གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

དཔའ་་མོ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༨ཉིན།

༄༅།།གནས་ཡིག་《ཤེལ་དཀར་མེ་ལོང་》གཞིར་བཟུང་ནས་མངའ་རིས་ཕྱོགས་ཀྱི་འབྲི་གུང་པའི་དར་རྒུད་ལ་དཔྱད་པ།


 དཔའ་་མོ་སྐྱིད།
[ནང་དོན་གནད་བསྡུས།]《ཤེལ་དཀར་མེ་ལོང་》ནི་གངས་ཏི་སེ་དང་མཚོ་མ་ཕམ་གཉིས་ཀྱི་བཀོད་པ་དང་ལོ་རྒྱུས་བརྗོད་པའི་གནས་ཡིག་ཅིག་ཡིན་ལ། དཔྱད་རྩོམ་འདིར་《ཤེལ་དཀར་མེ་ལོང་》གི་ནང་དོན་གཞིར་བཟུང་ནས་འབྲི་གུང་གི་བསྟན་པ་སྟོད་མངའ་རིས་ཕྱོགས་དང་། ཁྱད་པར་དུ་གངས་ཏི་སེ་དང་མཚོ་མ་ཕམ་གྱི་མཐའ་འཁོར་དུ་རི་པ་ཉམས་ལེན་པ་བྱུང་ཚུལ་དང་། མངའ་རིས་རྒྱལ་རྒྱུད་ཁག་དང་འབྲི་གུང་གི་རི་པ་རྡོར་འཛིན་རིམ་བྱོན་བར་མཆོད་ཡོན་གྱི་འབྲེལ་བ་བྱུང་ཚུལ། དེ་བཞིན་གངས་ཏི་སེ་དང་མ་ཕམ་མཐའ་འཁོར་དུ་འབྲི་གུང་པའི་དགོན་པ་དང་སྒྲུབ་གནས་བཙུགས་ཏེ་དར་བའི་རྩེར་སོན་པ་ནས། འབྲི་གུང་གླིང་ལོག་སོགས་ཀྱི་དུས་འགྱུར་གྱི་དབང་གིས་ཉམས་རྒུད་དུ་གྱུར་པའི་ལོ་རྒྱུས་བཀོད་པ་བརྒྱུད། གནས་ཡིག་དེའི་ལོ་རྒྱུས་ཡིག་ཚང་གི་རིན་ཐང་དམིགས་སུ་བཟུང་ནས་དཔྱད་ཡོད།
[བརྡ་ཆད་གཙོ་བོ།] གནས་ཡིག གངས་ཏི་སེ། མངའ་རིས་རྒྱལ་རྒྱུད། འབྲི་གུང་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]  K281
[ཡིག་ཚང་མཚོན་བྱང་།]  A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-04-0056-12
          གངས་ཏི་སེ་དང་མ་ཕམ་མཚོ་ཡི་ལོ་རྒྱུས་《ཤེལ་དཀར་མེ་ལོང་》②ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིག་ཚང་ལས་གནས་ཡིག་དཔེ་མཚོན་དང་ལྡན་པ་ཞིག་རེད། སྤྱིར་གནས་ཡིག་ནི་ཆོས་ལུགས་རིག་གནས་ཀྱི་ཡིག་ཚང་གི་ཁོངས་སུ་གཏོགས་ལ།  དེ་ནི་ཆོས་ལུགས་བྱུང་འཕེལ་གྱི་ལོ་རྒྱུས་ཁྲོད་དུ་དམིགས་གསལ་གྱི་དོན་སྙིང་ལྡན་པའི་གནས་ཁྱད་པར་ཅན་ཏེ།  དཔེར་ན་རྒྱ་གར་གནས་ཆེན་བརྒྱད་ལྟ་བུ་དང་། ཡང་ན་ཆོས་ལུགས་དད་མོས་དང་ཆོས་ལུགས་བྱ་གཞག་ཁྲོད་དུ་མཚོན་དོན་རང་བཞིན་ལྡན་པའི་གནས་ཁྱད་པར་ཅན་ཏེ། དཔེར་ན་བོད་བརྒྱུད་ནང་བསྟན་གྱི་བླ་མ་དང་།  མཁའ་འགྲོ།  ཆོས་སྐྱོང་།  ཡི་དམ་སོགས་ལྷའི་བཞུགས་གནས་སམ་ཕོ་བྲང་དུ་ངོས་འཛིན་གནང་ཡོད་པའི་ཏི་སེ་དང་ཙཱ་རི་ལྟ་བུ་ལ་གནས་དང་གནས་ཆེན་ཟེར་ལ། གནས་དེ་དག་གི་བྱུང་འཕེལ་གྱི་ལོ་རྒྱུས་དང་གནས་ཀྱི་བཀོད་པ།  གནས་ཀྱི་བྱིན་རླབས་སོགས་བརྗོད་པའི་ཡི་གེ་ལ་གནས་ཡིག་ཅེས་བརྗོད་དོ།  ། འདིར་བོད་ཀྱི་གནས་ཡིག་གི་ཡིག་ཚང་ལས་ཏི་སེའི་གནས་ཡིག་འདི་གཞིར་བཟུང་ནས།  དེའི་ཡིག་ཚང་རིན་ཐང་ལ་ཉམས་ཞིབ་རགས་ཙམ་བྱ་བ་ལ།
          དང་པོ། 《གནས་ཡིག་ཤེལ་དཀར་མེ་ལོང་》གི་རྩོམ་པ་པོ་དང་རྩོམ་དུས། པར་གཞིའི་སྐོར། 
