གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

ཚེ་རིང་དབང་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༡ཉིན།

༄༅།།བཙན་པོའི་དུས་ཀྱི་བོད་ཀྱི་ལོ་ཙཱའི་སྤང་བླང་གི་བསམ་བློ་གླེང་པ།



ཚེ་རིང་དབང་མོ།

བོན་ཆོས་དར་བའི་དུས་སྐབས་ཀྱི་ལོ་ཙཱའི་སྤང་བླང་བསམ་བློ། 

        ད་ལྟ་ང་ཚོས་མཐོང་ཆོས་སུ་ཡོད་པའི་བོད་ཀྱི་རིག་གནས་འདི་ཉིད་ནི། ཡ་ཐོག་གི་བོན་གྱི་རིག་གནས་དང་། བོད་རང་གི་ཡུལ་སྲོལ་གོམས་གཤིས། སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་སོགས་མཉམ་དུ་འདྲེས་པའི་རིག་གནས་ཤིག་ཡིན་ལ། འདི་ནི་ཡོངས་སུ་གྲུབ་པ་དང་ད་ལྟའི་རྣམ་པ་ཆགས་པ་ལ་ལོ་རྒྱུས་ཀྱི་དུས་རིམ་ཧ་ཅང་རིང་པོ་ཞིག་བརྒྱུད་ཡོད། སྲོང་བཙན་ཡར་སྔོན་དུ། བོན་ཆོས་གཙོར་བྱས་པའི་རིག་གནས་དང་གཞུང་ལུགས་བོད་དུ་དར་ཡོད་ལ། ཞང་ཞུང་སོགས་ནས་ཚུར་བླངས་བའི་རིག་གནས་ཀྱིས་བཙན་པོའི་རྒྱལ་རབ་ཀྱི་ཤེས་རིག་ཐུན་མིན་ཅན་དུ་ཆགས་པར་བྱས་ཡོད། སྤྱིར་རང་རེའི་བོད་མི་རིགས་ནི་ཡ་རབས་གུས་ཞབས་དང་ལྡན་པའི་མི་རིགས་ཤིག་ཡིན་པ་ལོ་རྒྱུས་ཀྱི་ཡིག་ཆ་མང་པོས་ར་སྤྲོད་བྱེད་ཐུབ་ལ། ལྷག་པར་དུ་རང་ལས་ཡོན་ཏན་ཆེ་བ་དང་ལོ་ན་བགྲེས་པའི་རིགས་ལ་ལྷག་བསམ་རྣམ་དག་གིས་བརྩི་འཇོག་བྱེད་པ་ནི་གནའ་སྔ་མོ་ཞིག་ནས་རང་རེའི་ཐུན་མོང་མ་ཡིན་པའི་གོམས་སྲོལ་ཞིག་ཏུ་གྱུར་ཡོད། བོན་ཆོས་དར་བའི་སྐབས་དེའི་ཡིག་ཆ་དག་ལ་དཔག་ན་ལོ་ཙཱ་བ་མང་པོ་ཞིག་ནི་རྒྱལ་བོའི་སྐུ་གཤེན་དང་སྐད་སྒྱུར་བའི་ལོ་ཙཱ་བ་གཉིས་ཕལ་ཆེར་མི་གཅིག་གིས་གོ་ཆོད་པར་གནང་གི་ཡོད་པར་འདུག་པས་སྐབས་དེའི་ལོ་ཙཱ་བ་དག་ནི་རྒྱལ་བོའི་སྐུ་གཤེན་དང་དབྱེར་མ་མཆིས་པའི་ཐོབ་ཐང་ངེས་ཅན་ཞིག་ཡོད། དེ་དག་གིས་སྔ་དར་གྱི་སྐབས་ཀྱི་ལོ་ཙཱ་བར་གདེང་འཇོག་དང་ཐོབ་ཐང་ཅི་འདྲ་ཞིག་སྤྲོད་བཞིན་པ་གསལ་པོར་རྟོགས་ཐུབ་པ་མ་ཟད། ལོ་ཙཱའི་སྤང་བླང་ངོས་ནས་བལྟས་ན་ལོ་ཙཱ་བ་ལ་བརྩི་བཀུར་དང་། ལོ་ཙཱའི་ལས་དོན་ལ་མཐོང་ཆེན་བཅས་བྱེད་བཞིན་པའང་ཤེས་ཐུབ། 


