གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༡༤ཉིན།

བ་ཡན་ཧ་རི་ནས་དྲེད་མོང་འཚོལ་བའི་ཟིན་བྲིས།


   མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་སླར་ཡང་བཅར་འདྲི་བྱེད་དགོས་པའི་དམིགས་ཡུལ་ཞིག་ཡོད་པ་ནི་དྲེད་མོང་འཚོལ་རྒྱུ་དེ་རེད།
སྔོན་ཆད་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་གི་ཡན་ལག་གླིང་ཁུལ་གཞན་པ་རུ་བཅར་འདྲི་བྱས་དུས། རྨ་སྟོད་རྫོང་ནགས་ཚལ་སྤྱི་བདེས་གདན་ཞུ་ཐེངས་མང་བྱས་མྱོང་སྟེ། དྲེད་མོང་དུས་རྒྱུན་དུ་འབྲོག་པའི་སྦྲ་གུར་གྱི་འགྲམ་དུ་ཡོང་བ་དང་། ཐ་ན་དགོང་མོ་རེ་རེ་བཞིན་ཐོན་པས། འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་ལ་འཇིགས་སྐུལ་ཆེན་པོ་བཟོ་བཞིན་ཡོད་ཅིང་། ཁྱད་པར་དུ་ཁེ་རེ་ལུང་རྒན་དུ་ཧ་ཅང་མང་བའི་སྐོར་འབྲོག་པ་མང་ཚོགས་ཀྱིས་སྙན་སེང་ཡང་ཡང་ཞུས་ཡོད།
   དེའི་ཐད། རྨ་སྟོད་རྫོང་ནགས་ཚལ་སྤྱི་བདེ་ཅུས་དང་སྤྱི་བདེ་ཅུས་ནས་མཉམ་འབྲེལ་ལས་དོན་ཚོགས་པ་བཙུགས་ཅིང་། རྫོང་ཡོངས་སུ་དྲེད་མོང་གིས་གནོད་འཚེ་ཆེན་པོ་བཏང་བའི་ཤང་དང་གྲོང་རྡལ་དུ་སྐོར་ཞིབ་བྱ་རྒྱུ་གྲ་སྒྲིག་བྱས། གཅིག་ནས་འབྲོག་པ་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་ཀྱིས་སྒོ་ཕྱུགས་ལ་གནོད་འཚེ་བཏང་བར་གུན་གསབ་སྲིད་ཇུས་ཁྱབ་སྒྲོག་བྱ་རྒྱུ་དང་། གཉིས་ནས་གལ་ཏེ་དྲེད་མོང་“རང་ཁྱིམ་དུ་འཛུལ་བ”དང་ཐུག་སོང་ན། མེ་མདའ་འཕངས་ནས་ཕྱིར་བསྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱེད་པ་དེ་རེད།
    ཟླ་6ཚེས་5ཉིན་གྱི་ཆུ་ཚོད་10པར་རྨ་སྟོད་རྫོང་ནས་བསྐྱོད་དེ་ཁེ་རེ་ལུང་རྒན་གྱི་ཕྱོགས་སུ་ཆས། ཐེངས་འདིའི་ས་ཚུགས་དང་པོ་ནི་རྨ་ཕྲ་ལི་གྲོང་རྡལ་ཧི་ལ་གྲོང་ཚོ་ཡིན་པ་དང་། ཁྱོན་བསྡོམས་རླངས་འཁོར་གསུམ་ཡོད་པ་སྟེ། གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་སྤྱི་བདེ་ཅུས་མཚོ་སྐྱ་སྔོ་སྲུང་སྐྱོང་ཡན་ལག་ཁུལ་གྱི་མངགས་གཏོང་ཁང་གི་འགོ་ཁྲིད་ཆི་ཧྲའོ་ཅུན་དང་ནགས་ཚལ་སྤྱི་བདེ་གསུམ་གྱི་རླངས་འཁོར་གཅིག་དང་། རྨ་སྟོད་རྫོང་སྤྱི་བདེ་ཅུས་ཁེ་རེ་ལུང་རྒན་མངགས་གཏོང་གི་འགོ་ཁྲིད་ཝང་ཧྥུའུ་ལིན། མངགས་གཏོང་ཁང་གི་ཉེན་རྟོག་པ་གསུམ་གྱི་རླངས་འཁོར་ཞིགགསར་འགོད་པའི་རླངས་འཁོར་གཅིག་བཅས་ཡོད།

