གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༡༨ཉིན།

ཀྲུང་གོའི་དང་བླངས་པས་གོ་ལ་ཧྲིལ་པོའི་རིམས་འགོག་ལས་དོན་ནང་ཞུགས་པ།

 
     ཚེས་14ཉིན། སི་ཕེན་གྱི་གྲོང་ཁྱེར་མ་ཏེ་རིར་དགོང་མོའི་ཆུ་ཚོད་12ཙམ་ལ་རིམས་ནད་ཀྱིས་རྐྱེན་པས་སློབ་ཚན་མཚམས་འཇོག་བྱས་ཏེ་ཟླ་3སོང་བའི་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ལིའུ་རུན་ཧན་གློག་ཀླད་ཀྱི་མདུན་དུ་ལས་ལ་གཞོལ་བཞིན་ཡོད་པ་དང་། གློག་ཀླད་ཀྱི་ཕ་རོལ་དུ་ཡོད་པ་ནི་སེམས་འཚབ་ཆེན་པོས་དྲི་ལན་སྒུག་ནས་བསྡད་པའི་རྒྱལ་ཁབ་མི་འདྲ་བའི་འཐབ་ས་དང་པོའི་སྨན་པ་ཡིན་པ་རེད།
     ལིའུ་རུན་ཧན་ནི“གོ་ལ་ཧྲིལ་པོའི་རིམས་འགོག་དང་བླངས་པའི་མནའ་འབྲེལ”གྱི་དང་བླངས་པ་ཞིག་ཡིན་ཞིང་། ད་ཆ་སི་ཕེན་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་སྒྲིག་འཛུགས་བྱས་ཏེ་བཙུགས་པའི་དྲ་ཐོག་མནའ་འབྲེལ་དེར་རྒྱལ་ཁབ་40ཙམ་གྱི་སྨན་པ་1300ཙམ་དང་དང་བླངས་པ་200ལྷག་ཙམ་ཡོད།
     མནའ་འབྲེལ་དེ་བཙུགས་མཁན་ལི་ཁྲེང་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་3པའི་ཟླ་མགོར་ཏོག་གསར་གློ་ཚད་རིམས་ནད་ཡོ་རོབ་ཏུ་མཆེད་སྐབས་སི་ཕེན་གྱི་སྨན་པ་མང་དག་ཅིག་གིས་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་འབྲེལ་གཏུག་བྱས་ཏེ་ཁོང་ཚོའི་ས་ནས་སྨན་བཅོས་ཉམས་མྱོང་ཐོབ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
     ལི་ཁྲེང་ཁྲེང་གིས“ཟླ་3ཚེས་15ཉིན་ང་ཚོས་སྨན་པའི་སྤེལ་རེས་ཚོགས་པ་ཐོག་མ་དེ་བཙུགས་པ་ཡིན། ཐོག་མར་དེ་ནི་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་ཀྱི་སྨན་པ་ལས་གྲུབ་པའི་སྤེལ་རེས་ལས་སྟེགས་ཤིག་རེད”ཅེས་བརྗོད།
     སྤེལ་རེས་ལས་སྟེགས་བཙུགས་རྗེས་སི་ཕེན་གྱི་པཱ་སའེ་ལུའོ་ནཱ་སྨན་ཁང་དེ་ཕན་པ་ཐོབ་མཁན་ཐོག་མར་གྱུར་ཞིང་། མི་རིང་བར་སི་ཕེན་གྱི་ཅཱ་ཐའེ་ལུའོ་ཉི་ཡཱ་ཁུལ་ཆེན་གྱི་ནད་ལྕིའི་ལྟ་སྐྱོང་ཁང་14ཡི་འགན་འཁུར་བ་ཚོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ལས་སྟེགས་དེ་བརྒྱུད་རོགས་རམ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
