གཙོ་ངོས།>> གནས་མཇལ།>>དགོན་སྡེ།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༠༥ཉིན།

༄༅།།ལྷ་ཆེན་དགོན་ཀུན་ཏུ་བདེ་བའི་གླིང་།

ལྷ་ཆེན་དགོན་ཀུན་ཏུ་བདེ་བའི་གླིང་།—ལོ་རྒྱུས་གླེགས་བམ་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་རྡོ་རིང་།
རྣམ་དཀར་ལྷ་མོ།
        ཁྲིན་ཏའེ་གྲོང་ཁྱེར་ནི་ཧོ་པེ་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་ཡིན་ལ། ཧྭ་པེ་དང་བྱང་ཤར་ས་ཆའི་འདྲེས་མཚམས་སུ་གནས་ཡོད་དེ། པེ་ཅིན་དང་ཐག་ཉེ་བར་མ་ཟད་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་ལ། ཆིང་རྒྱལ་རབས་སྐབས་ཀྱི་ཚ་གཡོལ་རི་གྲོང་དང་དེའི་ཉེ་འཁོར་གྱི་དགོན་སྡེ་དག་དད་ལྡན་མང་ཚོགས་དང་ཡུལ་སྐོར་པ་འགྲོ་རྒྱུར་དགའ་སའི་གནས་མཆོག་ཅིག་ཡིན། དེ་མིན་ཁྲིན་ཏའེ་གྲོང་ཁྱེར་ནི་ཀྲུང་གོའི་སྤྱི་སྐད་ཀྱི་མ་དཔེ་ལེན་ས་ཡིན།
        ཚ་གཡོལ་རི་གྲོང་(避暑山庄)ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞི་ཡིས་སྤྱི་ལོ་1903ལོར་རྒྱལ་བློན་ལྷན་རྒྱས་ཀྱི་དབྱར་བཞུགས་མཛད་སའི་ཕོ་བྲང་དུ་བཞེངས་པ་ཡིན་ལ། མཚན་སྙན་འཛམ་གླིང་ལ་ཁྱབ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་འདི་རྒྱལ་ས་པེ་ཅིན་དང་སྤྱི་ལེ་254ཡི་མཚམས་སུ་ཆགས་ཡོད།
        ལྷ་ཆེན་དགོན་དཔལ་ཆེན་ནོར་བུའི་གླིང་ངམ་ཀུན་ཏུ་བདེ་བའི་གླིང་འདི་ནི་ཆིང་རྒྱལ་རབས་ཀྱི་གོང་མ་གནམ་སྐྱོང་རྒྱལ་པོ་ཆན་ལུང་ཁྲི་ལོ་ཉི་ཤུ་པ་1755ལོར། ཆིང་རྒྱལ་རབས་ཀྱི་ཇུན་གར་སོག་པོའི་དར་རྒྱས་ཐེ་ཅིའི་གྱེན་ལོག་ཕམ་པར་བརྒྱབ་རྗེས། དགུན་ཟླ་བཅུ་པའི་ནང་ལ་ཨོ་རོད་སྡེ་བཞི་ཚ་གཡོལ་རི་གྲོང་ནས་གོང་མ་ཆན་ལུང་གི་མཇལ་ཕྱག་གནང་ཞིང་། ཐེངས་འདིའི་མནའ་འབྲེལ་ལ་རྗེས་དྲན་ཞུ་ཆེད། རང་ཉིད་ཀྱི་ཡབ་རྒྱལ་པོ་བདེ་སྐྱིད་རྒྱལ་པོ་ཁང་ཞི་ཁལ་ཁ་སོག་པོ་དང་མནའ་འབྲེལ་བྱེད་པའི་དུས་སུ་ནང་སོག་གི་ཏོ་ལུང་རྫོང་ནས་ཧའེ་ལུང་དགོན་པ་བཞེངས་པར་དཔེར་བྱས་ཏེ། ཆིང་སྲིད་གཞུང་གིས་བོད་དབུས་བསམ་ཡས་གཙུག་ལག་ཁང་གི་ཚུལ་དུ་གླིང་བཞི་གླིང་ཕྲན་བརྒྱད་དང་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཙན་དན་དཀར་དམར་ལ་སོགས་པ་ཤིང་སྣ་ལྔ་ལས་གྲུབ་པའི་སྐུ་བཞེངས་ཤིང་། མཐོ་ཚད་ལ་སྨི་27.21དང་མདུན་ངོས་སུ་གསེར་ཟངས་ལས་མཆོད་གཤོམ་དང་མཆོད་རྫས་སྔ་སྲོལ་བཞིན་དུ་ཡོད་པར་མ་ཟད། གཞན་རྗེ་སྐུ་དང་སྒྲོལ་མ་སོགས་འདྲ་སྐུ་མང་པོ་བཞུགས་ཡོད།