   རླངས་འཁོར་ཁེ་རེ་ལུང་རྒན་མངགས་གཏོང་ཁང་ནས་གཡས་ལ་འཁོར་ནས་བྱེ་རྡོའི་ལམ་ཐོག་ཏུ་ཆུ་ཚོད་གཅིག་ཙམ་བསྐྱོད་རྗེས། ལམ་ཁ་ནས་འབྲོག་པ་སྐལ་ཤེར་ལ་ཐུག་བྱུང་། ཕན་ཚུན་ཁ་བརྡ་བྱས་རྗེས། སྐལ་ཤེར་གྱིས་ཐག་རིང་གི་གུར་ཞིག་བསྟན་ནས། དེ་ནི་ཁོང་ཚང་ཡིན་ཚུལ་བཤད་ཅིང་ང་ཚོ་ཁོ་རང་གི་ཁྱིམ་དུ་མགྲོན་ལ་བོས་ཞིང་ཆུང་མ་ཁྱིམ་དུ་ཡོད་ཟེར།


    བྱེ་རྡོའི་ལམ་ནས་སྐལ་ཤེར་ཚང་གི་བར་ལ་གཞུང་ལམ་མེད། སྤང་ཐོག་ནས་འགྲོ་དགོས་ཤིང་མཚམས་ཤིག་ལ་ཡམ་ཡོམ་ངང་བསྐྱོད་རྗེས་གཟོད་ཁོང་ཚང་ལ་སླེབས་སོང་། ལས་དོན་ཚོགས་པས་ཁོང་གི་ཆུང་མ་ལ་སྲིད་ཇུས་བཤད་པ་དང་། དྲེད་མོང་གིས་གུར་དང་ཕྱུགས་ཟོག་ལ་གནོད་འཚེ་བཏང་ཚུལ་སྐོར་དྲིས་པ་རེད།
   “ད་ལོར་ང་ཚོའི་འདི་ན་དྲེད་མོང་སླེབས་མ་སོང་། ཡིན་ནའང་། ན་ནིང་ཐེངས་ཁ་ཤས་ཤིག་སླེབས་སོང་། ལུག་ཁ་ཤས་བསད་ཀྱང་། ཁྲག་འཇིབ་པ་ལས་ཤ་ཟོས་མེད”ཅེས་སྐལ་ཤེར་གྱི་ཆུང་མས་ལས་དོན་ཚོགས་པར་གནས་ཚུལ་ཇི་མ་ཇི་བཞིན་གསལ་པོར་ཞུས་བྱུང་།
    སྐལ་ཤེར་ཚང་ནས་ཉིན་གུང་གི་ཟ་མ་ཟོས་རྗེས། མུ་མཐུད་དུ་གྲོང་ཚོའི་ནང་བསྐྱོད་པ་ཡིན། ཕྱི་དྲོའི་ཆུ་ཚོད་5ལྷག་ལ་ད་གཟོད་འབྲོག་པ་ངག་དབང་ཚང་ལ་འབྱོར་སོང་། ཁོང་གིས་ཀྱང་སྔོན་ཆད་ཕལ་ཆེར་དགོང་མོ་རེ་རེ་བཞིན་དྲེད་མོང་འབྲོག་ཁྱིམ་དུ་ཡོང་ཚུལ་ཡར་ཞུས་བྱས་མྱོང་ཡོད།
    ལས་དོན་ཚོགས་པ་སླེབས་པ་མཐོང་ཚེ། ངག་དབང་གིས“དོ་དགོང་ད་ང་རང་བློ་བདེ་པོའི་ངང་གཉིད་སྐྱིད་པོ་ཞིག་ཉལ་ཆོག”ཅེས་བཤད།
   ངག་དབང་ནི་ད་ལོར་ལོ་44རེད། ཁྱིམ་མི་ལྔ་སྟེ་ངག་དབང་དང་ཆུང་མ། བུ་དང་བུའི་མནའ་མ། ད་དུང་ཚ་མོ་བཅས་ཡོད། ངག་དབང་གི་གུར་ནི་བ་ཡན་ཧ་རིའི་འདབས་ན་ཡོད།
   ངག་དབང་གིས། དགོང་མོར་གུར་གྱི་གཡོན་ཕྱོགས་སུ་ཉལ་ན། དྲེད་མོང་གིས་གཡོན་ཕྱོགས་ཀྱི་གུར་ལ་འཇུ་བའམ་རྡེབ་པ་དང་། གུར་གྱི་གཡས་ཕྱོགས་སུ་ཉལ་ན། དྲེད་མོང་གཡས་ཕྱོགས་སུ་ཡོང་བཞིན་འདུག དྲེད་མོང་གིས་ཕལ་ཆེར་མིའི་དྲི་མ་སྣོམ་ཤེས་པ་འདྲ་ཟེར།