          《གནས་ཡིག་ཤེལ་དཀར་མེ་ལོང་》གི་རྩོམ་བྱང་དངོས་ལ་《གངས་རི་ཆེན་པོ་ཏི་སེ་དང་མཚོ་ཆེན་མ་དྲོས་པ་བཅས་ཀྱི་སྔོན་བྱུང་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པའི་རབ་བྱེད་ཤེལ་དཀར་མེ་ལོང་》ཞེས་བྱ་ཞིང་། རྩོམ་པ་པོ་ནི་འབྲི་གུང་གདན་རབས་སོ་བཞི་པ་ཆུང་ཚང་སྐུ་ཕྲེང་དྲུག་པ་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་བློ་གྲོས་འཕྲིན་ལས་རྣམ་པར་རྒྱལ་བའི་སྡེ་(ཆོས་ཀྱི་བློ་གྲོས་)ཡིན།  ཁོང་ནི་ལྷ་སའི་ལྷ་ཀླུའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས། 1871ལོར་འབྲི་གུང་གི་གདན་སར་བཞུགས། རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པའི་མདུན་ནས་རབ་བྱུང་གི་སྡོམ་པ་བཞེས། 1906ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། །
          གཞན་《གནས་ཡིག་ཤེལ་དཀར་མེ་ལོང་》པར་སྐྲུན་བྱས་པའི་གནས་ཚུལ་ནི་མཇུག་བྱང་དུའང་ཅུང་གསལ་པོར་བཀོད་ཡོད་པས་འདིར་མདོ་ཙམ་ངོ་སྤྲོད་ཞུས་ན།  གནས་ཡིག་འདིའི་པར་གྱི་ཕྱི་མོ་ནི་1902ལོར་འབྲི་གུང་ཆོས་སྡེ་ཆེན་པོ་ཐུབ་བསྟན་ཡང་རི་སྒར་ནས་དཔར་དུ་བསྒྲུབས་པ་དང་། གནས་ཡིག་འདི་ལ་ད་ཆ་མཐོང་ཡུལ་དུ་ཡོད་པའི་པར་གཞི་གསུམ་ཡོད་པ་ནི།  བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་བ་(TBRC)རུ་འཁོད་པའི་དབུ་ཅན་ལག་བྲིས་ཤིག་དང་།  1998ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ་པའི་《གནས་ཡིག་ཕྱོགས་བསྒྲིགས་》ཞེས་པ་རུ་འཁོད་ཡོད་ལ། འདི་ནི་བོད་དུ་བྱུང་བའི་ལྕགས་པར་ཐོག་མ་དེ་ཡིན། པར་གྱི་ཕྱི་མོ་རི་སྒར་གྱི་པར་ནི་《འབྲི་གུང་ཆོས་མཛོད་ཆེན་མོ་》རུ་བཞུགས་ལ། གནས་ཡིག་འདི་ནི་ཆོས་ལུགས་དད་མོས་དང་ཆོ་གའི་ཡིག་ཚང་ཙམ་མིན་པར།  དེར་བོད་ཀྱི་ཆོས་ལུགས་དང་ལོ་རྒྱུས། རིག་གནས་བཅས་ཀྱི་ཉམས་ཞིབ་བྱ་བར་ཡིག་ཚང་གི་རིན་ཐང་མངོན་གསལ་ལྡན་པར་སྙམ་མོ། ། 
          གཉིས་པ། ཏི་སེའི་གནས་ཡིག་《ཤེལ་དཀར་མེ་ལོང་》གི་ནང་དོན་སྤྱི་ཁོག་མདོར་བསྡུས།
          གཞུང་དངོས་ཀྱི་མགོ་བརྗོད་དུ་རྩོམ་སྤྱིའི་གྲུབ་ཚུལ་གསལ་པོར་བྲིས་པར་དོན་ཚན་བདུན་དུ་ཕྱེ་སྟེ། ཏི་སེ་དང་མཚོ་མ་ཕམ་གྱི་ཆགས་ཚུལ་དང་ལོ་རྒྱུས་སོགས་རྒྱས་པར་བཀོད་ཡོད་པ་དེ་འདིར་དོན་ཚན་ཆེན་པོ་བཞི་རུ་བསྡུས་ནས་ངོ་སྤྲོད་རགས་ཙམ་བྱ་བ་ལ།
          གཅིག  ཕྱི་སྣོད་ཀྱི་ཆགས་ཚུལ་དང་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཤིང་ཏི་སེར་ངོས་བཟུང་བ་དེ་ཡིན། ཚན་པ་དེར་བོད་བརྒྱུད་ནང་བསྟན་གྱི་འཇིག་རྟེན་ཆགས་ཚུལ་གྱི་ལྟ་བ་ལས་《མདོ་སྡེ་ཕལ་བོ་ཆེ་》ཡི་ལུགས་ལྟར། ལྷོ་འཛམ་བུ་གླིང་གི་ལྟེ་བ་ནི་ཆུ་བོ་བཞི་འདུས་ཀྱི་མགོ་ཁུངས་རི་བོ་ཆེན་པོ་ཏི་སེ་ཡིན་པ་ནས་འགོ་བཙུགས་ཏེ།  ཏི་སེའི་གནས་འདིར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཚུལ་ངོ་སྤྲོད་གནང་ཡོད་པར་མ་ཟད།  