གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༠༧ཉིན།

དཀར་མཛེས་ཁུལ་གྱིས་གློག་རྡུལ་ཚོང་དོན་གྱི་ལས་གཏོད་ལས་ཞུགས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་གཉེར་ནས་ཤེས་ལྡན་མི་སྣ་དཀར་མཛེས་སུ་ལས་གཏོད་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་རྒྱུ་ཡིན་པ།

      ཟླ་8ཚེས་5ཉིན། སི་ཁྲོན་ཞིང་ཆེན་ཚོང་དོན་ཐིང་གིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གུང་དཀར་མཛེས་ཁུལ་ཨུད་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ། དཀར་མཛེས་ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས་ཀྱིས་གཉེར་འགན་འཁུར་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་གློག་རྡུལ་ཚོང་དོན་གྱི་ལས་གཏོད་ལས་ཞུགས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་སི་ཁྲོན་དར་རྩེ་མདོར་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོས“གློག་རྡུལ་ཚོང་དོན་གྱི་དུས་རབས་གསར་པ་གཏོད་ནས། དཀར་མཛེས་ཀྱི་ཕུགས་འདུན་གསར་པ་མཉམ་དུ་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་བྱ་དགའ་ཨང་དང་པོ་1དང་། བྱ་དགའ་ཨང་གཉིས་པ་2 ཨང་གསུམ་པ་3 ཕུལ་བྱུང་བྱ་དགའ་10བཅས་དཔྱད་འདེམས་བྱ་རྒྱུ་དང་ཁྱོན་བྱ་དགའི་དངུལ་སྒོར་ཁྲི་100ཟིན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་རིམ་པ་མཐོ་བའི་ཤེས་ལྡན་པ་དང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་མཁན། མཐོ་སློབ་དང་ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭའི་སློབ་མ(སློབ་ཐོན་སློབ་མ) ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི། དབང་པོ་སྐྱོན་ཅན་སོགས་ལས་གཏོད་པ་འགྲན་བསྡུར་ནང་ཞུགས་རྒྱུར་གཙོ་གནད་ཐོག་ལྕག་སྐུལ་བྱས་ཡོད་པ་རེད། འགྲན་བསྡུར་ཆེ་མོའི་ནང་གཙོ་བོ་ཚོང་ཟོག་མཁོ་སྤྲོད་སྦྲེལ་ཐག་དང་། སྤུས་རྟགས། གྲངས་གཞིའི་ཞབས་ཞུ། སྤྲིན་རྩིས། ཚབ་གཉེར། དྲ་ཚོང་ལས་སྟེགས། ཟོག་འགྲེམས། མྱུར་སྐྱེལ་སོགས་གཙོ་བོར་བྱས་པའི་དཀར་མཛེས་ཀྱི་གློག་རྡུལ་ཚོང་དོན་གྱི་སྟོད་སྨད་བར་གསུམ་གྱི་ཐོན་ལས་སྦྲེལ་ཐག་གི་འབྲེལ་ཡོད་ལས་གཏོད་རྣམ་གྲངས་ཚུད་ཡོད་པ་རེད། དཀར་མཛེས་ཁུལ་གྱི་ཁྱད་ལྡན་ཐོན་ཁུངས་དང་། གློག་རྡུལ་ཚོང་དོན་ཐོན་རྫས་སྤུས་རྟགས་སྐྱེད་སྲིང་། དྲ་ཐོག་བྲིན་ཚོང་ལས་སྟེགས་འཛུགས་སྐྲུན། ཤེས་ལྡན་མི་སྣ་སྐྱོང་གསོའི་རྟེན་གཞི་སོགས་ཀྱི་ཐད་དམིགས་ཏེ་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
     དེ་ནས་འགྲན་བསྡུར་གྱི་རྣམ་པ་དང་ནང་དོན་སྣ་ཚོགས་ཡོད་པ་དང་། ཕྱོགས་མང་པོའི་ཐད་ནས་འགྲན་ཞུགས་ཚོགས་པའི་ནུས་པར་དཔྱད་བསྡུར་བྱེད་པ། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་གི་འགྲན་བསྡུར་ནང་ཞུགས་པའི་བརྩམས་ཆོས་དང་། ཡུལ་དངོས་ཀྱི་ཐད་གཏོང་ནུས་པ། ཡུལ་དངོས་ཀྱི་གཏམ་བཤད་ནུས་པ་བཅས་རིམ་བཞིན་མངོན་རྒྱུ་རེད། སྲིད་འཛིན་རིགས་གཅིག་མཁས་ཅན་དང་ལས་རིགས་རིགས་གཅིག་མཁས་ཅན་ལས་གྲུབ་པའི་ཆེད་ལས་དཔྱད་འདེམས་ཚོགས་པས་འགྲན་ཞུགས་བདམས་ཐོན་པར་དྲང་གཞག་དང་། དྲང་བདེན། ཡོངས་བསྒྲགས་བཅས་ཀྱི་དཔྱད་འདེམས་བྱ་རྒྱུ་ཡིན་པ་རེད། གསར་གཏོད་བྱེད་ནུས་དང་། གསར་སྐྲུན་བྱེད་ནུས། ལས་གཏོད་བྱེད་ནུས་བཅས་ཆེན་པོ་ལྡན་པའི་འགྲན་ཞུགས་ཚོགས་པ་དཔྱད་འདེམས་གང་ཐུབ་ཡོང་བ་བྱ་རྒྱུ་རེད།
     སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཀྲང་ཅན་གོས་འགོ་ཚུགས་མཛད་སྒོའི་ཐོག ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་སུ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་པའི“ས་ཁོངས་ཧྲིལ་པོར་སྤྱི་འདོམས་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི”གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་རྒྱལ་ཁབ་རིམ་པའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་པ་དང་འབྲེལ་མགྱོགས་མྱུར་སྐུལ་འདེད་བཏང་བས། ལོ་གཉིས་ཙམ་ཡང་སོང་མེད་པར་མ་ལག་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱས་པ་བརྒྱུད། དཀར་མཛེས་ཁུལ་གྱི་དྲ་ཐོག་ཚོང་དོན་དཔལ་འབྱོར་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་དཀར་མཛེས་ཀྱི་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་མང་པོ“དྲ་རྒྱའི་མཁའ་ལམ”བརྒྱུད་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་པ་དང་། དཀར་མཛེས་ཀྱི་ཞིང་འབྲོག་མང་ཚོགས་དེ་བས་མང་བས་ཁྱད་པར་མེད་པའི་དྲ་ཐོག་ཚོང་དོན་དྲ་བ་དང་ཟོག་འགྲེམས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་བ། དཀར་མཛེས་ཀྱི་གློག་རྡུལ་ཚོང་དོན་ཁེ་ལས་དེ་བས་མང་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ཁོང་གིས་ཐེངས་འདིའི་འགྲན་སྡུར་གྱིས་དཀར་མཛེས་ཀྱི་་གློག་རྡུལ་ཚོང་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་སྣོན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཚོང་དོན་མཉམ་ལས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་ཚེ་རིང་དབང་མོས་ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་བརྒྱུད་ཐབས་ལམ་མང་པོའི་ཐོག་ནས་ལས་གཏོད་གསར་གཏོད་ཀྱི་དངོས་འཐབ་སྟེགས་བུ་བཏོད་ཡོད། དཀར་མཛེས་ཀྱི་དྲ་ཐོག་ཚོང་དོན་གྱི་རྩལ་ནུས་ཤེས་ལྡན་མི་སྣ་དང་ལས་གཏོད་གསར་གཏོད་ཀྱི་སྟོབས་ཤུགས་སྐྱེད་སྲིང་བྱས་ཏེ‘དམངས་ཀྱིས་ལས་གཏོད་བྱེད་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི’གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ནས་མཛེས་སྡུག་ལྡན་པའི་སྣོད་བཅུད་དང་ཞི་མཐུན་འབྱོར་འབྲིང་གི་དཀར་མཛེས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེས་ཟླ་8ཚེས་6ཉིན་དངོས་སུ་མིང་ཐོ་འགོད་པའི་ལམ་བུ་གཏོད་རྒྱུ་ཡིན་པ་དང་སྐབས་དེ་དུས“ཁམས་པ་ངོ་མ་”ཞེས་པའི་གཞུང་ཕྱོགས་ཀྱི་སྤྱི་རྟགས་ཐོག་ཐོ་འགོད་བྱས་ནས་དཀར་མཛེས་ཁུལ་ཚོང་དོན་མཉམ་ལས་ཅུས་སམ་ཡང་ན་རྫོང(གྲོང་ཁྱེར)ཁག་གི་ཚོང་དོན་ཅུས་སུ་བསྐྱོད་པའམ་ཡང་ན་ཁ་པར་བརྒྱབ་ནས་མིང་ཐོ་འགོད་ཆོག་གི་ཡོད་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེ་ཟླ་8ཚེས་6ནས་ཟླ་8ཚེས་29ཉིན་བར་བྱ་རྒྱུ་རེད། མཐའ་མཇུག་ཏུ་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་འགྲན་བསྡུར་ཁྲོད་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་ཀྱི་བྱ་དགའ་དང་ཕུལ་བྱུང་བྱ་དགའ་ཐོབ་པའི་རྣམ་གྲངས་ལ་བྱ་དགའི་བུམ་པ་དང་ལག་ཁྱེར་སྤྲད་པ་དང་འབྲེལ་དེ་མཚུངས་ཀྱི་བྱ་དགའི་དངུལ་སྤྲོད་རྒྱུ་དང་། དེའི་ནང་གི་བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་སོ་སོར་བྱ་དགའི་དངུལ་ཁྲི་20དང་། ཁྲི་10 ཁྲི་5བཅས་དང་ལག་ཁྱེར་དང་གཟེངས་རྟགས་བཅས་སྤྲོད་རྒྱུ་རེད། ཕུལ་བྱུང་བྱ་དགར་བྱ་དགའི་དངུལ་5000དང་གཟེངས་རྟགས་སྤྲོད་རྒྱུ་རེད།

http://tibet.people.com.cn/15819952.html

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1