《 སྒྲ་སྦྱོར་བམ་གཉིས།》 ལས་མངོན་པའི་ལོ་ཙཱའི་སྤང་བླང་གི་བསམ་བློ། 

1.བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་དགོས་པ།
        དེ་ཡང་རྒྱལ་ཕྱི་ནང་གི་ལོ་ཙཱའི་ལོ་རྒྱུས་ཀྱི་ཕྱི་མོ་གང་དང་བསྟུན་ཀྱང་མ་ཡིག་ལ་བསྟུན་པ་ནི་ལོ་ཙཱའི་སྔོན་འགྲོ་ཡིན་པ་རེད། དེ་ཡང་སྐབས་དེ་དུས་ཀྱི་བོད་ཀྱི་ལོ་ཙཱ་བ་མང་པོས་རང་རང་གི་ཡུལ་སྐད་དང་ཕལ་སྐད་གྱི་ཁྱད་པར་དབང་གིས་འགྱུར་ཡིག་མང་པོ་ཞིག་གོ་དཀའ་བའི་རང་བཞིན་ཅན་དུ་གྱུར་པ་དང་། ཡང་ཁ་ཤས་ཀྱིས་བོད་ཀྱི་བརྡ་ཐ་སྙད་དང་ཡི་གེའི་སྤྱོད་སྟངས་མ་ཤེས་པའི་དབང་གིས་བརྡ་སྤྲོད་ཀྱི་གཞུང་དང་འགལ་ནས་ར་མགོ་ལུག་སྦྱར་གྱི་ཚུལ་དུ་སོང་བའམ་གོ་བརྡ་སྤྲོད་པའི་ནུས་པ་དང་བྲལ་ཞིང་། མ་ཡིག་གི་ཐོག་མའི་ནང་དོན་དང་རྣམ་པ་གང་ཅིའི་ཐད་ལ་ཡང་དམིགས་ཚད་དུ་སླེབས་པར་དཀའ་བ་སོགས་ཀྱི་གནད་དོན་མང་པོའི་འབྱུང་རྐྱེན་གཙོ་བོ་ནི་རྒྱ་གར་གྱི་བརྡ་སྤྲོད་གཞུང་ལུགས་དང་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་གཉིས་ལ་རྒྱུས་མངའ་མེད་པ་དང་། སྐད་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ཀྱི་གཞུང་དང་བསྟུན་མེད་པའི་རྐྱེན་རེད། དེ་ཡང་བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་དགོས་ཞེས་པའི་བོད་ཀྱི་སྒྲ་སྒྱུར་གྱི་གཞུང་ལུགས་རྩ་དོན་ནི་རྒྱལ་བློན་དང་ལོ་པཎ་སོགས་ཀྱི་ཞལ་གདམས་དང་བློ་གྲོས་ཀྱི་རྩལ་ལས་བྱུང་བས། གཅིག་ནས་འདི་ལ་གཞུང་ཕྱོགས་ཀྱི་རྒྱབ་སྐྱོར་ཚད་མེད་མཛད་པས་དེ་ལ་ཚད་ལྡན་གྱི་རང་བཞིན་ལྡན་པ་དང་། གཉིས་ནས་རྒྱལ་བའི་བཀའ་བསྟན་ནང་འདྲེན་བྱས་ནས་བོད་ཀྱི་རྒྱལ་བློན་རྣམས་ཀྱི་བོད་མི་རིགས་གཤིས་བཟང་ཞི་དུལ་གྱི་བདེ་ལ་འགོད་འདོད་པའི་བླ་མེད་ཀྱི་བྱ་གཞག་འགྲུབ་ཆེད་དང་། གསུམ་ནས་རྒྱལ་བློན་ལོ་པཎ་སོགས་མཐོ་རིམ་གྱི་མི་སྣ་གཙོ་བྱས་ནང་ཆོས་ལ་དད་པ་ཚད་མེད་མཛད་པས་རྒྱལ་བའི་བཀའ་བསྟན་གྱི་གཞུང་འདི་བོད་ལ་གོ་ལོག་དང་ནོར་འཛོལ་མེད་པར་བོད་སྤྱི་ཡོངས་ལ་ཁྱབ་བསྒྲགས་བྱེད་པའི་ལྷག་བསམ་ཀྱང་ཤུགས་ཀྱིས་མངོན་ཐུབ། དེའི་རྐྱེན་གྱིས་འདི་ལས་བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་དགོས་ཞེས་པའི་མཐུན་ཞེས་པ་འདི་ལ་སྐད་ཆའི་བརྡ་སྤྲོད་ལུགས་ཙམ་ལ་གོ་བ་མིན་པར། དེ་ནི་ལོ་ཙཱ་བ་མ་ཡིག་ལ་བསྟུན་དགོས་པས་མ་ཚད་རྒྱལ་བའི་བཀའ་བསྟན་གྱི་གཞུང་ལ་མི་འགལ་བ་དང་བོད་རང་གིས་བརྡ་སྤྲོད་ལུགས་དང་ཡང་མཐུན་དགོས་པ་དེ་ཡིན། འདིར་བྱུང་བའི་མཐུན་ནི་ལོ་ཙཱའི་རྩ་དོན་ཁོ་ན་ཙམ་ལ་གོ་བ་བླངས་ན་ཅུང་ཁྱབ་ཆུང་སོང་བ་དང་གནའ་སྔ་མོ་ནས་ཁྱིམ་མཚེས་མི་རིགས་ཀྱི་རིག་གནས་དབར་ཁྱད་ལ་བརྩི་འཇོག་བྱེད་པའི་གོམས་སྲོལ་དང་སྤང་བླང་གི་ལྟ་བ་ཡང་དག་ཡོད་པ་སོགས་ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་བཙན་འདི་དག་ལས་ར་སྤྲོད་ཐུབ། དེའི་ཕྱིར་བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་དགོས་ཞེས་པའི་མཐུན་ནི་སྐད་ཆའི་བརྗེ་སྤོར་ཁྲོད་ཀྱི་གནད་དོན་ཁོ་ན་ཙམ་མིན་པར། དེ་ནི་ལོ་ཙཱའི་ཆེད་ལས་ཀྱི་ལོ་ཙཱའི་སྤང་བླང་གི་བསམ་བློའི་སྐོར་གྱི་གནད་དོན་ཞིག་དང་ནང་ཆོས་ཀྱི་སྤང་བླང་གི་སྐོར་གྱི་གནད་དོན་ཞིག་རེད། 

