གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

ཚེ་སྐྱོང་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༣ཉིན།

༄༅།།སློབ་གསོའི་དམིགས་ཡུལ་ནི་ཚེ་སྲོག་ལ་བརྩི་འཇོག་བྱེད་པའོ།།

ཚེ་སྐྱོང་གིས་བསྒྱུར།


  ཨ་མི་རི་ཁའི་དགེ་རྒན་ཞིག་གིས་ཀྲུང་གོའི་གསོ་རིག་སློབ་གླིང་ག་གེ་མོ་རུ་འདི་འདྲའི་གཏམ་རྒྱུད་ཅིག་བཤད་སོང་།
  དེ་ཡང་རླུང་འཚུབ་དྲག་ཆར་བབས་རྗེས་ཀྱི་ཞོགས་པ་ཞིག་ལ། སྐྱེས་པ་ཞིག་མཁའ་དབུགས་དྭངས་མོའི་མཚོ་འགྲམ་དུ་འཆམ་འཆམ་ལ་སྐྱོད་བཞིན་གདའ། མཉམ་འཇོག་བྱེད་དུས་བྱེ་ཐང་གི་ཆུ་འཁྱིལ་གཤོང་ཀོང་དག་ན། མདང་དགོང་གི་ཆར་རླུང་དྲག་པོས་འགྲམ་ངོགས་ལ་བདས་ཤིང་ཁྱེར་ཡོང་བའི་ཉ་ཕྲུག་མང་པོ་དབུགས་ལྷམ་ལྷམ་བྱེད་པ་མཐོང་། དཀའ་ངལ་ལ་འཕྲད་པའི་ཉ་ཕྲུག་དག་མཚོ་འགྲམ་ལ་ཐག་ཉེ་ན་ཡང་ཉ་ཕྲུག་བརྒྱ་ཕྲག་འགའ་དང་ཡང་ན་སྟོང་ཕྲག་འགའ་ཡུན་རིང་མི་འགོར་བར་འཁྱིལ་ཆུ་མི་གཏིང་བའི་གཤོང་ཀོང་ནང་གི་ཆུ་དང་བརླན་གཤེར་ཐམས་ཅད་བྱེ་མའི་ནང་རིམ་གྱིས་སིམ་སྟེ་སྐམ་པར་འགྱུར་ངེས་ལ། ཉི་མའི་ཚ་གདུང་གི་དྲོད་ཀྱིས་བརླན་གཤེར་ཡོངས་སུ་བསྐམས་ཏེ། ཉ་ཕྲུག་རྣམས་རྫིང་བུ་སྐམ་པོ་ནས་མགོན་མིད་སྐྱབས་བྲལ་དུ་འཆི་ངེས་ཡིན་པའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་བྱུང་།

  སྐྱེས་པ་དེས་གློ་བུར་དུ་མཚོ་འགྲམ་ན་བུ་ཆུང་ཞིག་གིས་མཚམས་མི་འཇོག་པར་གཏིང་མི་ཟབ་པའི་ཆུ་འཁྱིལ་དག་ནས་ཉ་ཕྲུག་རེ་རེ་བཞིན་བཏུས་ཏེ་མཚོ་ཆེན་པོའི་ནང་གཡུག་བཞིན་པ་མཐོང་།

  སྐྱེས་པ་དེ་སོས་བདེ་བར་འདུག་མི་བཟོད་པར་ལུས་སེམས་དབང་མིད་དུ་བུ་ཆུང་དེའི་ཕྱོགས་སུ་སོང་ནས“ཨ་རོག་ཞི་ལུ། ཆུ་འཁྱིལ་གཤོང་ཀོང་འདིའི་ནང་ན་ཉ་ཕྲུག་བརྒྱ་ཕྲག་དང་སྟོང་ཕྲག་དུ་མ་ཡོད་པས། ཁྱོད་ཀྱིས་ཚང་མ་སྐྱོབ་ཐུབ་ནི་མ་རེད”ཅེས་སྨྲས་པ་ན།