བཀའ་བརྒྱུད་པས་ཏི་སེ་འདི་ནི་《མངོན་པ་མཛོད་》ལས་སངས་རྒྱས་ཀྱི་ལུང་གིས་ཟིན་པའི་རི་བོ་གངས་ཅན་དུ་ངོས་བཟུང་ཡོད་ལ། དེར་ས་སྐྱ་པཎྜི་ཏས་བཀའ་བརྒྱུད་པའི་འདོད་པའི་གངས་མཚོའི་སྡོད་ལུགས་མཛོད་འགྲེལ་སོགས་མདོ་ལུང་ནས་བཤད་པ་དང་འགལ་བའི་ཕྱིར་རོ་ཞེས་བཀག་པ་དང་། ཁོང་གི་རྗེས་སུ་འབྲངས་པ་རྣམས་ཀྱིས་མ་ཕམ་མཚོར་ཆུ་བོ་གང་གཱ་མ་གཏོགས་གཞན་གསུམ་འབབ་ཀྱི་མེད་པར་བཤད། དེར་རྩོམ་པ་པོས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར་ཞེས་པའི་རིགས་པའི་སྒོ་ནས་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་མཐོང་སྣང་མི་འདྲ་བ་དང་།  ཏི་སེ་དང་མ་ཕམ་གྱི་བཀོད་པ་རྒྱས་པར་བཀོད་དེ། རི་ཆུའི་ཆགས་དབྱིབས་ལས་ཏི་སེ་ནི་རི་བོ་གངས་ཅན་བྱ་བ་དང་མ་ཕམ་ནི་མ་དྲོས་ཡིན་པར་བསྒྲུབས་ཡོད།  གཞན་ཡང་བཀའ་བརྒྱུད་བླ་མ་རྣམས་ཀྱིས་ཀྱང་ལུང་རིགས་གཉིས་ཀྱི་སྒོ་ནས་མཛད་པའི་དགག་རྩོམ་འགའ་ཡང་དྲངས་ཡོད་པ་ནི།  ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་ཀྱི་གྲགས་པའི་(1453-1524)《སྤྲིངས་ཡིག་མཁས་པའི་རྣ་རྒྱན་》③དང་། འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པའི་(1594-1659)《རྒོལ་ངན་འཇོམས་པའི་ལེགས་བཤད་ལུང་རིགས་སྨྲ་བའི་མགུལ་རྒྱན》དཔའ་་འབྲུག་པ་ངག་དབང་སངས་རྒྱས་རྡོ་རྗེའི་(1569-1645)《གནས་གསུམ་གསལ་བྱེད་ལེགས་བཤད་ནོར་བུའི་མེ་ལོང་》བཅས་ཡིན།
          གཉིས། གངས་ཏི་སེ་དྭགས་པོ་བཀའ་བརྒྱུད་པའི་སྒྲུབ་གནས་སུ་ཐོག་མར་གྱུར་ཚུལ་དང་འབྲི་གུང་པས་བདག་གིར་མཛད་ནས་བསྟན་དགོན་བསྐྱངས་ཤིང་རི་པ་བཏང་བའི་ལོ་རྒྱུས་ཡིན། དེར་བཀའ་བརྒྱུད་པའི་གྲུབ་མཐའི་བྱུང་བ་མདོ་ཙམ་བརྗོད་ཡོད་པ་དང་། དེ་ལས་མི་ལ་རས་པ་ནི་བཀའ་བརྒྱུད་བླ་མ་རིམ་བྱོན་ཁྲོད་དུ་ཏི་སེར་སྒྲུབ་པ་མཛད་པའི་ཐོག་མ་ཡིན་པ་དང་།  དེ་ནས་བཟུང་གནས་བདག་བཀའ་བརྒྱུད་པས་མཛད་པ་སྟེ། གླིང་རས་པའི་སློབ་མ་འབྲུག་པ་རྒྱ་རས་པ་ཡེ་ཤེས་རྡོ་རྗེས་(1169-1193)བླ་མའི་བཀའ་བཞིན་ཏི་སེར་ཕེབས་ཤིང་གནས་བསྟོད་གསུངས་པ་དང་སྒྲུབ་གནས་ཕལ་ཆེ་བར་མཇལ།  དེའི་དངོས་སློབ་རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེ་(1181/ 1182-1258)ཏི་སེར་ཕེབས་ནས་སྐོར་ལམ་བཏོད། ཁོང་གི་དངོས་སློབ་གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔའ་་ཕེབས་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་འབྲུག་པ་བཀའ་བརྒྱུད་ཀྱི་སྒྲུབ་བརྒྱུད་རྒྱུན་མ་ཆད་པར་བྱོན་པར་གསུངས་ཡོད།  གཞན་འབྲི་གུང་པའི་སྒྲུབ་བརྒྱུད་ཏི་སེར་དར་ཞིང་རྒྱས་པ་བྱུང་བ་ནི་འབྲི་གུང་འཇིག་རྟེན་མགོན་པོ་རིན་ཆེན་དཔའ་④གྱི་མཛད་འཕྲིན་ལས་མ་འདས་ལ།  གནས་ཡིག་འདིར་ཡང་ཁོང་གི་སྐྱེས་རབས་རྣམ་ཐར་མདོར་བསྡུས་ཤིག་ངོ་སྤྲད་པ་བརྒྱུད། འབྲི་གུང་མཐིལ་གྱི་གདན་ས་ནས་རི་པ་གཏོས་ཆེ་བ་ལན་གསུམ་བཏང་བའི་ལོ་རྒྱུས་རྒྱས་པར་ཡོད་པ་རེའུ་མིག་ཏུ་བཀོད་ན།
