གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༨ཉིན།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིམས་འགོག་མཉམ་ལས་ལ་བསྔགས་བརྗོད་ཆེན་པོ་ཐོབ་པ།


 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་བྱེད་རོགས་བྱེད་ཆེད། འབྲེལ་ཡོད་རྒྱལ་ཁབ་ཀྱི་གདན་ཞུས་ལྟར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་11ལ་མི་ཐེངས་148ཟིན་པའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་ཡོད་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིམས་འགོག་མཉམ་ལས་ལ་འབྲེལ་ཡོད་རྒྱལ་ཁབ་ཀྱི་བསྔགས་བརྗོད་ཆེན་པོ་དང་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད་ཅེས་བརྗོད་པ་རེད།
     ཀྲའོ་ལི་ཅན་གྱིས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ནི་སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླ་ཡག་པོ་དང་རོགས་ཟླ་ཡག་པོ་ཡིན། ཀྲུང་གོ་ཕྱོགས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་སྨན་དོན་མི་སྣའི་དབར་སྤེལ་རེས་གཏིང་ཟབ་དང་། རིམས་འགོག་ཉམས་མྱོང་མཉམ་སྤྱོད། སྡེ་ཁུལ་གྱི་དམངས་ཚོགས་དང་གླེང་མོལ། གནས་གཏན་འཁེལ་གྱི་སྨན་ཁང་དང་ཚོད་ལྟ་ཁང་ལ་རྟོག་ཞིབ། ས་ཁུལ་དེར་རོགས་སྐྱོར་བྱེདམཁན་ཀྲུང་གོའི་རྒྱལ་ཁབ་སྨན་བཅོས་རུ་ཁག་གིས་ས་གནས་རིམས་འགོག་ལས་དོན་སྤེལ་བ་དང་མཛུབ་ཁྲིད་བཅས་བྱས་པས། འབྲེལ་ཡོད་རྒྱལ་ཁབ་ཀྱི་བསྔགས་བརྗོད་ཆེན་པོ་དང་གདེང་འཇོག་ཡག་པོ་རྒྱ་ཁྱབ་ངང་ཐོབ་ཡོད་ཅེས་བརྗོད་པ་རེད།
     ཀྲའོ་ལི་ཅན་གྱིས། ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་རྣམ་གྲངས་ནི་2018ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོས་ཨ་ཧྥེ་རི་ཁར་སྤྱི་པའི་འཕྲོད་བསྟེན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་སྐྲུན་པ་དང་ནུས་པ་ཆེ་རུ་གཏོང་རོགས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཀུང་གོ་ཕྱོགས་ཀྱིས་རྣམ་གྲངས་འདིར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། མིག་སྔར་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་དུས་འགོའི་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་དང་། སྔ་ཙམ་ལས་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱས་ཏེ་ཨ་ཧྥེ་རི་ཁའི་མི་དམངས་ལ་ཕན་བདེ་སྐྲུན་ཆེད་ནུས་པ་དེ་བས་ཆེ་བ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཀྲའོ་ལི་ཅན་གྱིས། “གོམ་སྟབས་རྗེས་མར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་ཐོན་པའི་རིམས་ནད་ཀྱི་དུས་བབ་འཕེལ་ཕྱོགས་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་འདོད་འདུན་དང་བསྟུན་ནས། མུ་མཐུད་ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་ནང་། ཨ་ཧྥེ་རི་ཁའི་སྤུན་ཟླ་དང་མཉམ་དུ་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུ་ཡིན”ཞེས་བརྗོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1