གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༥ཉིན།

ཁ་པར་ལ་འགྲོ་ཞོར་ལྟ་ཞོར་བྱས་ན་ཁྲིམས་འགལ་ཡིན་པར་བཟོ་འཆར་ཡོད་པ།

 
     འཇར་པན་ཧྲེན་ནཱ་ཁྲོན་རྫོང་ཏ་ཧའོ་གྲོང་ཁྱེར་གྱིས་ལམ་དུ་འགྲོ་ཞོར་ལ་ལག་ཁྱེར་ཁ་པར་ལ་ལྟ་ཞོར་བྱེད་པར་སྔོན་འགོག་གི་སྲོལ་ཡིག་བཟོ་འཆར་ཡོད་པ་དང་། གལ་ཏེ་གྲོང་ཁྱེར་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་ན། གྲོང་ཁྱེར་གྱི་སྲང་ལམ་དང་། རྐང་ཐང་འགྲོ་ལམ། དེ་བཞིན་དུ་རླངས་འཁོར་འབབ་ཚུགས་སྔོན་གྱི་ཐང་ཆེན་ཚུད་པའི་སྤྱི་བའི་བར་སྟོངས་སོགས་ས་ཁུལ་དུ་འགྲོ་ཞོར་དུ་ལག་འཁྱེར་ཁ་པར་རམ་གློལ་རྡུལ་སྒྲིག་ཆས་ལ་ལྟ་ཞོར་བྱེད་པའི་བྱ་སྤྱོད་ནི་ཁྲིམས་འགལ་ལ་བརྩི་རྒྱུ་རེད། 
    འཇར་པན་“མཁའ་དབྱིངས་གསར་འགྱུར་ཆུ་ཚོད་24”ཡི་དྲ་ཚིགས་ནས་སྤེལ་དོན། ཞིབ་འཇུག་མི་སྣས་ད་ལོའི་ཟླ་1པོར་ཏཱ་ཧའོ་གྲོང་ཁྱེར་གྱི་རླངས་འཁོར་འབབ་ཚུགས་གཉིས་ཀྱི་ལམ་འགྲུལ་བ་ལམ་དུ་འགྲོ་ཚུལ་ལ་ལྟ་ཞིབ་བྱས་པ་དང་། རླངས་འཁོར་འབབ་ཚུགས་རེ་ནས་ལྟ་ཞིབ་བྱེད་སའི་དམིགས་འབེན་མི་འབོར་ཁ་གྲངས་6000ཡིན་ཞིང་། ལྟ་ཞིབ་བྱེད་ཡུལ་12%ཀྱིས་ལམ་དུ་འགྲོ་ཞོར་ལ་ལག་འཁྱེར་ཁ་པར་ལྟ་བཞིན་ཡོད་པ་རེད། མི་འབོར་ཕལ་ཆེར་ཁྲི་24ཡོད་པའི་ཏ་ཧའོ་གྲོང་ཁྱེར་ལ་མཚོན་ན། གྲོས་མི་ཁག་ཅིག་གིས་བསྡུར་གྲངས་འདི་ནི་ཉུང་ཉུང་ཞིག་མིན་པ་འདོད། དེ་ཡང་ལམ་དུ་འགྲོ་ཞོར་ལག་འཁྱེར་ཁ་པར་ལ་བལྟས་ན་ལམ་འགྲོ་བའི་བར་གདུང་ཐུག་རྒྱག་པ་མ་ཟད། ཐ་ན་འགྲིམ་འགྲུལ་དོན་རྐྱེན་གྱི་ཉེན་ཁའང་སློང་སྲིད་པ་རེད། གྲོང་མི་ཚོས་ལམ་དུ་འགྲོ་བར་ཡིད་གཟབ་བྱེད་པར་དྲན་སྐུལ་བྱ་ཆེད་ཏཱ་ཧའོ་གྲོང་ཁྱེར་གྱིས་འབྲེལ་ཡོད་སྲོལ་ཡིག་བཟོ་འཆར་བྱས། སྲོལ་ཡིག་ནང་ལམ་འགྲོ་བས་ངེས་པར་དུ་གོམ་པ་སྤོ་མཚམས་བཞག་ན་གཞི་ནས་ལག་འཁྱེར་ཁ་པར་སྤྱོད་ཆོག་རྒྱུ་བྱས་ཡོད་ན་ཡང་ཆད་གཅོད་བྱེད་ཐབས་ལ་སོགས་པ་བཏོན་མེད། 
   ཏཱ་ཧའོ་གྲོང་ཁྱེར་གྱིས་ཟླ་6པར་འཚོགས་པའི་གྲོང་ཁྱེར་གྲོས་ཚོགས་ཀྱི་རྒྱུན་ལྡན་ཚོགས་འདུའི་ཐོག་གྲོས་གཞི་འདོན་རྒྱུ་ཡིན་ཞིང་། ཟླ་7པའི་ཚེས་1ཉིན་ནས་ལག་བསྟར་བྱ་རྩིས་ཡིན། གྲོས་གཞི་ལ་གྲོས་འཆམ་བྱུང་ན། དེ་ནི་ལམ་འགྲོ་བས་ལག་འཁྱེར་ཁ་པར་བལྟ་བར་སྔོན་འགོག་བྱེད་པའི་སྐོར་གྱི་འཇར་པན་གྱི་སྲོལ་ཡིག་དང་པོ་རེད། མིག་སྔའི་བར། འཇར་པན་དུ་རླངས་འཁོར་བསྐོར་བ་དང་རྐང་འཁོར་གཏོང་སྐབས་ཁ་པར་སྤྱོད་པ་ནི་ཁྲིམས་འགལ་ཡིན་པ་བཅའ་ཁྲིམས་དང་སྒྲིག་སྲོལ་ལས་གཏན་འཁེལ་བྱས་ཟིན། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1