཡི་གེ་གཏོགས་སའི་རྒྱལ་ཁབ་དེར་རྐང་ཚུགས་ནུས་མིན་དང་དང་ལེན་བྱས་པའི་ཆུ་ཚད་ལ་རག་ལས། ལོ་ཙཱའི་དཀའ་ཁག་རྙེད་ནས་སྐབས་བསྟུན་གྱིས་ཐག་གཅོད་དགོས་པར་གསུངས་པ་འདིས། གཞུང་ལུགས་ཀྱི་ཆ་ནས“བསྒྱུར་མི་ནུས”ཞེས་པའི་ལྟ་བ་དེའི་མགོ་རྟིང་སློག་ཅིང་། ལག་ལེན་གྱི་ཆ་ནས་ལོ་ཙཱའི་དཀའ་ཁག་མཐའ་དག་ཁྱད་དུ་བསད་ནས་སྤོབས་པ་ཆེན་པོས་ཐབས་ལམ་སྣ་ཚོགས་སྤྱད་དེ་སྐད་རིགས་བར་གྱི་བཀག་རྒྱ་བརྟོལ་ནས་ཕན་ཚུན་འབྲེལ་འདྲིས་བྱ་བར་དོན་སྙིང་གལ་ཆེན་ལྡན་ནོ། །
        མདོར་ན། ལོ་ཙཱའི་བྱ་བར་རིག་གནས་ཀྱི་ཟུར་ཚད་ནས་ཞིབ་འཇུག་བྱ་བ་འདི་ནི་ལོ་ཙཱའི་གཞུང་ལུགས་བསྐྲུན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྐད་ཡིག་ལས་བྱུང་བའི་རིག་གནས་ཁྱད་པར་རྣམས་ཕན་ཚུན་ཇི་ལྟར་བསྒྱུར་དགོས་པའི་གནད་དོན་གཙོ་བོ་ཞིག་ཀྱང་ཡིན། ཞིབ་འཇུག་གི་ལས་འདི་ལྟ་བུ་གཉེར་བ་ལ་ང་ཚོས་ངེས་པར་དུ་རྒྱ་ནག་དང་ཕྱི་གླིང་བའི་ལོ་ཙཱའི་གཞུང་བཤད་མང་པོ་ལས་རིགས་ལམ་གྱི་ཉིང་བཅུད་སྡུད་ལེན་བྱེད་དགོས་ཏེ། འདི་ནི་བོད་རང་གི་ལོ་ཙཱའི་གཞུང་ལུགས་ཀྱི་སྟོང་ཆ་གཙོ་བོ་ཞིག་ཀྱང་ཡིན་པར་འདོད་དོ། །
        3. ལོ་ཙཱ་དང་གསར་རྩོམ་གཉིས་ཟུང་འབྲེལ་གྱིས་ཞིབ་འཇུག་བྱེད་པ།
        རྩོམ་རིག་ལོ་ཙཱ་ནི་མི་རིགས་མང་པོ་ཞིག་ལ་མཚོན་ན་ལོ་ཙཱ་བྱ་བའི་གྲུབ་ཆ་ཧ་ཅང་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་གི་ལོ་ཙཱའི་གཞུང་ལུགས་སྨྲ་བ་གྲགས་ཅན་མང་པོ་ཞིག་གིས་ཀྱང་རྩོམ་རིག་ལོ་ཙཱར་བརྟེན་ནས་རང་གི་དགོངས་པ་བཏོན་ཡོད། རང་རེའི་བོད་མི་རིགས་ལ་མཚོན་ན། བསྟན་པ་སྔ་དར་གྱི་དུས་ནས་རྒྱལ་ཁབ་བམ་མི་རིགས་གཞན་གྱི་རྩོམ་རིག་བརྩམས་ཆོས་གྲགས་ཅན་རང་སྐད་དུ་བསྒྱུར་བའི་འགྱུར་རྩོམ་ཅུང་མང་དུ་བྱུང་ཡོད་དེ། དཔེར་ན《ཤེས་རབ་བརྒྱ་བ》དང《སྐྱེ་བོ་གསོ་ཐིགས》སོགས་ཀྱིས་མཚོན་པའི་ལུགས་ཀྱི་བསྟན་བཅོས་ཀྱི་སྐོར་དང་། 《ལྷ་ལས་ཕུལ་བྱུང་གི་བསྟོད་པ》དང《ཁྱད་པར་འཕགས་བསྟོད》ལྟ་བུའི་བསྟོད་རྩོམ་གྱི་རིགས་དང་། 《སྐྱེ་རབས་སོ་བཞི་པ》དང《རྟོགས་བརྗོད་དཔག་བསམ་འཁྲི་ཤིང》ལྟ་བུའི་སྐྱེ་རབས་ཀྱི་བརྩམས་ཆོས་དང་། ཡང《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》ལྟ་བུའི་ཟློས་གར་གྱི་རིགས་དང་། 