  “དེ་ངས་ཤེས་ཡོད།”བུ་ཆུང་དེས་མགོ་བོ་ཕྱིར་འཁོར་ཙམ་ཡང་མི་བྱེད་པར་དེ་ལྟར་ལན་སྟབས་བདེ་ཞིག་བཏབ།
  “འོ་ན།ཁྱོད་ཀྱིས་ཅིའི་ཕྱིར་ད་རུང་གཡུགས་པ་ཡིན། སུས་ཆེད་དུ་ཡིན་ནམ།”
  “ཉ་ཕྲུག་འདིའི་ཆེད་དུ་ཡིན་ཡ”ཞི་ལུ་དེས་ལན་འདེབས་ཞོར་དང་། ཉ་གཅིག་བླངས་ནས་མཚོ་ཆེན་པོའི་ནང་ལག་པས་གཡུག་ཞོར་དུ་བརྩེ་སེམས་ཀྱི་ངག་འཇམ་པོས་ལན་དེ་འདྲ་ཞིག་སྨྲས་སོང་།
  དོན་དམ་པས་བཤད་ན། གཏམ་རྒྱུད་འདི་ནི་ཁྲིགས་སེ་རྒྱ་གར་གྱི་སྙན་ངག་པ་ཐེ་ཀོར་ཉི་དབང་མགོན་པོ་ཞེས་པའི་གསུང་ཚིག་ཅིག་ལ་དོ་མཉམ་སྟེ།“སློབ་གསོའི་དམིགས་ཡུལ་ནི་མི་ལ་ཚེ་སྲོག་སྩོལ་བའི་དབུགས་རྒྱུན་ཞིག་ཡིན་དགོས”ཞེས་པ་དང་ཧ་ལམ་འཕལ་ག་འཕྲོད་འདུགདེའི་ཕྱིར། སློབ་གསོ་ཞེས་པའི“གསོ”ནི་ངེས་པར་ཚེ་སྲོག་ལ་བརྩི་འཇོག་བྱེད་པ་ནས་མགོ་རྩོམ་དགོས་པ་ཡིན་ལ། མི་གཤིས་དགེ་བའི་ཕྱོགས་སུ་བསྒྱུར་བ་དང་བློ་རྒྱ་ཡངས་པོར་བསྐྱེད་པ། མི་རྣམས་ལ་རང་ཉིད་ཀྱི་ལུས་སྟེང་གི“དགེ་རྩ”འབོད་སློང་བྱེད་དུ་འཇུག་དགོས། ཡང་གཅིག་བཤད་ན་སློབ་མ་ལ“ཉ་ཕྲུག་འདིའི་ཆེད་དུ་བསམ་ཕོད་པའི”སེམས་ཁམས་མཛེས་པོ་ཡིད་དུ་འོང་བ་ཞིག་ལྡན་དུ་འཇུག་དགོས་པ་དེའོ།།
  འཇར་མན་རྒྱལ་ཁབ་ཀྱི་ཞི་ཐེ་ལེ་གཙོས་པའི་སྤྱི་ཚོགས་ཏང་ཞིག་སྟེ། ན་ཙིའི་གཅིག་བསྡུས་བཙོན་ར་ནས་སྟབས་ལེགས་ཀྱིས་སྲོག་ཉེན་ལས་ཐར་བའི་མི་ཞིག་གིས་ཚེ་སྨད་ལ་ཨ་རིའི་སློབ་འབྲིང་ཞིག་གི་སློབ་གཙོའི་གོ་གནས་བཞེས། ཁོས་རྟག་པར་དགེ་རྒན་གསར་པ་ཞིག་སློབ་གྲྭ་དེ་ལ་འབྱོར་ཐེངས་རེ་རེར། ཁོས་ཇི་མི་སྙམ་པར་དགེ་རྒན་དེ་ལ་འཕྲིན་ཡིག་ཅིག་སྤྲོད་ངེས་ཡིན། འཕྲིན་ཡིག་ནང་དུ་འདི་ལྟར་བྲིས་ཡོད་དེ།