        ལྷ་ཆེན་དགོན་འདི་ནི་རྒྱ་བོད་མཉམ་སྡེབ་ཀྱི་དགོན་སྡེ་ཞིག་ཡིན་ལ། དགོན་སྡེ་ཡོངས་ཀྱི་ཆགས་རིམ་ལ་རྒྱལ་སྲས་ལྷ་ཁང་གི་མདུན་རྒྱབ་གཉིས་སུ་ཆགས་ཡོད་ལ། མདུན་ངོས་རྒྱའི་ལུགས་ཀྱི་དགོན་པ་ནང་བཞིན་བཞེངས་སྐྲུན་བྱས་ཡོད་ལ། རྒྱབ་ངོས་སུ་སྔོན་བརྗོད་ཟིན་པ་ནང་བཞིན་བསམ་ཡས་གཙུག་ལག་ཁང་དང་འདྲ་བའི་མནྜལ་དང་ཕྱག་སྟོང་སྤྱན་སྟོང་གི་འཕགས་མཆོག་ཐུགས་རྗེ་ཆེན་པོ་སོགས་བཞེངས་ཡོད། 1985ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ཅུས་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་གནས་ལ་མཆོག་མཆན་གནང་བ་དང་། 1994ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཞག །དགོན་པ་ཡོངས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་33000ཡོད་ལ། ལྷ་ཁང་དང་གཙུག་ལག་ཁང་། མཆོད་རྟེན། རྡོ་རིང་སོགས་མང་པོ་ཡོད་ལ། གོང་མའི་དགོན་པའི་བརྗིད་ཆགས་རྔམ་བརྗིད་ལྡན་པར་མ་ཟད་ནང་པའི་བསྟན་པའི་ཞི་འཇགས་བརྟན་བརླིང་གི་ཉམས་ཀྱང་ལྡན་ལ། 2007ལོར་ལྷ་ཆེན་དགོན་ཉིད་ཀྲུང་གོའི་ཁག་དང་པོའི་5Aཅན་གྱི་ནང་བསྟན་གདན་སར་བསྐོས།
        ལྷ་ཆེན་དགོན་དཔལ་ཆེན་ནོར་བུའི་གླིང་གི་ཁྲོད་དུ་རྡོ་རིང་ལྡིང་ཁང་ཞིག་ཡོད་ལ། ལྡིང་ཁང་ཁྲོད་དུ་མིང་དུ་གྲགས་པའི་རྡོ་རིང་གསུམ་བཙུགས་ཡོད་ལ། དེ་དག་སོ་སོ་ནི་ལྷ་ཆེན་དགོན་གྱི་རྡོ་རིང་ཡི་གེ་དང་། ཇུན་གར་གྱེན་ལོག་ཞི་འཇགས་སུ་བཏང་བའི་དབྱི་ལི་རྡོ་རིང་ཡི་གེ་དང་ཇུན་གར་གྱེན་ལོག་རྗེས་མ་ཞི་འཇགས་སུ་བཏང་བའི་དབྱི་ལི་རྡོ་རིང་ཡི་གེ་ཡིན། རྡོ་རིང་དེ་གསུམ་པོས་ལྷ་ཆེན་དགོན་བཙུགས་པའི་ལོ་རྒྱུས་བྱུང་བ་དང་། ཆིང་སྲིད་གཞུང་གིས་དར་རྒྱས་དང་ཨ་མེར་ས་ན་འདུལ་བའི་སྔ་རྗེས་ཀྱི་ལོ་རྒྱུས་བྱུང་བ་ཡོད་ཚད་མན་ཇུའི་ཡི་གེ་དང་། སོག་ཡིག །བོད་ཡིག །རྒྱ་ཡིག་བཅས་ཡིག་རིགས་བཞིས་བརྐོས་ཡོད་ལ། དེ་ལས་ཀྲུང་གོ་ནི་མི་རིགས་མང་པོ་གོང་བུ་གཅིག་ཏུ་གྲུབ་པའི་འདས་སོང་གི་ལོ་རྒྱུས་མཚོན་ཡོད་པར་མ་ཟད། མི་རིགས་རིག་གནས་ཀྱིས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་པ་མཚོན་ཡོད་པ་དང་། རྒྱལ་ཡོངས་མི་རིགས་སོ་སོས་བདེ་བར་གནས་ཤིང་ལས་ལ་བརྩོན་པ། ཀུན་ཏུ་བདེ་བར་བཞུགས་པར་སྨོན་ལམ་གྱི་ཚུལ་དུ་ཡིན་ལ། ཆན་ལུང་གིས་སྐུ་དངོས་སུ་ཕྱག་བྲིས་གནང་སྟེ་མི་རིགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་མཚོན་ཡོད།