《སྤྲིན་གྱི་ཕོ་ཉ》ཡིས་མཚོན་པའི་སྙན་ངག་གི་བརྩམས་ཆོས་སོགས་མང་དུ་བྱུང་ཡོད། དེ་ལྟར་རྩོམ་རིག་ལོ་ཙཱ་ཡིས་བོད་ཀྱི་ལོ་ཙཱའི་བྱ་གཞག་སྤྱིའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པར་མ་ཟད། བོད་ཀྱི་རྩོམ་རིག་ལས་དོན་འཕེལ་རྒྱས་ཐད་ལའང་སྐུལ་འདེད་དང་ཤུགས་རྐྱེན་གྱི་ནུས་པ་ཧ་ཅང་རྒྱ་ཆེན་པོ་ཐེབས་མྱོང་མོད། ཡིན་ནའང་རྩོམ་རིག་ལོ་ཙཱའི་ཐད་ལ་ཆེད་དུ་དཔྱད་བརྗོད་སྤེལ་བ་ཕལ་ཆེར་མེད་པས་འདི་ཡང་གཞུང་ལུགས་ཀྱི་སྟོང་ཆ་ཞིག་ཡིན་པ་ཁས་ལེན་དགོས་ལ། གཞན་གྱི་ལེགས་ཆ་སློབ་སྦྱོང་དང་བསྡུ་ལེན་བྱ་དགོས་པའི་ཕྱོགས་གཙོ་བོ་ཞིག་ཀྱང་ཡིན་ནོ། །
        དེ་ཡང་དེང་རབས་རྒྱ་ནག་གི་ལོ་ཙཱ་བ་མང་པོ་ཞིག་གིས་ཆེད་དུ་རྩོམ་རིག་ལོ་ཙཱར་དམིགས་ནས་དཔྱད་པ་མང་དུ་མཛད་ཅིང་། དེའི་སྐོར་གྱི་ལོ་ཙཱའི་ཚད་གཞི་དང་བླང་བྱ་སོགས་ཀྱང་བཏོན་འདུག དཔེར་ན་སྐུ་ཞབས་ལུའུ་ཞུན( 鲁迅)ལགས་ཀྱིས་དེའི་སྔོན་ཀྲུང་གོའི་རིག་གནས་ལོ་རྒྱུས་སྟེང“གསར་རྩོམ”ལ་གཙིགས་ཆེན་དང“ལོ་ཙཱ”ལ་མཐོང་ཆུང་བྱ་བའི་བསམ་བློ་དེར་དགག་པ་མཐའ་གཅིག་ཏུ་མཛད་ཅིང་། ཐེངས་དང་པོར“ལོ་ཙཱ་དང་གསར་རྩོམ་གཉིས་ཀ་གལ་ཆེ་བའི”བསམ་བློའི་དགོངས་པ་བཏོན་པ་སྟེ། ལོ་ཙཱ་དང་གསར་རྩོམ་གཉིས་ནི་དུས་མཉམ་དུ་དར་སྤེལ་གཏོང་དགོས་པ་ལས་ཕྱོགས་གཅིག་ལའང་མཐོང་ཆུང་བྱེད་མི་རུང་། ཞེས་དང་། ལོ་ཙཱ་གལ་ཆེན་དུ་མཐོང་ནས་མིག་དཔེ་རུ་བཟུང་ཚེ། དོན་དངོས་སྟེང་གསར་རྩོམ་ལ་སྐུལ་འདེད་བྱས་པ་ཡིན་ཅེས་སོགས་གསུངས། ལོ་ཙཱ་བྱ་བའི་སྲོག་ཤིང་དང་དོན་སྙིང་དངོས་སུ་རྟོགས་ཚེ་ད་གཟོད་དེའི་དཀའ་ཁག་ངོས་ཟིན་ཏེ། འདི་ལ་ལུའུ་ཞུན་གྱིས “བདག་གིས་སྔོན་ཆད་ནས་ལོ་ཙཱ་ནི་གསར་རྩོམ་ལས་སྒྲུབ་སླ་བའི་ལས་ཤིག་ཏུ་བསམ་ཡོད་དེ། རྒྱུ་མཚན་ནི་མ་མཐའ་ཡང་དེའི་སྤྱི་ཁོག་འབུབ་ཚུལ་སོགས་ལ་བསམ་བློ་གཏོང་མི་དགོས་སྙམ་ཡོད། ཡིན་ཀྱང་ལོ་ཙཱའི་ལག་ལེན་ལ་དངོས་སུ་ཞུགས་དུས་ད་གཟོད་དཀའ་ཁག་དང་འཕྲད་འོང་སྟེ། དཔེར་ན་ཐ་སྙད་ཅིག་དང་བྱ་ཚིག་ཅིག་ལ་མཚོན་ན། གསར་རྩོམ་གྱི་སྐབས་ཡིན་ན་རང་གིས་འབྲི་མི་ཤེས་དུས་གཡོལ་ཐབས་བྱ་རུང་མོད། འོན་ཀྱང་ལོ་ཙཱའི་སྐབས་སུ་དེ་ལ་རང་མགོ་འཐོམས་པ་ཙམ་དུ་བསམ་གཞིག་མང་དུ་གཏོང་དགོས། དེ་ནི་དཔེར་ན་རང་གི་ཀླད་པའི་ནང་སྒམ་ཆུང་གང་ཞིག་གི་སྒོ་མྱུར་དུ་འབྱེད་པ་ལ་ངེས་པར་མཁོ་བའི་ལྡེ་མིག་ཅིག་འཚོལ་བ་དང་འདྲ་མོད། དེ་ནི་རྙེད་སླ་བ་ཞིག་གཏན་ནས་མ་ཡིན།”[3]ཅེས་སོགས་གསུངས་ཏེ་ལོ་ཙཱ་ནི་གསར་རྩོམ་ལས་ལས་སླ་མོ་ཞིག་མ་ཡིན་པའི་གནས་ལུགས་དེ་བརྗོད་ཡོད། གོང་གི་འདི་ལས་སྐུ་ཞབས་ལུའུ་ཞུན་ལགས་ཀྱིས་ལོ་ཙཱའི་བྱ་བར་བཅངས་པའི་གཟབ་ནན་གྱི་རྣམ་འགྱུར་དེ་མཐོང་ཐུབ་ལ། རྩོམ་རིག་ལོ་ཙཱའི་བྱ་བར་སྒྱུ་རྩལ་སླར་རྩོམ་རང་བཞིན་གྱི་ཕྱོགས་གཅིག་ལྡན་པའང་ཞོར་དུ་རྟོགས་ནུས། གཞན་རྩོམ་རིག་ལོ་ཙཱའི་ཚད་གཞིའི་ཐད་ལ“གོ་སླ་བ”(易解)དང“ཉམས་རྫོགས་པ”(丰姿)ཞེས་ཕྱོགས་གཉིས་ཙམ་སྤྱི་བསྡོམས་མཛད་ཡོད་དོ། །
        དེ་བཞིན་དུ་ཀོའོ་མོ་རོའོ(郭沫若)ལགས་ཀྱིས་ཀྱང་རྩོམ་རིག་ལོ་ཙཱར་ཆེད་དུ་དམིགས་ནས“གསར་རྩོམ་སྨྲ་བ”( 创作论)ཞེས་པའི་ལོ་ཙཱའི་ལྟ་དགོངས་བཏོན་པ་སྟེ། རྩོམ་རིག་ལོ་ཙཱ་བྱ་བ་ནི“ནེ་ཙོས་ཀློག་སློབ་པ”ལྟ་བུ་ཞིག་མ་ཡིན་པར་ལོ་ཙཱ་བ་རང་གི་གསར་རྩོམ་གྱི་སྙིང་སྟོབས་དེ་དངོས་ཤུགས་གང་རུང་ནས་ཕྱིར་མངོན་དགོས་པ་དང་། ལོ་ཙཱ་དང་གསར་རྩོམ་གཉིས་འདྲ་མཉམ་དུ་བཟུང་སྟེ། ལོ་ཙཱ་ནི་གསར་གཏོད་རང་བཞིན་གྱི་བྱ་བ་ཞིག་དང་། ལོ་ཙཱ་ལེགས་པོ་ཞིག་ནི་གསར་རྩོམ་དང་འདྲ་ལ་ཐ་ན་གསར་རྩོམ་བྱེད་པ་ལས་ཀྱང་ལྷག་ཅེས་བསྟན་ཡོད། འདི་ནི་རྩོམ་པ་པོ་དང་ལོ་ཙཱ་བ་གཅིག་ལྕོགས་སུ་བཞེས་མཁན་མང་པོ་ཞིག་གི་ཐུན་མོང་བའི་དགོངས་ཚུལ་ཡིན། ཁོང་ཉིད་ལྟར་ན། ཡན་ཧྥུ་ལགས་ཀྱིས་བཏོན་པའི“雅”ཞེས་པ་ནི་འགྱུར་རྩོམ་གང་གི་རྩོམ་རིག་རིན་ཐང་དང་སྒྱུ་རྩལ་རིན་ཐང་ལ་ཚད་འཇལ་བྱེད་ཀྱི་ཚད་གཞི་ཡིན་ལ། མ་རྩོམ་ནི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ཙ་ན། འགྱུར་རྩོམ་དེའང་ངེས་པར་དུ་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་དགོས་པར་འདོད། གཞན་ཡང་རྒྱ་ནག་གི་རྩོམ་པ་པོ་དང་ལོ་ཙཱ་བ་གཅིག་ལྕོགས་སུ་བཞེས་པའི་སྐུ་ཞབས་མའོ་ཏུན་ལགས་ཀྱིས་ཀྱང“རྩོམ་རིག་ལོ་ཙཱ་ནི་སྐད་རིགས་གཞན་ཞིག་ལ་བརྟེན་ནས་མ་རྩོམ་གང་གི་སྒྱུ་རྩལ་ཡིད་ཁམས( 