     “སི་ཕེན་དུ་རིམས་ནད་ཐོག་མར་ཐོན་སྐབས་ལས་སྟེགས་དེས་ང་ཚོས་ཀྲུང་གོའི་འཐབ་ས་དང་པོའི་སྨན་པ་དང་དུས་ཐོག་ཏུ་འབྲེལ་གཏུག་བྱེད་ཐུབ་པ་བྱུང་ནས་དཀའ་ཚེགས་ཆེ་ཤོས་ཀྱི་དུས་ཚིགས་ལས་རིམ་བཞིན་སྒྲོལ་རོགས་བྱས་བྱུང”ཞེས་པཱ་སའེ་ལུའོ་ནཱ་སྨན་ཁང་གི་ཡོན་ཀྲང་ཁན་ཕི་སི་ཐོར་གྱིས་དང་བླངས་པ་ཚོར་ཐུགས་རྗེ་ཆེ་ཐེངས་མང་ཞུས་ཡོད།
     ཟླ་3རིང་ཉིན་མཚན་དབྱེར་མེད་ངང་མིག་སྲུང་མིག་ཤེལ་ཡང་བསྐྱར་བེད་སྤྱོད་གཏོང་ཆོག་མིན་ནས་ནད་ཚབས་ལྕི་བའི་ནད་པའི་ཆེད་ལས་སྨན་བཅོས་ཇུས་གཞིའི་བར་ཕྱི་རྒྱལ་གྱི་སྨན་པས་བཏོན་པའི་གནད་དོན་རེ་རེ་ལ་ཀྲུང་གོའི་སྨན་པས་དྲ་ཐོག་ནས་རྒྱུན་ཆད་མེད་པར་ལན་འདེབས་་ཡོད། དེ་དག་ཚང་མ་ནི་དང་བླངས་པ་ཚོས་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ་དང་ཁ་འབྲལ་ཐབས་མེད།
     གསོ་རིག་གི་ཡིག་སྒྱུར་ཐད་ཆེད་ལས་ཤེས་བྱའི་རེ་བ་ཧ་ཅང་མཐོ་པོ་ཡོད་པས་ཧ་ཅང་སྟབས་བདེའི་དྲི་ལན་ཞིག་ལ“འགག་སྒོ”ནན་པོ་བདུན་བརྒྱུད་དགོས་ཀྱི་ཡོད།
     “ཚོགས་ཆུང་མི་འདྲ་བའི་དང་བླངས་པ་ཚོས་ལས་རེས་བྱས་ཏེ་གློག་ཀླད་མདུན་དུ་བསྡད་ནས་སྤྲིན་ཚོམ་ཐོག་གནད་དོན་བསྡུ་རུབ་བྱས་པ་དང་འབྲེལ་ཨང་གྲངས་འགོད་པ་དང་། ཡིག་སྒྱུར་བྱེད་པ། ཞུ་དག་ཞིབ་མཆན་འགོད་པ། རྒྱལ་ནང་གི་སྨན་པའི་སྐད་འཕྲིན་ཚོགས་པར་བརྒྱུད་བསྐུར་བྱེད་པ་བཅས་ནས་སླར་ཡང་ཡིག་སྒྱུར་དང་། ཞིབ་མཆན་འགོད་པ། དྲི་ལན་འདེབས་པ་བཅས་བར་བྱེད་དགོས་ཀྱི་ཡོད”ལིའུ་རུན་ཧན་གྱིས་ཡིག་སྒྱུར་བརྒྱུད་རིམ་ལ་རྒྱུས་མངའ་ཤིན་ཏུ་ཆེན་པོ་ཡོད་ཅིང་། ཁོང་གིས་སྐབས་རེ་ཆེད་ལས་ཐ་སྙད་ཁ་ཤས་ལ་ཞིབ་མཆན་འགོད་པར་མཚན་གང་ལུས་ཀྱི་འདུག་ཅེས་བརྗོད།
     ལི་ཁྲེང་ཁྲེང་གིས“མ་གཞི་ལས་ཀ་གང་ཞིག་བྱས་ཀྱང་ཚང་མ་དཀའ་ལས་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་ལས་ཀ་མང་ཙམ་བྱེད་པ་དང་སྨན་པ་དེ་བས་མང་བར་རོགས་རམ་བྱས་ན་ནད་པ་དེ་བས་མང་བ་སྐྱོབ་ཐུབ་པའི་བསམ་བློ་འཁོར་སྐབས་ང་ཚོའི་སྒུལ་ཤུགས་ཀྱང་ཇེ་ཆེར་འགྲོ་ཡི་འདུག”ཅེས་བརྗོད།
     ཝུའུ་ཧན་ཞེ་ཧོ་སྨན་ཁང་འགོས་ནས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲའོ་ལེ་ཡང་འཕྲལ་དུ་ལས་སྟེགས་དེའི་ནང་ཞུགས་ཡོད།