        གོང་མ་ཆན་ལུང་གིས་ཡབ་མེས་ཀྱི་རིང་ལ་བཞག་པ་ཞལ་ཏ་སྟེ་དམག་འབུམ་སྐྱོང་བ་ལས་དགོན་གཅིག་བཞེངས་ན་ལེགས་ཞེས་པ་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཕྱི་ནང་གི་སེམས་འགུག་པ་དང་རྒྱལ་ཁམས་བདེ་ཞིང་འབངས་སྐྱིད་པའི་དམིགས་འབེན་གཅིག་ལ་སྒོམ་པས། ལྷ་ཆེན་དགོན་འདི་ཉིད་བོད་དང་སོག་པོའི་ཚོ་ཁག་དུ་མས་ཆིང་སྲིད་གཞུང་བར་ཆོས་ལུགས་དང་ཆབ་སྲིད་འབྲེལ་འདྲིས་བྱེད་སའི་ས་གནས་གཙོ་བོ་ཞིག་ཡིན་ལ། པཎ་ཆེན་སྐུ་ཕྲེང་དྲུག་པ་ཤར་དུ་བྱོན་ནས་གོང་མར་འཕྲད་སྐབས་ལྷ་ཆེན་དགོན་ནས་བཞུགས་པ་ཡིན་ལ། སོག་པོའི་ནང་བསྟན་གྱི་དེད་དཔོན་རྗེ་བཙུན་དམ་པ་རིན་པོ་ཆེ་དང་སོག་པོའི་ཚོ་ཁག་གི་སྐུ་གྲགས་དང་ཐེ་ཅི་སོགས་ཀྱང་དུས་བཅད་ལྟར་ལྷ་ཆེན་དགོན་ལ་མཇལ་སྐོར་དུ་ཕེབས་བཞིན་ཡོད། རིམ་བཞིན་རྒྱ་བོད་སོག་གསུམ་གྱི་དད་ལྡན་མང་ཚོགས་ཀྱང་བུང་བའི་ཚོགས་བཞིན་གནས་འདིར་ལམ་ཐག་རིང་པོ་བརྒྱུད་ནས་མཇལ་སྐོར་དུ་ཕེབས་བཞིན་ཡོད་ལ། གནས་འདི་མི་རིགས་མཐུན་སྒྲིལ་མཚོན་རྟགས་སུ་གྱུར་ཡོད་དེ། དེ་ཉིད་ཀྲུང་གོའི་བྱང་ཕྱོགས་ཀྱི་ནང་བསྟན་བྱེད་སྒོ་སྤེལ་ཡུལ་ཆེས་ཆེ་བ་ཡིན་པར་མ་ཟད། གྲྭ་པ་མང་ལ་དད་ལྡན་པའི་མཆོད་འབུལ་ཟམ་ཆད་བཞིན་མེད། མཐོ་ཚད་ལ་སྨི་27.21ཅན་གྱི་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དེ་འཛམ་གླིང་ཅི་ནེ་སི་ཟིན་ཐོར་བཀོད་ཡོད་ལ། ལྷ་ཆེན་དགོན་གྱི་གནའ་བོའི་དཔལ་ཡོན་གྱིས་ཀྲུང་གོའི་ཆོས་ལུགས་རིག་གནས་ཁྲོད་དུ་འཛུགས་སྐྲུན་སྒྱུ་རྩལ་དང་འབུར་བརྐོས་སྒྱུ་རྩལ་སོགས་ཕལ་ཆེར་ཀྲུང་གོའི་ནང་ལོགས་ཀྱི་རྩེ་གྲར་སླེབས་ཡོད།
        2014ལོའི་ཟླ་8པའི་ཚེས་15ཉིན། ལྷ་ཆེན་དགོན་གྱི་གནའ་བོའི་འཛུགས་སྐྲུན་ཞིག་གསོ་ལས་གཞི་ལེགས་གྲུབ་བྱུང་ཞིང་བཟོ་རྩལ་གྱི་ཆ་ནས་ཆིང་རྒྱལ་རབས་ཀྱི་བཟོ་རྒྱུན་བཞིན་གནའ་ཉམས་སོར་འཇོག་བྱས་ཏེ། ལོ་ངོ་ཉིས་བརྒྱ་ཡར་སྔོན་གྱི་མཛེས་ཉམས་མངོན་པར་དོད་ཡོད་ལ། 2012ལོའི་ལོ་མཇུག་ནས་ལས་འགོ་བཙུགས་པའི་ལས་གཞི་འདི་ལས་ཕྱོགས་ཡོངས་ནས་ཞིག་གསོ་ནན་མོ་བྱས་ཡོད་པར་མ་ཟད། འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཞིག་གསོ་བྱས་པ་ཐེངས་གསུམ་པ་ཡིན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1