འབྲི་གུང་པའི་རི་པ་གཏོས་ཆེ་བ་ལན་གསུམ་བཏང་བའི་རེའུ་མིག –1

          འདིར་རི་པ་ལན་གསུམ་བཏང་བར་འབྲི་གུང་འཇིག་རྟེན་མགོན་པོ་ཉིད་ཀྱི་དངོས་སློབ་དག་ལས་མཁས་པའི་གྲུབ་པ་ཐོབ་པ་རྡོར་འཛིན་དག་གིས་དབུ་འཛིན་གནང་ཡོད། གཞན་མངའ་རིས་སུ་རི་པ་འབོར་ཆེན་བཏང་བའི་བརྒྱུད་རིམ་ཁྲོད་དུ་མངའ་རིས་ཁུལ་དུ་འབྲི་གུང་པའི་རྡོར་འཛིན་མིང་དུ་གྲགས་པ་མང་པོ་བྱུང་ཡོད་པར་མ་ཟད།  མངའ་རིས་པ་དང་མཆོད་ཡོན་གྱི་འབྲེལ་བ་ཡང་རྒྱ་ཆེན་པོ་ཆགས་ཡོད་པ་རེའུ་མིག་གི་རྣམ་པས་མཚོན་པ་གཤམ་གསལ།
ཏི་སེའི་འབྲི་གུང་རྡོར་འཛིན་རིམ་བྱོན་དང་མངའ་རིས་ཀྱི་མཆོད་ཡོན། –2
          གོང་གི་རེའུ་མིག་ལས་གསལ་བ་ལྟར།  གནས་ཡིག་འདིར་འབྲི་གུང་གི་རྡོར་འཛིན་རིམ་བྱོན་དང་འཁོར་གྱི་རི་པ་བཅས་སྟོད་མངའ་རིས་ཀྱི་ཏི་སེ་དང་མ་ཕམ་ལ་སྒྲུབ་པ་ཉམས་ལེན་གྱི་མཛད་འཕྲིན་བསྐྱངས་པའི་ལོ་རྒྱུས་རྒྱས་པར་བཀོད་ཡོད།
          གསུམ། ཏི་སེ་གནས་ཀྱི་ངོ་མཚར་ཆེ་བ་དང་ཕན་ཡོན་ཡིན་ལ།  དེར་ཏི་སེར་གང་ཟག་གི་རྒྱུད་མཐོ་དམའ་ལྟར་མཐོང་སྣང་མི་འདྲ་བ་བཞི་ཡོད་ཚུལ་དང་། ཏི་སེའི་སྐོར་ལམ་དང་དེར་ཡོད་པའི་འབྲི་གུང་གི་སྒྲུབ་ཕུག་དག་ངོ་སྤྲོད་བྱས་པར། གྷུ་ཡ་སྒང་ནས་འགོ་བཙུགས་ཏེ་ས་ཚིགས་43ལ་བགོས་ནས་འབྲི་གུང་དང་འབྲེལ་བའི་ས་ཚིགས་ཀྱི་གནས་15དང་སྐོར་ལམ་གྱི་ཡོངས་གྲགས་སུ་ཡོད་པའི་གནས་ཁྱད་པར་ཅན་དག་རྒྱས་པར་བཀོད་ཡོད།  མཇུག་ཏུ་གནས་ཀྱི་ཕན་ཡོན་དང་སྐོར་ཚད་བཅས་བཀོད་ཡོད་དོ། །
          བཞི།  མཚོ་མ་ཕམ་གྱི་མིང་གི་འབྱུང་ཁུངས་ནི་མཚོ་རང་གི་རང་བྱུང་གི་ཁྱད་ཆོས་དང་རིག་བྱེད་གཏམ་རྒྱུད་ཅིག་ལ་སྦྱར་ནས་བཤད་པ་དང་།  མཚོའི་ཆེ་ཆུང་གི་ཚད་སོགས་གནས་ཚུལ་དང་སྣང་ཚུལ་གཉིས་སུ་ཡོད་པར་བཤད་ལ། མ་ཕམ་མཚོ་ཡི་ལོ་རྒྱུས་བཀོད་པར་ཞར་བྱུང་དུ་མཚོ་ཡི་མཐའ་འཁོར་གྱི་དགོན་པ་8ཀྱི་ལོ་རྒྱུས་བྱུང་འཕེལ་དང་། འདེབས་པ་པོ།  ཆོས་བརྒྱུད།  ད་ལྟའི་གནས་ཚུལ་བཅས་བཀོད་པ་དག་རེའུ་མིག་གིས་མཚོན་ན་འདི་ལྟ་སྟེ།
མཚོ་མ་ཕམ་མཐའ་འཁོར་གྱི་དགོན་པ་བརྒྱད། –3

          དགོན་པ་མང་ཆེ་བ་ནི་སྔོན་གངས་མཚོར་སྒྲུབ་སྦྱོང་དུ་སོང་བའི་བཀའ་བརྒྱུད་པའི་རྡོར་འཛིན་རྣམས་གཙོ་བྱས་པའི་གྲུབ་མཐའ་སོ་སོའི་གྲུབ་ཐོབ་པ་རྣམས་ཀྱི་སྒྲུབ་ཕུག་ཤ་སྟག་ཡིན་པ་དང་།  རྗེས་སུ་སྒྲུབ་སྡེ་དག་བཙུགས་ནས་སོ་སོའི་སྒྲུབ་བརྒྱུད་བསྐྱངས་ཡོད།
          མཐར་རྩོམ་གྱི་མཇུག་བྱང་དུ་གནས་ཡིག་དེ་བརྩམས་པའི་དུས་དང་ཡུལ། རྩོམ་གྱི་ཁུངས་ལུང་བཅས་བཀོད་ཡོད་པར་མ་ཟད།  རྩོམ་གྱི་མཇུག་བསྡུ་བའམ་རྫོགས་བྱང་གི་ཚུལ་དུ་ཏི་སེ་དང་མ་ཕམ།   པྲེ་ཏ་པུ་རི་བཅས་ཀྱི་གསོལ་འདེབས་བསྡུས་པ་ཞིག་ཀྱང་བཀོད་ཡོད།
