གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༣ཉིན།

རྟའུ་ཡི་སྟག་མའི་མེ་ཏོག་གིས་ཡུལ་སྐོར་བ་བསུས་ཡོད།

    ཀྲུང་གོ་བོད་ལྗོངས་དྲ་བའི་གསར་འགྱུར་སྤེལ་བར་གཞིགས་ན། ཉེ་ཆར་ནམ་ཟླ་ཇེ་དྲོར་འགྲོ་བ་དང་བསྟུན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་ཁུག་ཆགས་ཞང་རྡོ་སྤུངས་གྲོང་སྡེའི་རི་ངོས་ཀྱི་སྟག་མའི་མེ་ཏོག་རབ་ཏུ་བཞད་པ་དེས་གྲོང་སྡེའི་བོད་ཁང་ལ་མཛེས་རྒྱན་སྤྲས་ཤིང་ཡུལ་སྐོར་བ་མང་པོ་ལྟད་མོར་བཀུག་འདུག
   གྲོང་སྡེ་རུ་དལ་བུར་བསྐྱོད་དུས། བོད་ཁང་དང་། དགོན་པ། མེ་ཏོག་སོགས་ཕན་ཚུན་རྒྱན་གྱིས་སྤུད་པ་ལྟ་བུར་གྱུར་བའི་ནང་ཡུལ་མི་རྣམས་དང་ཡུལ་སྐོར་བ་ཚོ་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག རྒྱང་རིང་ལ་བལྟས་ན། རི་ཀླུང་ཀུན་ཏུ་ཁྱབ་པའི་སྟག་མའི་མེ་ཏོག་གི་གསེབ་ཏུ་སྨུག་མདོག་གི་ཁང་པའི་རྩིག་པ་མཐོང་རྒྱུ་ཡོད་ལ། བྱིས་པ་རྣམས་རྩེད་འཇོར་རོལ་བཞིན་ཡོད། ཡུལ་སྐོར་བ་ལ་ལ་དྲན་རྟེན་གྱི་པར་རྒྱག་པ་ལ་བྲེལ་བཞིན་འདུག་ལ། ལ་ལས་ཚ་ཕོག་རྒྱག་བཞིན་འདུག་ཅིང་། ཚང་མས་ཐོབ་དཀའ་བའི་དཔྱིད་ཀྱི་དཔལ་ཡོན་ཉམས་སུ་མྱོང་བཞིན་འདུག 
    མཁྱེན་ལྡན་མ་ཧྲི་ལགས་ཀྱིས་སྐད་འཕྲིན་གྱི་གྲོགས་ཚོམས་ནས་གནས་འདིའི་སྟག་མའི་མེ་ཏོག་བཞད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་ཅིང་། ཁོ་མོས་མོ་རང་བསྟུད་མར་ལོ་གསུམ་རིང་གནས་འདི་རུ་སྟག་མའི་མེ་ཏོག་གི་མཛེས་ལྗོངས་ལྟ་བར་ཡོང་མྱོང་བར་བཤད། གནས་འདིའི་སྟག་མའི་མེ་ཏོག་ཚང་མ་རི་སྐྱེས་ཡིན་ཞིང་། མཐོ་སྒང་དུ་མཐོང་དཀོན་པའི་མཛེས་ལྗོངས་ཤིག་ཡིན་པས། རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་མཐོང་ཚེ་སེམས་ཁམས་དྭངས་ཤིང་སྤྲོ་བ་ཞིག་ཏུ་གྱུར་འགྲོ།
    སྟག་མའི་མེ་ཏོག་གི་མཛེས་ལྗོངས་ཁུལ་དང་ཐག་མི་རིང་བའི་གནས་སུ་མཆོད་རྟེན་དཀར་པོ་ཞིག་ཡོད་ཅིང་། དེ་རུ་མག་གསར་དང་བག་གསར་གཉིས་ཀྱིས་གཉེན་སྒྲིག་གི་པར་ལེན་བཞིན་འདུག  ཁོང་གཉིས་ཀྱིས་མཚམས་རེར་བརྩེ་སེམས་ཟབ་མོས་ཕན་ཚུན་ལ་ལྟ་བཞིན་འདུག་ལ་མཚམས་རེར་སྤྲོ་སེམས་ཆེན་པོས་རྒྱུག་སྟེ་ཆེས་མཛེས་པའི་རྣམ་པ་དེ་པར་ལ་ཕབ་པ་རེད།  མག་པ་ཉི་མ་ཚེ་རིང་གིས་“གཉེན་སྒྲིག་གི་པར་ཕ་ཡུལ་དུ་བླངས་ན་ང་ཚོའི་འཚོ་བའི་ཁོར་ཡུག་དང་རབ་ཏུ་འཚམ་ཞིང་། བོད་ཁང་དང་རྩྭ་ཐང་སོགས་ཀྱི་རྒྱབ་ལྗོངས་ལ་རང་བྱུང་དང་མི་ཆོས་ཀྱི་འཚོ་བའི་བྲོ་བ་ཟབ་མོ་ལྡན་པ་མ་ཟད། ད་དུང་ངའི་གྲོགས་པོ་མང་པོས་ཀྱང་གནས་འདི་ནས་པར་བླངས་ཡོད་”ཟེར། 
    རྟའུ་རྫོང་ཞིང་འབྲོག་གྲོང་གསེབ་ཚན་རྩལ་ཅུས་ཀྱི་མཐོ་རིམ་ཞིང་ལས་ལག་རྩལ་པ་ཧོ་ཡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྡོ་སྤུངས་གྲོང་སྡེའི་སྟག་མའི་མེ་ཏོག་ནི་མཐོ་སྒང་གི་སྟག་མའི་མེ་ཏོག་ཁོངས་སུ་གཏོགས་ཤིང་། གྲོང་སྡེའི་རི་ངོས་སུ་བྲག་རྡོ་དང་སྔོ་དྲེག་མང་བས་བསིལ་པོ་དང་བརླན་ཚད་ཆེ་བའི་ཁོངས་སུ་གཏོགས་ཤིང་། སྟག་མའི་མེ་ཏོག་བཞད་པར་ཕན་ལ། ས་ཁམས་གནས་ཡུལ་དང་ནམ་ཟླའི་འགྱུར་ལྡོག་གི་རྐྱེན་པས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡན་གྱི་རི་མཐོའི་ངོས་སུ་སྐྱེས་པའི་སྟག་མའི་མེ་ཏོག་ནི་བདེ་ཐང་གི་སྟག་མའི་མེ་ཏོག་དང་བསྡུར་ན་ཁ་བཞད་ཚད་ཅུང་འཕྱི་བ་དང་། ད་དུང་མཐོ་ཚད་ཡང་རྒྱུན་ལྡན་གྱི་སྟག་མའི་མེ་ཏོག་ལས་མཐོ་བ་ཡོད། འདི་ལྟ་བུའི་ཡུག་གཅིག་ཏུ་བཞད་པའི་སྟག་མའི་མེ་ཏོག་ནི་དངོས་གནས་མཐོང་དཀོན་པ་ཞིག་རེད།