艺术意境)མཚོན་པར་བྱས་ཏེ། ཀློག་པ་པོས་འགྱུར་ཡིག་ཀློག་པའི་ཚེ་ན་མ་རྩོམ་བཀླགས་པ་ལྟ་བུའི་བློ་བསྐྱེད་དང་ཡིད་འགུགས། མཛེས་ཚོར་བཅས་མྱོང་ནུས་པ་ཞིག་བྱ་དགོས”[4]ཞེས་སོགས་གསུངས་ནས“སྒྱུ་རྩལ་གསར་གཏོད་རང་བཞིན་གྱི་ལོ་ཙཱའི་དགོངས་པ”བཏོན་ཅིང་། ཕྱི་གླིང་གི་རྩོམ་རིག་བརྩམས་ཆོས་བསྒྱུར་བར“ཉིང་བཅུད་བསྡུས་ནས་དར་སྤེལ་བྱ་བའི”རྩ་དོན་གཞིར་བཟུང་སྟེ། རང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རྩོམ་རིག་གསར་པ་གསར་གཏོད་བྱ་དགོས་པར་འདོད། དེ་ཡང་མ་རྩོམ་གྱི་ཕྱིའི་རྣམ་པ་དང་རྩོམ་གཤིས་གཉིས་ལས་གང་གཙོ་གང་ཕལ་ཐད་ལ་ཁོང་གི་དགོངས་པ་ལྟར་ན། རྩོམ་རིག་གི་བྱེད་ནུས་ནི་གཙོ་བོ་རྩོམ་གཤིས་སྟེང་གནས་པས་ན། རྩོམ་གཤིས་ཤོར་ནས་རྣམ་པ་འཛིན་པ་ལས། རྣམ་པ་ལ་ཁྱད་པར་ཅུང་ཤོར་ནའང་རྩོམ་གཤིས་སོར་འཇོག་བྱ་བ་གཙོ་ཆེ་བར་བཞེད། མ་རྩོམ་གང་གི་སྒྱུ་རྩལ་ཡིད་ཁམས( 艺术意境)མཚོན་པ་ནི་རྩོམ་རིག་ལོ་ཙཱའི་རྩ་བའི་འོས་འགན་ཡིན་པར་བརྗོད་ལ། འདི་ལྟ་བུའི་སྒྱུ་རྩལ་ཕན་འབྲས་ཤིག་འབྱུང་བ་ལ་ལོ་ཙཱ་བས་ངེས་པར་དུ་སྒྱུ་རྩལ་གསར་གཏོད་ཀྱི་ལས་ལ་བརྟེན་དགོས་ཤིང་། ལོ་ཙཱའི་དཀའ་ཁག་ནི་གསར་རྩོམ་ལས་མི་དམན་ལ་ཐ་ན་དེ་ལས་ཀྱང་དཀའ་ཁག་ཆེ་བར་བཞེད། དེ་བཞིན་དུ་རྒྱ་ནག་གི་ལོ་ཙཱ་བ་གྲགས་ཅན་ཧྥུ་ལེས་ལགས་ཀྱིས( 傅雷)བཏོན་པའི“རྣམ་པའི་ཆ་ནས་འདྲ་མཚུངས་བསྙེག་པ་མ་ཡིན་པར་བརྗོད་སྙིང་དང་རྩོམ་ཉམས་ཀྱི་ཆ་ནས་འདྲ་པོ་ཡིན་དགོས།”( 重神似不重形似 ) ཞེས་པ་དང་། ཆན་ཀྲུང་ཧྲོའི( 钱钟书 ) “ཉམས་འགྱུར་རྫོགས་པ”(化境说)ཞེས་པའི་ཚད་གཞི་རྣམས་ཀྱང་རྩོམ་རིག་ལོ་ཙཱར་དམིགས་ནས་བརྗོད་པ་ཡིན་ལ། དེ་ལྟ་བུའི་ཚད་གཞིར་སླེབས་དགོས་ན་ལོ་ཙཱ་བས་ངེས་པར་དུ་སྒྱུ་རྩལ་གསར་རྩོམ་གྱི་ལས་ལ་བརྟེན་དགོས་པར་དགོངས་སོ། །གོང་གི་འདི་དག་དང་འདྲ་བར་ཕྱི་གླིང་པའི་ལོ་ཙཱའི་སྡེ་ནའང་ལོ་ཙཱ་དང་གསར་རྩོམ་གཉིས་ཟུང་འབྲེལ་བྱེད་དགོས་ཤིང་། ལོ་ཙཱ་ནི་མ་གཞི་ནས་སྒྱུ་རྩལ་གསར་རྩོམ་གྱི་ལས་ཀ་ཞིག་ཡིན་པར་འདོད་མཁན་མང་སྟེ། དཔེར་ན་སུའུ་ལན་གྱི་རིག་རྩལ་སྨྲ་བའི་ཚབ་བྱེད་མི་སྣ་ཅ་ཆའེ་ཆི་ལ་ཙི( 加切奇拉泽)ལགས་ཀྱིས། “རྩོམ་རིག་ལོ་ཙཱ་ནི་རྩོམ་རིག་གསར་རྩོམ་གྱི་རྣམ་པ་ཞིག་སྟེ། མ་རྩོམ་ཉིད་ཀྱིས་གསར་རྩོམ་གོ་རིམ་ཁྲོད་འཚོ་བའི་དངོས་ཡོད་མཚོན་པའི་བྱེད་ནུས་དེ་དང་འདྲ། སྒྱུར་མཁན་རང་གི་འཇིག་རྟེན་ལྟ་ཚུལ་ལྟར་རང་གིས་བདམས་པའི་ནང་དོན་དང་རྣམ་པ་གཉིས་གཞི་གཅིག་ཏུ་སྦྲེལ་བའི་མ་རྩོམ་ཁྲོད་ཀྱི་སྒྱུ་རྩལ་བདེན་པ་དེ་མཚོན་པ་ཡིན”[5]ཅེས་སོགས་གསུངས་པ་ལྟ་བུས་མཚོན་ནོ། །