  “མཛའ་བརྩེ་ལྡན་པའི་དགེ་རྒན་ལགས། ངས་མངོན་སུམ་མིག་གིས་འགྲོ་བ་མིའི་རིགས་ཀྱི་མགོ་ཐོག་ལ་འབྱུང་མི་འོས་པའི་སྣང་ཚུལ་ཡ་ང་བ་ཇི་སྙེད་ཅིག་དངོས་སུ་མཐོང་བྱུང་། དེ་ནི་དཔེ་མཚོན་ཙམ་དྲངས་ན། དུག་རླངས་ཁང་ནི་དམིགས་བསལ་གྱི་ཡོན་ཏན་ཁྱད་པར་ཅན་ལྡན་པའི་ཨར་ལས་བཟོ་བཀོད་པ་དག་གིས་བསྐྲུན་པ་ཡིན།བུ་ཕྲུག་ནི་ཤེས་ཡོན་ཆེན་པོ་ལྡན་པའི་འཚོ་བྱེད་སྨན་པས་དུག་བཏབ་ནས་བསད་པར་བཤད། བྱིས་པ་ནི་སྦྱོང་བརྡར་ཡག་པོ་ཐེབས་ནས་ལས་ཀར་བྱང་ཆུབ་པའི་ནད་གཡོག་པས་གསོད་པ་རེད། འདི་དག་ཡོད་ཚད་ལྟ་བྱེད་མིག་གིས་དངོས་སུ་མཐོང་བ་ན།ང་རང་གང་ཞིག་ལ་ཡིད་མ་ཆེས་པར་ཐེ་ཚོམ་དང་དོགས་པ་ངང་གིས་སྐྱེས་བྱུང་། མཐར་ཐུག་གི་སློབ་གསོ་ནི་དོན་དམ་པར་ཅི་ཞིག་གི་ཆེད་དུ་ཡིན་ནམ། ངའི་རེ་བ་ཞུ་འབྲས་ནི། ཁྱེད་ཀྱིས་སློབ་མ་ལ་རོགས་རམ་བྱས་ཏེ་མི་གཤིས་ཡོད་པའི་མི་ཞིག་ཏུ་འཚར་ལོངས་འབྱུང་དུ་འཇུག་རྒྱུ་མཁྱེན། གལ་སྲིད་ང་ཚོའི་བྱིས་པ་ཚོ་མི་གཤིས་ཡོད་པའི་མི་ཞིག་ཏུ་སྐྱེད་སྲིང་དང་འཚར་ལོངས་འབྱུང་དུ་བཅུག་པའི་གནས་ཚུལ་འོག་ཏུ། འབྲི་ཀློག་རྩིས་གསུམ་བྱེད་ཤེས་པའི་འཇོན་ཐང་ནུས་པ་ལ་ད་གཟོད་རིན་ཐང་ངོ་མ་ཡོད་སོང་བ་རེད”ཅེས་བཀོད་འདུག
  འགྲོ་བ་མིའི་རིགས་ལ་གཅན་གཟན་རང་བཞིན་གྱི་ངོས་གཅིག་དང་ལྷའི་ཕོ་ཉའི་རང་བཞིན་གྱི་ངོས་གཅིག་ལྡན་ཡོད་པ་ཧ་ཅང་མངོན་གསལ་རེད། སློབ་གསོ་པའི་དམིགས་ཡུལ་ནི་མིའི་བླ་སྲོག་དང་ཡིད་ཀྱི་རྣམ་པར་ཤེས་པ་ལ་སྦྱོང་བརྡར་ཐོབ་ཏུ་བཅུག་ནས། གཅན་གཟན་གྱི་རང་བཞིན་རྩུབ་པོ་ཐབས་ཀྱིས་བཏུལ་ནས། ཞི་འཇམ་ལྷའི་ཕོ་ཉ་ལྟ་བུའི་རང་བཞིན་བཟང་པོའི་ཕྱོགས་ལ་བསྒྱུར་བ་དེ་ལགས། སློབ་གསོ་ནི་མིའི་རྣམ་ཤེས་ཀྱི་སློབ་གསོ་ཡིན་པ་ལས། བློ་རིག་གསལ་པོས་ཤེས་བྱ་དང་ངོས་འཛིན་གཅིག་པུ་གསོག་འཇོག་བྱས་ནས་རི་ལྟར་སྤུངས་རྒྱུ་ཁོ་ན་ཙམ་ནི་མ་ཡིན་ནོ།། འདི་ནི་སློབ་གསོའི་བྱ་གཞག་དུས་ཡུན་རིང་པོར་གཉེར་བ་དང་ཧ་ཅང་རླབས་ཆེན་དུ་བརྩི་བའི་མཐར་ཐུག་གི་དམིགས་ཡུལ་ཡིན། དེ་ལྟར་མིན་ན། ཁྱོད་ལ་འབྱོར་ཡོད་པའི་ཤེས་བྱ་ཡོན་ཏན་ཇི་ཙམ་གྱིས་མང་ན།འགྲོ་བ་མིའི་རིགས་དང་ཚེ་སྲོག་ལ་གནོད་སྐྱོན་དེ་ལྟར་ཆེ་སོང་བ་མ་ཡིན་ནམ།