          གསུམ་པ། མངའ་རིས་ཕྱོགས་སུ་འབྲི་གུང་གི་བསྟན་པ་དར་སྤེལ་དང་ཉམས་རྒུད་བྱུང་ཚུལ།
          ཏི་སེའི་《གནས་ཡིག་ཤེལ་དཀར་མེ་ལོང་》གི་གཞུང་དངོས་ཀྱི་ལེའུ་བཞི་པ་དང་ལྔ་པར།  འབྲི་གུང་གཙོ་བྱས་པའི་བཀའ་བརྒྱུད་པའི་བསྟན་པ་དེ་གངས་ཏི་སེ་དང་མཚོ་མ་ཕམ་གྱི་མཐའ་འཁོར་དང་།  ལ་དྭགས་དང་ཡ་ཙེ་སོགས་ལ་དར་བ་ནས་རྒུད་པའི་བར་གྱི་ལོ་རྒྱུས་བསྡུས་པར་བཀོད་ཡོད་ལ།  དེ་ནི་བཀའ་བརྒྱུད་པའི་ཆོས་འབྱུང་ལོ་རྒྱུས་ལ་ཞིབ་འཇུག་གི་ཡིག་ཚང་རིན་ཐང་ཆེ་བར་མ་ཟད།  ཁྱད་པར་དུ་དུས་རབས་བཅུ་གཉིས་པ་དང་བཅུ་གསུམ་པའི་སྐབས་ཀྱི་འབྲི་གུང་བཀའ་བརྒྱུད་པའི་ཆོས་སྲིད་གཉིས་ཀྱི་ལོ་རྒྱུས་ལ་ཁ་སྐོང་གི་དོན་སྙིང་ལྡན་པར་སྣང་སྟེ།  སྤྱིར་བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཁྲོད་དུ་བཀའ་བརྒྱུད་རང་གི་ཆོས་འབྱུང་དང་གདན་རབས་དང་རྣམ་ཐར་སོགས་ལས་གཞན། དཔའ་བོ་གཙུག་ལག་ཕྲེང་བའི་(1503-1565)《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་བཀའ་བརྒྱུད་པའི་ལོ་རྒྱུས་ཅུང་རྒྱས་པར་བཀོད་ཡོད་པ་ལས། བོད་ཀྱི་གྲགས་ཆེ་བའི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས་ཆུང་བརྒྱད་དུ་གཏོགས་པའི་འབྲི་གུང་བཀའ་བརྒྱུད་ཀྱི་ལོ་རྒྱུས་ནི་ས་བཅད་མ་སྟོངས་ཙམ་དུ་ཟད།  དེ་བས་འབྲི་གུང་བཀའ་བརྒྱུད་ཀྱི་ལོ་རྒྱུས་དོན་ཆེན་མང་པོ་ཞིག་ཆོས་འབྱུང་དག་ལས་ལོ་རྒྱུས་ཀྱི་མཐོང་སྣེ་ཙམ་ལས་རྒྱས་པར་བཀོད་ཡོད་པ་ཞིག་ཧ་ཅང་དཀོན།  ཡིན་ནའང་།  འདིར་ཏི་སེའི་《གནས་ཡིག་ཤེལ་དཀར་མེ་ལོང་》དུ་བྱུང་བའི་འབྲི་གུང་སྐོར་གྱི་ལོ་རྒྱུས་གཞིར་བཟུང་ཐོག  འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་ཁ་ཤས་དང་སྦྲགས་ནས་དཔྱད་ཚེ། འབྲི་གུང་བཀའ་བརྒྱུད་པའི་བསྟན་པ་གངས་ཏི་སེ་དང་མཚོ་མ་ཕམ་གྱི་མཐའ་འཁོར་དུ་དར་བ་ནས་ཉམས་རྒུད་དུ་སོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་སྐྱ་ཐིག་ཙམ་དབབ་ནུས་པར་འདུག
          《ཤེལ་དཀར་མེ་ལོང་》ལྟར་ན།  དྭགས་པོ་བཀའ་བརྒྱུད་ཀྱིས་བཀའ་བརྒྱུད་བསྟན་པ་ཡུལ་དེར་དར་བའི་སྲོལ་བཏོད་པ་དང་།  དུས་རབས་བཅུ་གཉིས་པ་ནས་བཟུང་། འབྲུག་པ་སྟོད་སྨད་བར་གསུམ་གྱི་མཁས་གྲུབ་འགའ་ཤས་ཀྱིས་འཁོར་རྒྱ་ཆེན་པོ་དང་བཅས་ཏེ་ཏི་སེའི་གནས་སུ་ཕེབས་པར། བར་འབྲུག་བསྟན་པའི་བདག་པོ་གླིང་རས་པ་པད་མ་རྡོ་རྗེའི་(1128-l188)དངོས་སློབ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་(l162-1211)བླ་མའི་བཀའ་ལྟར་ཏི་སེར་བྱོན་པར་མ་ཟད་གནས་བསྟོད་ཀྱི་མགུར་གསུངས་པ་དང་།  ཏི་སེའི་སྒྲུབ་གནས་ཕལ་ཆེ་བར་ཕེབས་ཤིང་བཀའ་བརྒྱུད་ཀྱི་བསྟན་པ་དར་བར་ལམ་སྲོལ་ལེགས་པར་བསྟན།  