    ཐེངས་ཁ་ཤས་ལ་ངག་དབང་བཟོད་ཐབས་བྲལ་བས་གློ་གྲི་བཟུང་ནས་དྲེད་མོང་གི་མགོ་ལ་རྒྱུག་འདོད་ཀྱང་ཆུང་མ་ངུ་ཞོར་དུ་བཀག་པ་རེད། ངག་དབང་གིས་ཀླུ་ནག་རི་བོ་ལ་མཛུབ་མོས་སྟོན་བཞིན། དགོང་མོར་དྲེད་མོང་ནི་རི་དེ་ནས་ཡོང་ཞིང་། ཐོག་མར་ཁ་གཏད་ཀྱི་འབྲོག་ཁྱིམ་དེ་གཉིས་ཀར་འགྲོ་བ་དང་།ཡང་ན་ཐད་ཀར་ཆུ་བརྒལ་ནས་ངེད་ཚང་ལ་ཡོང་སྲིད། ཐོག་མ་གང་ལ་ཡོང་ན་ཡང་། ང་ཚོ་དུད་ཁྱིམ་གསུམ་པོས་ཕན་ཚུན་ལ་ལབ་པར་གྱི་སྒོ་ནས་བརྡ་གཏོང་བཞིན་ཡོད་ཟེར། 


   དགོང་མོའི་ཆུ་ཚོད་10པར་གུར་གྱི་ཕྱི་རོལ་ཏུ་གྲགས་འགུལ་ཅི་ཡང་མི་འདུག གུར་ནང་གི་སྐད་སྒྲ་དང་གློག་འོད་ཀྱིས་དྲེད་མོང་ཡོང་མི་ཕོད་པ་བཟོས་པར་འདོད་དེ། གློག་གཟིམ་ནས་ཉལ་གྲབས་བྱེད་དུས། ངག་དབང་གུར་ནང་དུ་ཡོང་ནས། དྲེད་མོང་ཞིག་རྒྱང་ནས་སྐོར་ཞིག་བརྒྱབ་ནས་ཕྱིན་སོང་ཟེར།
   མཚན་གུང་ཆུ་ཚོད་12ལྷག་ལ། གུར་གྱི་ཕྱི་རོལ་ཏུ་ཁྱི་སྐད་ཆད་མེད་དུ་གྲགས། ངག་དབང་གུར་ནང་ཡོང་ནས། དྲེད་མོང་ཞིག་ཟོག་རའི་འགྲམ་ན་འདུག་ཟེར། གུར་གྱི་ཕྱི་རོལ་ཏུ་མཚན་མཐོང་རྒྱང་ཤེལ་ཁྱེར་ནས་བལྟས་ཚེ། དྲེད་མོང་གི་གྲིབ་གཟུགས་ཤིག་ཀྱང་མཐོང་མ་སོང་།
   ཕྱིར་ཉིན་ལས་དོན་ཚོགས་ཆུང་མུ་མཐུད་དུ་ཀླུ་ནག་རི་བོའི་རྒྱབ་ཀྱི་འབྲོག་པ་སྐལ་རབ་ཚང་ལ་སོང་བ་ཡིན། ངག་དབང་ཚང་ནས་སྐལ་རབ་ཚང་བར་ལ་ལམ་ཐག་སྤྱི་ལེ་10ལ་ཉེ་བ་ཙམ་ཡོད། ཆུ་ཚོད་གཅིག་ལྷག་རིང་སོང་བ་ཡིན།

   སྐལ་རབ་ཀྱིས་“ཁ་ཉིན་དགོང་མོའི་ཆུ་ཚོད་དགུ་ལྷག་ལ་དྲེད་མོང་སླེབས་སོང་། དེ་ནི་ད་ལོའི་སླེབས་ཐེངས་བཞི་པ་རེད། དགོང་མོར་སེམས་ཁྲལ་གྱིས་གཉིད་ཀྱང་ཡག་པོ་ཞིག་ཁུག་གི་མི་འདུག ན་ནིང་ངེད་ཚང་གི་ཚོན་ལྡན་ངར་ལྕགས་ཁང་པ་དྲེད་མོང་གིས་གཏོར་སོང་། ན་ནིང་དྲེད་མོང་ཡོང་དུས། ཤོག་སྦག་གམ་ཡང་ན་སྐྱོགས་དང་སྡེར་མ་རྡུང་ནས་བྲག་ཅ་བཟོས་ན། དྲེད་མོང་བྲོས་འགྲོ་བ་རེད། ད་ལོར་འདི་རིགས་ཀྱིས་ཕན་ཐོགས་ཀྱི་མི་འདུག”ཅེས་བཤད།


http://tibet.people.com.cn/15820685.html 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1