  འདིའི་ཕྱོགས་ཀྱི་བསླབ་བྱ་ཧ་ཅང་ཟབ་ཅིང་ཚབས་ཆེན་རེད། འབུམ་རམས་པ་ལིས་ཀྲིན་ཏོ་ལགས་ཀྱི་སློབ་བུ་ཕུལ་བྱུང་སྲས་ཀྱི་ཐུ་བོར་བསྔགས་པ་ཞིག་གིས། རང་གི་དཔྱད་རྩོམ་ལ་དགའ་རྟགས་བདམས་ཐོན་མ་བྱུང་བའི་རྒྱུ་རྐྱེན་ལ་བརྟེན་ནས། ཕྲག་དོག་དང་ཞེ་འཁོན་སྙིང་ལ་བཅངས་ཤིང་། བློ་ཕམ་དང་ཡིད་ཆད་ཀྱི་དབང་གིས། རང་ཉིད་སྐྱོ་སྡུག་གིས་མནར་ཞིང་ཡིད་སེམས་གདུང་བས་གཟིར་ཏེ། ཇི་མི་སྙམ་པར་མཁའ་དབྱིངས་དངོས་ལུགས་རིག་པ་སྨྲ་བ་བཞི་ཙམ་མི་མདས་བརྒྱབ་ནས་བསད་ཅིང་། དེར་མཐུད་ནས་ད་རུང་ཞེ་འཁོན་བཅངས་ཡོད་པའི་རང་ཉིད་ཀྱི་སློབ་གྲོགས་བྱ་དགའ་ཐོབ་མཁན་དེ་ཡང་སྡང་སེམས་ཀྱིས་བཀྲོངས་ཏེ་ཕྱི་མའི་ཡུལ་དུ་བརྫངས། ཧོ་ནན་ཞིང་ཆེན་ཞོན་ཧྭ་ས་ཆའི་ལོ་ན་བཅུ་དྲུག་ཅན་གྱི་གཞོན་ནུ་ལོ་ཆུང་ལིའུ་ཆེ་གེ་མོས་ཀྱང་རང་གི་གྲོགས་མོ་ལ་ཁ་འཛིང་འཁོན་རེས་བྱས་པའི་རྐྱེན་གྱིས། སྙིང་ཁམས་མ་བདེ་བར་སྨྱོ་ཧམ་ཚད་མིད་ཀྱི་སྒོ་ནས་རླངས་འཁོར་མི་ཚོགས་ཡོད་སར་བསྐོར་ནས་གང་འདོད་དུ་བརྒྱུགས་པས། མི2གཅིར་ནས་བསད་ཅིང་མི13ལ་རྨས་ལྕི་མོ་བཟོས་བྱུང་། སྐབས་དེར། ང་ཚོའི་སློབ་གྲྭའི་སློབ་གསོ་ཡིས་དུས་རྣམ་ཀུན་ཏུ་སློབ་མའི་རྩ་བའི་མི་གཞི་དང་རྩ་བའི་ཀུན་སྤྱོད། རྩ་བའི་བརྩེ་སེམས་བཅས་སྐྱེད་སྲིང་བྱེད་རྒྱུ་སྣང་མིད་དུ་བསྐྱུར་འདུག་པས། སློབ་མ་ཁ་ཤས་ནི་མིའི་ཚེ་སྲོག་དང་འཇིག་རྟེན་གྱི་བྱ་བའི་ཐད་ལ། རྣམ་འགྱུར་གྲང་ཤུར་ཤུར་ལས་སྤྲོ་སེམས་དགའ་སྣང་ཡེ་ནས་མིད་པ་དང་ཡ་ང་སྙིང་རྗེ་མིད་པ། དོ་ཁུར་བརྩེ་སེམས་མིད་པ་ཇེ་ཐུ་ནས་ཇེ་ཐུར་གྱུར་སོང་བ་རེད།