2.ཆོས་ཀྱི་གཞུང་ལས་བྱུང་བའི་བརྗོད་བྱའི་དོན་དང་འགལ་མི་རུང་བ། 
        འདི་ཡང་རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱ་བ་མང་པོའི་བཞེད་པ་གཅིག་ཏུ་མཐུན་པ་ལྟར་ནང་དོན་དང་རྣམ་པ་གཉིས་ལས་ནང་དོན་གཙོ་བོར་འཛིན་དགོས་པའི་འདོད་ཚུལ་དེ་ཡིན་ལ། ཆོས་རྒྱལ་གོང་མ་རྣམས་ཀྱིས་དམ་པའི་ཆོས་གཞུང་བོད་དུ་བསྒྱུར་བའི་དམིགས་ཡུལ་གཙོ་བོ་ནི་གཏིང་ཟབ་པའི་སངས་རྒྱས་ཆོས་ལུགས་ཀྱི་བརྗོད་བྱའི་ནང་དོན་དེ་རྒྱ་ཆེ་བའི་བོད་རིགས་མང་ཚོགས་ལ་ཤེས་སུ་འཇུག་པ་དང་། དགེ་བཅུའི་ལས་ལ་འབད་པའི་མངའ་འབངས་སྤྱོད་བཟང་དང་ལྡན་པ་ཡོང་ཕྱིར་དཀའ་བ་བརྒྱ་སྟོང་ལ་མ་འཛེམ་པར་རྒྱ་བལ་གྱི་མཁས་དབང་དུ་མ་གདན་དྲངས་ནས་ཆོས་གཞུང་བོད་དུ་བསྒྱུར་བ་ལས་རྣམ་པ་ཙམ་དང་ཕྱི་ཚུལ་གྱི་ཚིག་སྦྱོར་ཁོ་ནར་དམིགས་ནས་ལོ་ཙཱ་བྱས་པ་ཞིག་གཏན་ནས་མིན་པར། གཙོ་བོ་ལོ་ཙཱ་བ་ཚོས་བརྗོད་བྱའི་ནང་དོན་ཐད་འགལ་འཛོལ་མི་ཡོང་བ་བྱ་རྒྱུ་ནི་སྐབས་དེའི་འགྱུར་གྱི་ཚད་གཞི་གཙོ་བོ་ཞིག་ཏུ་བཟུང་ཡོད་པ་རེད། དེ་ལས་འཕྲོས་ཏེ་ངེད་ཅག་བོད་ཀྱི་ད་ལྟའི་ལོ་ཙཱའི་གནས་བབས་ལ་མཚོན་ན་ཡང་འགྱུར་ལེགས་ཉེས་ཀྱི་ཚད་གཞི་གཙོ་བོ་ཞིག་ནི་ནང་དོན་དང་འགལ་ཡོད་མེད་ཀྱི་སྟེང་ནས་འཇོག་དགོས་པ་ཏེ། དེ་མིན་ན་ལོ་ཙཱ་བྱས་པ་ཇི་འདྲ་སྙན་རུང་། དེ་ནི་གསར་རྩོམ་ཞིག་ཡིན་པ་ལས། ལོ་ཙཱ་རུ་གྲུབ་མེད། དེའི་ཕྱིར། ལོ་ཙཱ་བས་བསྒྱུར་བའི་བསྒྱུར་བྱའི་མ་ཡིག་ནང་དོན་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས་བོད་རང་གི་ཀློག་པ་པོས་གོ་བ་ལོན་པ་བྱ་རྒྱུ་ནི་ལོ་ཙཱའི་དམིགས་འབེན་གཙོ་བོ་ཡིན། གལ་ཏེ་བསྒྱུར་བྱའི་མ་ཡིག་ལ་ཀློག་པ་པོ་མེད་ན་ལོ་ཙཱའི་འབྲས་བུ་ལ་དོན་སྙིང་ཅི་ཡང་མེད་པས། དེའི་ཕྱིར་ལོ་ཙཱ་བྱེད་སྐབས་མ་ཡིག་གི་བརྗོད་དོན་དང་ཡ་མ་བྲལ་བ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བའི་རིམ་པ་ཞིག་རེད། དེའི་རྐྱེན་གྱིས་བོད་རང་གིས་རྒྱལ་བའི་བཀའ་བསྟན་གྱི་ཆོས་གཞུང་བསྒྱུར་སྐབས་བརྗོད་བྱའི་ནང་དོན་དང་འགལ་མི་རུང་བར་ཞེས་པ་མཐར་གཏུགས་ནས་བཤད་ན་དེ་ནི་བོད་སྤྱིའི་མངའ་འབངས་ཀྱིས་ཡང་དག་པའི་སྒོ་ནས་ཆོས་ཀྱི་དགོངས་དོན་རྒྱུད་ལ་ལོན་ཐུབ་མིན་ལ་ཐུགས་ཁུར་མཛད་པ་ཡིན་ལ། དེ་ནི་ཀློག་པ་པོར་འགན་ཁུར་བའི་ལོ་ཙཱའི་སྤང་བླང་གི་བསམ་བློ་ཡང་གསལ་པོར་མངོན་ཡོད། 
        མདོར་ན། བོད་བཙན་པོའི་དུས་སུ། ཐོག་མར་བོན་ཆོས་དར་བའི་དུས་སྐབས་སུ་ཐུན་མོང་དུ་སྤྱོད་པའི་ཡི་གེ་རྒྱ་ཁྱབ་ཏུ་མ་བྱུང་བས། འགྱུར་གཞུང་དང་བརྩམས་ཆོས་སོགས་ད་ལྟ་མཐོང་ཆོས་སུ་མེད་ནའང་། ཁྱིམ་མཚེས་མི་རིགས་དང་རྒྱལ་ཁབ་བར་ལ་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་དུ། ལོ་ཙཱ་བ་ལ་བརྩི་མཐོང་དང་། ལོ་ཙཱའི་ལས་དོན་ལ་དོ་སྣང་བྱེད་པའི་ལོ་ཙཱའི་སྤང་བླང་གི་བསམ་བློའི་མྱུ་གུ་ཞིག་ཀྱང་འབུས་ཡོད་པ་ཤེས་ཐུབ་ལ། དུས་རབས་བདུན་པ་ནས་རིམ་པ་བཞིན་རྒྱལ་བའི་བཀའ་བསྟན་གྱི་ཆོས་གཞུང་འབོར་ཆེན་བོད་དུ་བསྒྱུར་འགོ་ཚུགས་པ་ནས་བཟུང་། ཁ་བ་ཅན་གྱི་ལྗོངས་འདིར་སྐད་གཉིས་ཀྱི་ལམ་ནས་ནང་བའི་ཆོས་གཞུང་གཙོ་བྱས་པའི་མཐའ་བཞིའི་ཁྱིམ་མཚེས་ཀྱི་རིག་གནས་སྤང་བླང་དང་ལྡན་པའི་སྒོ་ནས་ཚུར་ལེན་བྱས་ནས་ལོ་ཙཱའི་སྤང་བླང་ཡང་དེང་རབས་ཀྱི་ལོ་ཙཱའི་སྤང་བླང་གི་ཚད་ཐིག་དང་མཐུན་པ་ཞིག་གྲུབ་ཡོད་ལ། ལོ་ཙཱའི་ལག་ལེན་གྱི་བརྒྱུད་རིམ་རིང་པོ་ཞིག་བརྒྱུད་ནས་ལོ་ཙཱའི་གཞུང་ལུགས《སྒྲ་སྦྱོར་བམ་གཉིས།》ལྟ་བུ་བྱུང་བ་དང་། དེ་ཉིད་ལས་མངོན་པའི་ལོ་ཙཱའི་སྤང་བླང་གི་ལྟ་བས་ཕྱིས་ཀྱི་ལོ་ཙཱའི་ལག་ལེན་ལ་མཛུབ་སྟོན་གྱི་ནུས་པ་ཐོན་ཡོད་པ་ཤེས་ཐུབ། ། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1