     ཀྲའོ་ལེ་ནི་ཝུའུ་ཧན་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པར་བརྟག་དཔྱད་དང་སྨན་བཅོས་བྱེད་མཁན་གྱི་ཁག་དང་པོའི་སྨན་དོན་མི་སྣའི་གྲས་ཤིག་ཡིན་ཞིང་། ཟླ་3ཚེས་15ཉིན་སྨན་ཁང་དེའི་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་མཐའ་མ་དེ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་རྗེས་ཁོང་གིས་ལས་ཞོར་དུས་ཚོད་སྤྱད་དེ་ཕྱི་རྒྱལ་གྱི་ལས་རིགས་གཅིག་པ་ཚོ་དང་ཀྲུང་གོའི་སྨན་བཅོས་ཉམས་མྱོང་མཉམ་སྤྱོད་བྱེད་པའི་ལས་ལ་གཞོལ་གྱི་ཡོད་པ་རེད།
     རིམས་ནད་རྒྱུན་ཆད་མེད་པར་མཆེད་པ་དང་བསྟུན་ནས་ཕྱི་རྒྱལ་གྱི་སྨན་པ་དེ་བས་མང་བ་ཞིག་གིས་སྤེལ་རེས་ལས་སྟེགས་དེའི་ནང་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་པས། “གོ་ལ་ཧྲིལ་པོའི་རིམས་འགོག་དང་བླངས་པའི་མནའ་འབྲེལ”དེའང་དེ་ལྟར་བྱུང་བ་ཞིག་རེད།
     སི་ཕེན་སྐད་ཀྱི་སྨན་པའི་སྤེལ་རེས་ལས་སྟེགས་ཀྱི་འགན་འཁུར་མཁན་ལི་ཡཱ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དྲི་ལན་འདེབས་པའི་བརྒྱུད་རིམ་དེ་བས་གོ་རིམ་ལྡན་པ་ཞིག་ཡོང་ཆེད། དང་བླངས་པ་ཚོས་སྐད་རིགས་དང་ས་ཁུལ་གྱི་ཧེ་བག་གཞིར་བཟུང་སྨན་པ་ཚོར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་འབྲེལ་གཏུག་ཚོགས་པ་མི་འདྲ་བ་བཙུགས་པ་མ་ཟད། དང་བླངས་པ་ཚོས་ཀྱང་ཚོགས་ཆུང་ཁག་བགོས་བྱས་ནས་དེ་བསྟུན་གྱི་འགན་འཁྲི་དང་ལས་འགན་འཁུར་གྱི་ཡོད།
     ལི་ཡཱ་ཡིས“དང་བླངས་པ་མང་དག་ཅིག་ཕན་ཚུན་ཐུག་འཕྲད་བྱེད་མྱོང་མེད་ཀྱང་སེམས་པ་གཅིག་མཐུན་དང་ཉིན་མཚན་དབྱེར་མེད་ངང་ལས་ལ་གཞོལ་གྱི་ཡོད། ད་ཆ་ང་ཚོས་སི་ཕེན་གྱི་སྨན་པ་ཁོ་ནར་ཞབས་ཞུ་བྱེད་པ་ནས་ལ་ཏིང་མེ་གླིང་དང་། ཡོ་རོབ། ཨ་ཧྥེ་རི་ཁ། འཛམ་གླིང་དབུས་ཤར་སོགས་ས་ཁུལ་གྱི་སྨན་པར་ཞབས་ཞུ་བྱེད་པའི་བར་རྒྱ་སྐྱེད་བཏང་ཡོད་ལ། སྐད་རིགས་ཀྱང་ཀྲུང་གོ་དང་སི་ཕེན་གྱི་སྐད་ནས་ཀྲུང་གོ་དང་། སི་ཕེན། དབྱིན་ཇི་སོགས་ཀྱི་སྐད་ཕན་ཚུན་སྒྱུར་བའི་བར་རྒྱ་སྐྱེད་བཏང་བས་ང་ཚོར་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་བབས་པའི་ཚོར་སྣང་ཞིག་ཡོང་གི་འདུག”ཅེས་བརྗོད།
     མ་གཞི་དཀའ་ཚེགས་དང་དཀའ་ངལ་ཆེ་ཙམ་ཡོད་རུང་ལི་ཡཱ་སོགས་ཀྱིས་དེ་དག་ཚང་མ་ནི་བྱེད་རིན་ཡོད་པའི་བྱ་བ་ཞིག་རེད་སྙམ་གྱི་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1