དེ་རྗེས་ཡང་སྟོད་འབྲུག་བསྟན་པའི་ཤིང་རྟའི་སྲོལ་འབྱེད་རྒོད་ཚང་པ་མགོན་པོ་རྡོ་རྗེ་(1189-1258)ཏི་སེར་བྱོན་ནས། མཚོ་མ་ཕམ་འགྲམ་གྱི་གད་པ་གསེར་གྱི་བྱ་སྐྱིབས་སོགས་སུ་ལོ་བཞི་ལྷག་ལ་སྒྲུབ་པ་མཛད་ཅིང་།  ཏི་སེར་ཆོས་སྐོར་གྱི་སྐོར་ལམ་ཐོག་མར་བཏོད། ད་ལྟའང་ཏི་སེའི་སྐོར་ལམ་དུ་གྲགས་ཆེ་བའི་གནས་ཕྲན་དང་གཏམ་རྒྱུད་མང་པོ་ཞིག་རྒོད་ཚང་པ་དང་འབྲེལ་བ་དམ་ཟབ་ཡོད།⑤ དེ་བས་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་གངས་ཏི་སེ་དང་མཚོ་མ་ཕམ་གྱི་མཐའ་འཁོར་དུ་དར་ཞིང་རྒྱས་པར་གྱུར་པ་དེ་ནི།  དྭགས་པོ་བཀའ་བརྒྱུད་དང་འབྲུག་པ་བཀའ་བརྒྱུད་ཀྱིས་གནས་དེར་ཉམས་ལེན་གྱི་ལུགས་སྲོལ་ལེགས་པར་སྤེལ་བའི་རྨང་གཞིའི་ཐོག་དར་ཁྱབ་དང་འཕེལ་རྒྱས་སུ་བཏང་བ་ཡིན་སྲིད་ལ།  དུས་རབས་བཅུ་གསུམ་པར་ཉམས་རྒུད་དུ་སོང་བ་ཡང་།  འབྲི་གུང་གླིང་ལོག་སོགས་ཆོས་སྲིད་གཉིས་ཀྱི་ཆ་ནས་རྒྱུ་རྐྱེན་ངེས་ཅན་ལྡན་ནོ། །
          སྤྱིར་འབྲི་གུང་བཀའ་བརྒྱུད་ཀྱིས་གངས་ཏི་སེ་དང་མཚོ་མ་ཕམ་གྱི་མཐའ་སྐོར་དུ་བཀའ་བརྒྱུད་པའི་བསྟན་པ་དར་ཞིང་རྒྱས་པར་སྤེལ་བ་ནི་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་རིན་ཆེན་དཔའ་ (l143-1217)⑥ནས་འགོ་བཙུགས་ཡོད་ལ།  དེ་སྔོན་གྱི་བཀའ་བརྒྱུད་པའི་སྒྲུབ་རྒྱུད་དག་གངས་མཚོ་གཉིས་སུ་ཉམས་ལེན་དུ་སོང་བའི་སྐོར་གོང་དུ་གླེངས་ཟིན་ལ། འབྲི་གུང་བཀའ་བརྒྱུད་ཀྱི་ཡན་ལ་གདན་ས་དངོས་ནས་འཆར་གཞི་དང་ལྡན་པའི་སྒོ་ནས་ཏི་སེར་རི་པ་བཏང་བའི་ལོ་རྒྱུས་ཡོད་པ་འབྲེལ་ཡོད་ཀྱི་ཡིག་ཚང་དག་ལས་མ་མཐོང་ངོ་། །འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་མངའ་རིས་ཕྱོགས་སུ་དར་ཞིང་རྒྱས་པ་བྱུང་བ་ནི་བསྟན་པ་སྔ་དར་གྱི་སྐབས་ཡིན་ལ། དེས་ཀྱང་ནང་བསྟན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་དུ་མཛད་རྗེས་མི་དམན་པ་ཞིག་བཞག་ཡོད་པ་མེད་ཡིན།
          གཅིག  འབྲི་གུང་བཀའ་བརྒྱུད་པས་ཏི་སེའི་གནས་སུ་རི་པ་ལན་གསུམ་བཏང་བའི་སྐོར། འབྲི་གུང་འཇིག་རྟེན་མགོན་པོས་1142ལོར་⑦འབྲི་གུང་མཐིལ་དགོན་པ་ཕྱག་བཏབ་པ་དང་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་ཕྱེ། དགེ་འདུན་ཁྲི་ཕྲག་མང་པོ་འཛོམས་ཤིང་དར་རྒྱས་ཆེན་པོ་བྱུང་།  ཏི་སེ་དང་། ཙཱ་རི། ལ་ཕྱི་གསུམ་ལ་རི་པ་གཏོས་ཆེ་བ་ལན་གསུམ་བཏང་བའི་ཆོས་སྤྱོད་ཀྱི་བྱ་གཞག་རྒྱ་ཆེན་པོ་བསྒྲུབས་པ་སྟེ། (རེའུ་མིག–l གསལ།) བསྡོམས་པས་རི་པ་56504ཙམ་བཏང་བར་མ་ཟད།  ལ་ཕྱི་དང་ཙཱ་རི་གཉིས་ལའང་ཁྲི་ལྔ་དང་སྟོང་དྲུག་ལྔ་བརྒྱ་བཅུ་མེད་བཞི་རེ་བཏང་བར་བཤད།⑧ གཏམ་དཔེ་ལའང་རི་ཐམས་ཅད་འབྲི་གུང་གི་རི་པ།  ཐང་ཐམས་ཅད་འབྲི་གུང་ཆོས་པ་ཞེས་སུ་གྲགས་ཡོད།  《རྣམ་ཐར་མེ་ཏོག་མ་》ལས།  “ན་ནིང་དུས་ཀྱི་དེང་སང་ན། ། བུ་ཞབས་ཏོག་ཅན་གྱི་རྣལ་འབྱོར་པ། ། ཉིས་སྟོང་བདུན་བརྒྱ་རི་ལ་སོང་། ། དོ་གཅིག་དུས་ཀྱི་དེང་སང་ན། ། ཁྲི་ཕྲག་བཅུ་གསུམ་ཚོགས་སུ་ཚོགས། །”⑨ཞེས་བྱུང་ཡོད། སྐབས་དེར་རི་པ་བཏང་བ་དང་མཐིལ་གྱི་གདན་སར་དགེ་འདུན་པ་ཁྲི་ཕྲག་མང་པོ་འདུས་པའི་སྐོར་གྱི་ལོ་རྒྱུས་ནི། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་རྒྱས་བསྡུས་གང་རུང་གི་སྒོ་ནས་བཀོད་ཡོད་དེ། དཔེར་ན།  རི་པ་ཐེངས་གཉིས་པའི་དབུ་འཛིན་ནི་《གནས་ཡིག་》ལས་གཉོས་ལྷ་ནང་པ་⑩ཡིན་པར་བཤད་པ་དེ་ནི་《དེབ་ཐེར་དམར་པོ་》⑪རུ་“ཁོང་རྩ་རི་དང་། ཏི་སེ་ལ་བྱོན་ནས་གཟིགས་སྣང་ཁྱད་པར་ཅན་བྱུང་” ⑫ཞེས་བཀོད་ཡོད་ལ། གཞན་ཡང་། 《ལྷོ་རོང་ཆོས་འབྱུང་》⑬དུ། “སྤྱན་སྔ་པ་ཤེས་རབ་འབྱུང་གནས་འབྲི་གུང་གི་ཁྲི་ཐོག་ཏུ་ལོ་ཉི་ཤུ་རྩ་གཅིག་བཞུགས་ནས་ཚོགས་པ་བསྐྱངས། འབྲི་གུང་དུ་ཁྲི་ཚོ་བཅོ་བརྒྱད་ཅེས་པ་དེ་དུས་བྱུང་བར་གདའ” ⑭ཞེས་པ་དང་། 《དེབ་ཐེར་སྔོན་པོ་》རུ།⑮འབྲི་གུང་འཇིག་རྟེན་མགོན་པོ་གངས་ཏི་སེར་ཕེབས་པའི་སྐོར་བཀོད་ཡོད་པར་མ་ཟད། ཁོང་གི་གསུང་ལ། “སླར་ཡང་འབྲི་གུང་ཉིད་དུ་ལོག་སྟེ་དགེ་སློང་གི་དགེ་འདུན་བགྲང་དཀའ་བ་འདུས།  ཟབ་མོའི་གདམས་པས་དེ་ཁོ་ན་ཉིད་རྟོགས་པར་མཛད་པའི་སློབ་མ་མང་པོ་ཨུ་རྒྱན་དང་ཛ་ལན་དྷ་ར་ཚུན་ཆད་དང་རི་བོ་རྩེ་ལྔ་ཡན་ཆོད་ཀྱི་ལུང་སུལ་དང་རི་ཁྲོད་ཐམས་ཅད་དུ་ཁྱབ་པར་མཛད། ཉིན་གཅིག་འདུས་པའི་ཚད་ཀྱང་གཉོས་ཀྱི་བུ་སྟོན་ལ་ཚོགས་པ་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་རྩ་ལྔ་འདུས་” ⑯ཞེས་གསལ་པོར་བཀོད་ཡོད་པ་《གནས་ཡིག་》ཏུ་བཀོད་པ་དང་ངོ་འཕྲོད་པར་མ་ཟད། 《ཆོས་འབྱུང་མཁས་པའི་དགའ་སྟོན་》⑰དུ། ཡང་འཇིག་རྟེན་སྐྱབས་མགོན་གྱིས་གནས་ཆེན་དང་རི་ཕྲན་ཀུན་གྱི་གཞི་བདག་གིས་མཆོད་གཞིས་ཞུས་ཏེ་ཐམས་ཅད་ལ་རི་པ་གནང་ཞེས་པ་དང་གཉོས་ཀྱི་བུར་སྟོན་ལ་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཚོགས་པ་དང་། དགེ་སློང་འབུམ་ཕྲག་ལྷག་པས་ཚུལ་ཤིང་ལེན་པ་བྱུང་⑱ཞེས་གསུངས་པ་སོགས་《གནས་ཡིག་》ཏུ་བཀོད་པ་དང་མཐུན་པར་སྣང་།  དེ་བས་ཏི་སེའི་《གནས་ཡིག་ཤེལ་དཀར་མེ་ལོང་》དུ་བཀོད་པའི་འབྲི་གུང་བཀའ་བརྒྱུད་ཀྱིས་རི་པ་གཏོས་ཆེན་ལན་གསུམ་བཏང་བ་དང་གདན་ས་མཐིལ་གྱི་འདུས་པ་ཁྲི་ཚོ་བཅོ་བརྒྱད་བྱུང་བ་སོགས་ཀྱི་ལོ་རྒྱུས་ནི་བཤད་རྒྱུན་ཙམ་མིན་པར་སྣང་བས།  བོད་བརྒྱུད་ནང་བསྟན་གྱི་བྱུང་འཕེལ་ལོ་རྒྱུས་ཁྲོད་དུ་འབྲི་གུང་གི་རི་པ་ཁྲི་ཕྲག་མང་པོ་གངས་ཏི་སེའི་མཐའ་འཁོར་དུ་སོང་བ་དེ་ནི་ཆོས་ལུགས་དར་སྤེལ་གྱི་བྱ་གཞག་གལ་ཆེན་ཞིག་ཡིན་པ་དང་། སྒོས་སུ་འབྲི་གུང་གི་བསྟན་པ་སྟོད་མངའ་རིས་ཕྱོགས་སུ་དར་ཤིང་རྒྱས་པར་རྨང་གཞི་བརྟན་པོ་བཏིངས་པའོ། །