    གྲོང་སྡེའི་ཧྲུའུ་ཅི་དང་པོ་ཡོན་ཏིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་ཀྱི་དབང་གིས། ད་ལོར་གྲོང་སྡེ་རུ་ཡུལ་སྐོར་དུས་ཆེན་སྤེལ་མེད་མོད། འོན་ཀྱང་དེ་སྔོན་གྱི་དྲིལ་བསྒྲགས་བྱས་པའི་སྙན་གྲགས་ཀྱིས་ཡུལ་སྐོར་དུ་ཡོང་མཁན་མང་པོ་འདུག  ཁྱད་པར་དུ་གྲོང་སྡེའི་མགྲོན་ཁང་འགན་གཙང་ལེན་བྱས་པའི་གངས་ལྗོངས་ཡུལ་སྲོལ་ཚད་ཡོད་ཀུང་སིས་དྲ་ཐོག་མི་སྣ་གྲགས་ཅན་ལྷག་པ་གདན་འདྲེན་ཞུས་ནས་འཁྱུག་དབྱིངས་ནང་བརྙན་བླངས་པས། འཁྱུག་དབྱིངས་ཐོག་མཐོ་བོང་བསྒྲེངས་ཚད་ཁྲི་4ཟིན་ཞིང་། ད་དུང་མགྲོན་ཁང་དུ་སྡོད་མཁན་དང་། ཟ་མ་ཟ་མཁན་གྱི་ཡུལ་སྐོར་བ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག སྔོན་རྩིས་བྱས་ན་ད་ལོར་གྲོང་སྡེ་རུ་ཡུལ་སྐོར་བ་མི་ཐེངས་12000བསུ་རྒྱུ་ཡིན་ཞིང་། མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ནི་སྒོར་1500འཕར་རྒྱུ་རེད། 





39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1