  དེར་བརྟེན། འཇར་པན་ནམ་ཉི་ཧོང་གི་སློབ་གསོ་པ་ཞིག་གིས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་སྟེ། ང་ཚོས་སློབ་མ་སྐྱེད་སྲིང་བྱེད་དགོས་ན། ཐོག་མར“རི་སྐྱེས་ཀྱི་ལུག་མིག་མི་ཏོག་ཆུན་པོ་ཞིག་ལ་གདོང་གཏད་ནས་གློ་བུར་དུ་དེ་ལ་སེམས་པ་ཤོར་ཞིང་ཡིད་འགུལ་ཐེབས་པ་ལྟ་བུའི་བསམ་ཚུལ”ཡོད་དགོས། བསམ་ཚུལ་འདི་རིགས་ནི་བྱེ་ཐང་དུ་ལྷུང་བའི་ཉ་ཕྲུག་རེ་རེའི་ཚེ་སྲོག་ལ་གཅེས་འཛིན་བྱེད་པའི་བུ་ཆུང་དེའི་སེམས་རྒྱུད་ལ་འཛོམས་ཡོད་པའི་བརྩེ་སེམས་དེ་འདྲ་ཞིག་ཡིན་ངེས། དེ་འདྲ་ཞིག་མིན་ཚེ། ཉ་ཕྲུག་ལ་སྣང་མིད་མཐོང་ཆུང་གིས་རྩྭ་རུལ་ལྟ་བུར་བརྩིས་ནས། གསར་སྐྱེས་མི་ཏོག་ལ་རྡོག་བརྫིས་གཏོང་བས་ན། དེའི་བྱ་བྱེད་ཀུན་སྤྱོད་ལ་རྒྱུ་མཚན་མི་ཤེས་པར་གདེང་འཇོག་བྱས་པ་ཤིན་ཏུ་མཐོ་ཡང་སྲིད་མོད། འོན་ཀྱང་མིའི་ཚེ་སྲོག་གི་རིན་ཐང་ཀུན་ནས་ཤོར་ཡོད། མི་ལ་བརྩི་འཇོག་བྱེད་པ་དང་འཇིག་རྟེན་ལ་གུས་ཤིང་སྐྲག་པ་གང་ཡིན་ཡང་། ཆེས་གཞི་རྩ་ནི་ཚེ་སྲོག་གནས་པ་ལ་བརྩི་འཇོག་བྱེད་པ་དང་ཚེ་སྲོག་ཡང་བསྐྱར་གསོན་ཐབས་མིད་པའི་རང་བཞིན་རྟོགས་ཤིང་ཧ་གོ་རྒྱུ་དེ་རེད།མི་རྣམས་ཀྱིས་རྒྱུ་མཚན་གནས་ལུགས་ཅི་ཡང་མིད་པར་ཚེ་སྲོག་གང་འདོད་དུ་ཕྲོགས་ན་ག་ལ་འགྲིགཐ་ན་འབུ་སྲིན་ཡན་ཆད་ཀྱི་སྲོག་ཆགས་ཕྲ་མོ་ཆེས་དམའ་རིམ་གྱི་ཚེ་སྲོག་ལའང་དོན་མིད་དུ་སྲོག་གཅོད་མི་རུང་ངོ་།། མི་གཅིག་གིས་དམའ་རིམ་གྱི་སྐྱེ་དངོས་དང་ཡང་ན་སྲོག་ཆགས་གང་ཞིག་ལ་བརྩེ་སེམས་དང་ཤ་ཚ་སྙིང་རྗེ་སྤུ་ཙམ་ཡང་མིད་པའི་དུས་ན། ཁྱོད་ཀྱིས་ཁོ་ལ་མཐོ་རིམ་གྱི་ཚེ་སྲོག་ལ་བརྩི་འཇོག་བྱེད་དགོས་པའི་ཡིད་རྟོན་རེ་ལྟོས་བྱེད་ཐུབ་བམ། དེ་ལས་ལྡོག་སྟེ། མི་ཞིག་ལ་རྩྭ་ཕྲན་དང་ཉ་ཕྲུག་གི་ཚེ་སྲོག་ལ་གཅེས་སེམས་དང་བྱམས་བརྩེ་ཚད་མིད་ཀྱིས་ཁེངས་ཡོད་པའི་དུས་ན། སྙིང་རྗེ་ཆེན་པོའི་གཞན་དབང་གིས་སེམས་ཅན་དེ་རིགས་ལ་བརྩི་འཇོག་ལོས་བྱེད་དེ། ཐུགས་རྒྱུད་འཇམ་པོའི་གང་ཟག་དེས་མཐོ་རིམ་གྱི་ཚེ་སྲོག་དང་མི་ཡི་ཚེ་སྲོག་ལ་བརྩི་འཇོག་མི་བྱེད་པ་ག་ལ་སྲིད་དེ་མི་སྲིད་དོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1