        མདོར་ན། རྩོམ་རིག་ལོ་ཙཱར་ཆེད་དམིགས་ཀྱིས་བཏོན་པའི་གཞུང་དཔྱད་འདི་དག་ལ་བདེན་ལུགས་དང་ཟུར་ལྟའི་རིན་ཐང་ཧ་ཅང་མཐོན་པོར་ལྡན་ཏེ། འདིས་ལོ་ཙཱ་བྱ་བའི་སྤྱི་ཚོགས་གོ་གནས་ལྡབ་འགྱུར་གྱིས་ཇེ་མཐོར་བཏང་ཞིང་། ལོ་ཙཱ་དང་གསར་རྩོམ་གཉིས་ཟུང་འབྲེལ་བྱ་དགོས་པའི་གནས་ལུགས་བརྗོད་ཡོད་ལ། ལྷག་ཏུ་རྩོམ་རིག་ལོ་ཙཱའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བླང་བྱ་སྟེ་སྒྱུ་རྩལ་གསར་གཏོད་བྱེད་པའིི་དགོས་པ་དང་དམིགས་ཡུལ་སོགས་བསྟན་འདུག གཞན་རྩོམ་རིག་བརྩམས་ཆོས་བསྒྱུར་བ་ལ་མ་ཡིག་གི་སྐད་བརྡའི་རྣམ་པ་གཙོ་ཆེའམ་བརྗོད་བྱའི་སྙིང་པོ་གཙོ་ཆེ། མ་རྩོམ་གྱི་ཕྱིའི་རྣམ་པ་དང་རྩོམ་གཤིས་གཉིས་ཀ་སོར་འཇོག་བྱེད་མི་ནུས་དུས་གང་ཞིག་གཙོ་བོར་འཛིན་དགོས་པ་ལ་སོགས་ཀྱི་འགལ་འདུ་འདི་དག་ཇི་ལྟར་ཐག་གཅོད་པའི་ཕྱོགས་སུ་གཞུང་ལུགས་ཀྱི་སྣེ་འཁྲིད་དང་མཛུབ་སྟོན་གསལ་པོ་ཞིག་གནང་འདུག དེ་བས་ང་ཚོས་ཀྱང་ལོ་ཙཱའི་གཞུང་དཔྱད་འདི་དག་འབད་འབུངས་ཀྱིས་སློབ་སྦྱོང་དང་བསྡུ་ལེན་བྱ་དགོས་ལ། རིགས་ལམ་གྱི་ཉིང་བཅུད་རྣམས་ཅི་ནུས་སྒོས་དང་ལེན་བྱས་ཏེ་རང་མི་རིགས་ཀྱི་ལོ་ཙཱའི་གཞུང་ལུགས་བསྐྲུན་པའི་གསོས་སུ་བསྒྱུར་དགོས་པར་མ་ཟད། རང་གི་རྩོམ་རིག་ལོ་ཙཱའི་ལག་ལེན་གྱི་གཞི་བརྟེན་ས་དང་མཛུབ་སྟོན་དུའང་འཛིན་དགོས་སོ། །
        4. སྐད་བརྡ་དང་ལོ་ཙཱའི་འབྲེལ་བའི་ཐད་ནས་ཞིབ་འཇུག་བྱ་བ།
        སྤྱིར་ལོ་ཙཱའི་བྱ་བ་ནི་སྐད་ཡིག་ཕན་ཚུན་དུ་བརྗེ་སྤོར་བྱ་བའི་རིག་གནས་ལས་སྒོ་ཞིག་ཡིན་ཙ་ན། དེའི་ཞིབ་འཇུག་བྱེད་པ་ཡང་སྐད་བརྡའི་ཆ་ནས་འཇུག་དགོས་པ་སྨོས་མ་དགོས། རང་རེའི་བོད་སྲོལ་རྒྱུན་གྱི་ལོ་ཙཱའི་གཞུང་ལུགས་ལ་མཚོན་ནའང་ལོ་ཙཱའི་རྩ་དོན་དང་ཚད་གཞི། བྱེ་བྲག་གི་སྒྱུར་ཐབས་སོགས་གང་ཞིག་ཀྱང་གཙོ་བོ་སྐད་བརྡ་ཡི་རིམ་པའི་ཆ་ནས་སྤྱི་བསྡོམས་མཛད་ཡོད་ཅིང་། སྔ་ཕྱིར་བྱུང་བའི་ལོ་ཙཱའི་འགྱུར་དཔྱད་རྣམས་ཀྱང་ཕལ་ཆེར་ཞིག་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་བརྡའི་ཆ་ནས་དབྱེ་ཞིབ་མཛད་ཡོད། དེ་བཞིན་དུ་ཕྱི་གླིང་བའི་ལོ་ཙཱའི་སྡེ་ལ་མཚོན་ནའང་སྐད་བརྡ་རིག་པའི་ཆ་ནས་ལོ་ཙཱ་ལ་ཞིབ་འཇུག་བྱེད་པ་ནི་དེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། སྐད་བརྡ་སྨྲ་བའི་གྲུབ་མཐའ་འདིའི་ཚབ་བྱེད་མི་སྣ་ལ་ཨ་རིའི་ཡིའུ་ཅིན•ནེ་ཏཱ( 尤金•奈达)དང་ལོ་མན•ཡ་ཁི་པོའུ་སིན( 罗曼•雅克布森)དང་། དབྱིན་ཇིའི་ཁ་ཐི་ཧྥོ་ཏི( 卡特福德)དང་། འཇར་མན་གྱི་བེ་ཨར་སི( 威尔斯)སོགས་བཞུགས། དེ་ལ་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པར་ལོ་མན• ཡ་ཁི་པོའུ་སིན་ལགས་ཀྱིས་སྐད་བརྡ་རིག་པ་ཉིད་ཐེངས་དང་པོར་ལོ་ཙཱའི་གཞུང་ལུགས་སུ་དྲངས་ནས་ཞིབ་འཇུག་མཛད་པ་ནས་བཟུང་ནེ་ཏཱ་དང་ཁ་ཐི་ཧྥོ་ཏི། བེ་ཨར་སི་སོགས་ཀྱིས་སོ་སོར《ལོ་ཙཱའི་ཚན་རིག་གི་འཚོལ་ཞིབ》དང། 《ལོ་ཙཱའི་སྐད་བརྡ་རིག་པའི་གཞུང་ལུགས》དང། 《ལོ་ཙཱའི་ཚན་རིག་སྟེ་གནད་དོན་དང་ཐབས་ལམ》སོགས་བརྩམས། ལོ་ཙཱའི་གཞུང་ལུགས་འདི་དག་ནི་སྐད་བརྡ་རིག་པའི་གཞུང་ལུགས་སྟེང་བསྐྲུན་པ་སྟེ། དེ་དག་གི་དོན་སྤྱི་གཙོ་བོ་ནི“དོན་མཚུངས”( 等值)དང“འགུལ་རྣམ་དོ་མཉམ”( 动态对等)དང། “བྱེད་ནུས་དོ་མཉམ”( 功能对等)དང། “བྱེད་ནུས་འདྲ་མཉམ”( 功能等值)དང། “ལོ་ཙཱའི་བརྗེ་སྤོར”( 翻译的转换)སོགས་སོ། །
        གཞན་ཡང་སུའུ་ལན་སྔོན་མའི་སྐད་བརྡ་རིག་པའི་ལོ་ཙཱའི་གཞུང་ལུགས་སྨྲ་མཁན་ཁི་མུས་ས་རོ་ཧྥོ( 科米萨罗夫)ལགས་ཀྱིས་སྐད་བརྡ་རིག་པའི་ཐད་ནས་ལོ་ཙཱར་ཞིབ་འཇུག་བྱེད་པའི་རིག་ཚན་དེར“ལོ་ཙཱའི་སྐད་བརྡ་རིག་པ”ཞེས་མིང་དུ་བཏགས་ཤིང་། རིགས་གཞུང་འདིས་སྐད་ཡིག་ཕན་ཚུན་འབྲེལ་འདྲིས་བྱ་བ་རྨང་གཞིར་འཛིན་ཅིང་། སྐད་ཡིག་མི་འདྲ་བ་གཉིས་བར་གྱི་བརྡ་སྤྲོད་དང་ཚིག་དོན། ཚིག་སྦྱོར། ཚིག་རྒྱན་ལ་སོགས་པའི་ཕྱོགས་སུ་འདྲ་མཚུངས་དོ་མཉམ་ཞིག་འབྱུང་བ་གཙོ་ཆེར་འཛིན་པས། སྐད་ཡིག་གཉིས་གཤིབ་སྡུར་བྱེད་རྒྱུ་ནི་ལོ་ཙཱའི་ཞིབ་འཇུག་ལ་ངེས་པར་མཁོ་བའི་བྱེད་ཐབས་ཤིག་ཡིན་པར་སྨྲ། ཁོང་གི་དགོངས་པ་ལྟར་ན། སྐད་ཡིག་གཉིས་ཕན་ཚུན་འབྲེལ་འདྲིས་བྱ་བའི་བརྒྱུད་རིམ་ཁྲོད་བྱུང་བའི་སྣང་ཚུལ་དང་གནད་དོན་སྣ་ཚོགས་ནི་ལོ་ཙཱའི་སྐད་བརྡ་རིག་པའི་གཞུང་ལུགས་ཀྱིས་དབྱེ་ཞིབ་དང་ཐག་གཅོད་བྱེད་དགོས་པ་དང་། དེ་ལྟར་སྤྱི་བསྡོམས་མཛད་འོང་བའི་རྩ་དོན་དེས་ལོ་ཙཱའི་ལག་ལེན་བྱ་འགུལ་ལ་མཛུབ་སྟོན་བྱེད་ནུས་ཤིང་། འགྱུར་སྤུས་ལེགས་ཉེས་ལ་གདེང་འཇོག་བྱེད་པར་གཞི་འཛིན་སའང་མཁོ་སྤྲོད་བྱེད་པ་ཡིན་པར་འདོད། གཞན་བསྒྱུར་བྱའི་ཡིག་ཆ་གང་གི་ཁྱད་ཆོས་དང་རྩོམ་ཉམས་ལ་གཞིགས་ནས་སོ་སོའི་ཁྱབ་ཁོངས་སུ་འཚམ་པའི་ལོ་ཙཱའི་ཚད་གཞི་གཏན་དུ་ཁེལ་དགོས་པ་སྟེ། དཔེར་ན་རྩོམ་རིག་བརྩམས་ཆོས་ལ་གདེང་འཇོག་བྱེད་དུས་དེའི་སྒྱུ་རྩལ་གྲུབ་འབྲས་ལ་བལྟ་དགོས་པ་དང་། ཚན་རྩལ་ཡིག་ཆ་ལ་གདེང་འཇོག་བྱེད་དུས་དེའི་བརྡ་ཆད་ཡང་དག་ཡིན་མིན་ལ་བལྟ་དགོས། ཁྱབ་སྒྲོག་ལ་དམིགས་པའི་བརྩམས་ཆོས་ལྟ་བུར་མཚོན་ན་འུད་སྒྲོག་དང་སྒྲོ་འདོགས་ཀྱི་བྱེད་ནུས་དང་པོར་འཛིན་དགོས་ལ། འགྱུར་ཡིག་དེས་ཀྱང་ཕྱོགས་གཅིག་ནས་མ་རྩོམ་གྱི་ཁྱད་ཆོས་ལ་དོ་སྣང་བྱེད་དགོས་ཤིང་། ཕྱོགས་གཞན་ཞིག་ནས་སྒྱུར་བྱེད་སྐད་བརྡས་ཐད་ཀར་བརྩམས་པ་ལྟ་བུའི་ཚོར་བ་བསྐྱེད་དགོས་པར་འདོད་དོ། །
དེ་ལྟར་ནུབ་གླིང་གི་སྐད་བརྡ་རིག་པའི་ལོ་ཙཱའི་གཞུང་ལུགས་ནི་མ་ལག་ཆ་ཚང་ཞིང་རིག་གཞུང་གི་དོན་སྙིང་དང་མཛུབ་སྟོན་གྱི་བྱེད་ནུས་ཆེས་ཆེར་ལྡན་པའི་ལོ་ཙཱའི་གཞུང་ལུགས་སྨྲ་བའི་གྲུབ་མཐའ་ཞིག་ཏུ་གྲུབ་འདུག་པས་ན། རང་རྒྱལ་གྱི་ལོ་ཙཱའི་སྡེ་ཡོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་། ལྷག་ཏུ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་སྐད་བརྡ་རིག་པའི་ཞིབ་འཇུག་ལྟེ་གནས་སུ་བཟུང་བའི་ལོ་ཙཱའི་ཞིབ་འཇུག་གི་ཚ་རླབས་ཤིག་འཕྱུར། དེར་བརྟེན་ང་ཚོས་ཀྱང་གཞུང་ལུགས་འདི་དག་ལས་རང་ལ་ཉེ་བར་མཁོ་བའི་ལེགས་ཆ་རྣམས་ཅི་ནུས་སྒོས་བསྡུ་ལེན་བྱ་དགོས་ཤིང་། བླང་དོར་དང་དགག་གཞག་ཡོད་པའི་སྒོ་ནས་རིགས་ལམ་གྱི་ཉིང་བཅུད་བསྡུས་ཏེ་རང་གི་ལོ་ཙཱའི་ལག་ལེན་བྱ་བའི་མཛུབ་སྟོན་དུ་བྱེད་དགོས་ལ། ལྷག་པར་དུ་རང་གི་ལོ་ཙཱའི་གཞུང་ལུགས་མ་ལག་བསྐྲུན་ནས་རང་རྐྱ་ཐུབ་པའི་རིག་ཚན་ཞིག་ཏུ་བསྐྲུན་པའི་གསོས་སུ་བསྒྱུར་རྒྱུ་ནི་གནད་ཀྱི་དམ་པའོ། །
        མདོར་ན། ང་ཚོས་བོད་རང་གི་ལོ་ཙཱའི་གཞུང་ལུགས་འཐུས་ཚང་དུ་བསྒྲུབས་ནས་རང་རྐྱ་ཐུབ་པའི་རིག་ཚན་ཞིག་ཏུ་བསྐྲུན་དགོས་ན། ཐོག་མར་བོད་སྲོལ་རྒྱུན་དུ་གྲུབ་པའི་ལོ་ཙཱའི་སྐོར་གྱི་གཞུང་བཤད་མང་པོ་རྒྱུན་འཛིན་དང་རྨང་གཞི་རུ་འཛིན་དགོས་ཤིང་། དུས་མཚུངས་སུ་རང་གི་ཞན་ཆའམ་སྟོང་ཆ་དེར་དམིགས་ནས་རྒྱལ་ཁབ་བམ་དང་མི་རིགས་གཞན་གྱི་ལོ་ཙཱའི་གཞུང་ལུགས་རྣམས་ལས་རང་ལ་ཉེ་བར་མཁོ་བའི་ལེགས་ཆ་རྣམས་ཀྱང་ཅི་ནུས་ཀྱིས་བསྡུ་ལེན་བྱ་དགོས། དེ་ཡང་གཙོ་བོ་ད་ལྟ་འཛམ་གླིང་གི་མཁས་པ་མང་པོས་མགྲིན་གཅིག་དབྱངས་གཅིག་ཏུ་ཁས་ལེན་ཅིང་གཏན་ཆགས་སུ་གྲུབ་པའི་ལོ་ཙཱའི་གཞུང་ལུགས་རྣམས་ལ་འབད་པ་ཆེན་པོས་སློབ་སྦྱོང་བྱས་པ་བརྒྱུད། རང་ལ་ངེས་པར་མཁོ་བའི་ལོ་ཙཱའི་དགོངས་དོན་དང་རིགས་ལམ་རྣམས་བསྡུ་ལེན་བྱ་དགོས་ལ། གཞན་ལོ་ཙཱ་བྱ་བའི་ཕྱོགས་སུ་སྤྱད་དང་སྤྱོད་བཞིན་པའི་ཞིབ་འཇུག་ཐབས་ལམ་དང་འཇུག་སྒོ་དག་ཀྱང་ང་ཚོས་ལད་ཟློས་དང་སློབ་སྦྱོང་བྱེད་པར་འོས་སོ། །
        དཔྱད་རྩོམ་འདི་ནི2013ལོའི་རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་ནུབ་ཁུལ་ལས་གཞི་སྟེ། བོད་ཀྱི་ལོ་ཙཱའི་གཞུང་ལུགས་མཐའ་དཔྱོད་ཅེས་པའི་དཔྱད་འབྲས་ཀྱི་ནང་གསེས་ཤིག་ཡིན། ཆོག་མཆན་ཨང་རྟགས་ནི13XYY023ཡིན།
        ཟུར་བལྟའི་དཔྱད་གཞི། 
        [1] འཇམ་མགོན་བླ་མ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་དང་པོ། མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་ཞབས་ཞུ་ཁང་། ཤོག་ངོས391ན་གསལ།
        [2] ཝང་པིན་ཆིན། དུས་རབས་ཉི་ཤུ་བའི་ཀྲུང་གོའི་ལོ་ཙཱའི་དགོངས་པ་ཞེས་པ་ལས་བརྒྱུད་དེ་དྲངས། རྒྱ་ཡིག་དེབ། ནན་ཁེ་སློབ་ཆེན་དཔེ་སྐྲུན་ཁང་། 2004:277.
        [3] ལུའུ་ཞུན་གྱི་གསུང་རྩོམ། རྒྱ་ཡིག་དེབ། མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་། དེབ་དྲུག་པ། 1973:345.
        [4] ཧྥན་ཀྲུང་དབྱིན། དངོས་སྤྱོད་ལོ་ཙཱའི་བསླབ་དེབ་ཅེས་པ་ལས་བརྒྱུད་དེ་དྲངས། རྒྱ་ཡིག་དེབ། ཕྱི་ཡིག་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་། 1994:78.
        [5] ཞུའུ་ཅིན་དང་མོའུ་ལེ་གཉིས་ཀྱིས་བསྒྲིགས། ལོ་ཙཱ་རིག་པའི་སྤྱི་དོན་ཞེས་པ་ལས་བརྒྱུད་དེ་དྲངས། རྒྱ་ཡིག་དེབ། ལོ་ཙཱའི་གླིང་དཔེ་སྐྲུན་ཁང་། 2009.
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1