          གཉིས།  འབྲི་གུང་པ་དང་མངའ་རིས་ཕྱོགས་ཀྱི་རྒྱལ་རྒྱུད་དག་གི་བར་མཆོད་ཡོན་གྱི་འབྲེལ་བ་བྱུང་ཚུལ།  འབྲི་གུང་བཀའ་བརྒྱུད་དང་གངས་ཏི་སེའི་མཐའ་འཁོར་གྱི་རྒྱལ་རྒྱུད་ཁག་གི་བར་ལ་མཆོད་ཡོན་གྱི་འབྲེལ་བ་ཇི་ལྟར་བྱུང་ཚུལ་སྐོར་ནི། ཏི་སེའི་《གནས་ཡིག་ཤེལ་དཀར་མེ་ལོང་》ལྟར་ན།  གདན་ས་མཐིལ་ནས་གྲུབ་པ་མཉེས་པའི་རྡོར་འཛིན་རིམ་པར་ཏི་སེར་བྱོན་ཡོད་པ་(རེའུ་མིག་2པར་གསལ་)ལ། དེ་དག་དང་གངས་ཏི་སེའི་མཐའ་འཁོར་གྱི་རྒྱལ་རྒྱུད་ཕན་ཚུན་དག་གི་བར་ལ་མཆོད་ཡོན་གྱི་འབྲེལ་བ་དམ་པོ་བྱུང་ནས་ལྷ་འབངས་ཕུལ་བ་དང་།  རི་པའི་འཚོ་ཚིས་ལ་སྦྱིན་བདག་མཛད་པ་བཅས་བྱུང་འདུག  རྡོར་འཛིན་གྷུ་ཡ་སྒང་པའི་སྐབས་སུ་གུ་གེ་ཆོས་རྒྱལ་ཁྲི་བཀྲ་ཤིས་ལྡེ་བཙན་དང་། མང་ཡུལ་གྱི་རྒྱལ་པོ་ལྷ་ཆེན་དངོས་གྲུབ་མགོན། པུ་རང་གི་རྒྱལ་པོ་བླ་ཆེན་སྟག་ཚ་ཁྲི་འབར།  གནམ་མགོན་སྡེ་ཡབ་སྲས་སོགས་ཀྱིས་མཆོད་གཞིས་ཕུལ་ཡོད་པ་དང་།  འབྲི་གུང་གླིང་པའམ་སྤྱན་སྔ་ཤེས་རབ་འབྱུང་གནས་ཀྱི་སྐབས་ནི་འབྲི་གུང་བསྟན་པའི་མངའ་ཐང་རྩེར་སོན་པའི་དུས་ཡིན་ཏེ། ཁོང་གིས་པུ་རང་རྒྱལ་པོ་ཇོ་བོ་ཨ་ཏིག་སྨན་ལ་བདེ་མཆོག་གི་དབང་གནང་བའི་དབང་ཡོན་ལ་པུ་རང་གི་ཡུལ་དང་སྒྲུབ་གནས་བདུན་རྒྱང་གྲགས་དགོན་པའི་ལྷ་འབངས་སུ་ཕུལ། པུ་རང་རྒྱལ་རྒྱུད་ཀྱིས་སྤྱན་སྔ་ཤེས་རབ་འབྱུང་གནས་ལ་ཞབས་ཏོག་ཞུས་པའི་སྐོར་《ཡར་ལུང་ཇོ་བོའི་ཆོས་འབྱུང་》དུ།  “ཇོ་བོ་རྣལ་འབྱོར་གྱིས་འབངས་བརྩིགས་སུ་བཟུང་ནས་རྒྱལ་སྲིད་བཟུང་།  སྐུ་མཆེད་འདི་རྣམས་ཀྱིས།  སྤྱིར་བསྟན་པའི་ཞབས་ཏོག་དུ་མ་མཛད་ཅིང་། ཁྱད་པར་དུ་རྗེ་སྤྱན་སྔ་རིན་པོ་སྦྱིན་བདག་གི་རྩ་བ་མཛད།” ⑲ ཅེས་བཀོད་འདུག གཞན་མོན་ཡ་རྩེ་འཛུམ་ལང་གི་རྒྱལ་པོ་མངའ་བདག་གྲགས་པ་ལྡེ་ལ་དབང་ལུང་མན་ངག་གནང་བའི་དབང་ཡོན་རྒྱ་ཆེན་པོ་ཕུལ་བར་མ་ཟད།  ལ་སྟོད་ཐང་ཆུང་ཡན་གྱི་བཀའ་བརྒྱུད་པར་གཏོགས་པའི་སྒོམ་ཆེན་ཚང་མའི་རྩ་བའི་སྦྱིན་བདག་མཛད་པའི་དམ་བཅའ་ཕུལ་བ་སོགས་མཆོད་ཡོན་གྱི་འབྲེལ་བ་དམ་པོ་བྱུང་ལ། 《མཁས་པའི་དགའ་སྟོན་》དུ། “སྤྱན་སྔ་རིན་པོ་ཆེ་ཕྱིས་གནམ་མཚོ་ཏི་སེ་ལ་སོགས་པར་བྱོན་ཞིང་ཐུགས་དམ་གྱི་སྤངས་རྟོགས་ཡོངས་སུ་རྫོགས།  མངའ་རིས་ཡ་ཙེ།  གར་ལོག་ལ་སོགས་པའི་རྒྱལ་བློན་འབངས་བཅས།  པཎྜིཏ་དང་རྣལ་འབྱོར་པ་ལ་སོགས་པ་མཐའ་ཡས་པས་ཞབས་སྤྱི་བོར་བླངས་ཤིང་གུས་པས་མཆོད།” ⑳ ཅེས་གསུངས་ཡོད་པ་སོགས་འགོས་ལོའི་《དེབ་སྔོན་》﹙21﹚དང་ཞལ་མཐུན་པར་འདུག འབྲི་གུང་རྡོར་འཛིན་རིམ་བྱོན་དང་མངའ་རིས་རྒྱལ་རྒྱུད་ཁག་གི་བར་ལ་མཆོད་གཞིས་ཀྱི་འབྲེལ་བ་བརྟན་པོ་བྱུང་ཡོད་ཚུལ་སྐོར་《མཁས་པའི་དགའ་སྟོན་》དུ། “ཡ་ཙེའི་མངའ་བདག་ལས། འཛི་ཐར་སྨལ་དང་ཨ་ནན་སྨལ་གཉིས་ཀྱི་ཕུ་བོས་དངུལ་གྱི་དགྱེས་རྡོར་བཞེངས། ནུ་བོས་རྡོ་རྗེ་གདན་བསོས། འདི་ཡན་འབྲི་ཁུང་པའི་སྦྱིན་བདག་ཡིན།” ﹙22﹚ ཞེས་གསལ་པོར་བཀོད་ཡོད།  གཞན་ཡང་། 《གནས་ཡིག་ཤེལ་དཀར་མེ་ལོང་》དུ་ཏི་སེའི་རི་པའི་ཐུན་མོང་མིན་པའི་སྦྱིན་བདག་ཡིན་པར་བཤད་པའི་མོན་ཡ་རྩེ་འཛུམ་ལང་གི་ཆོས་རྒྱལ་རིམ་བྱོན་དང་རྒྱལ་རྒྱུད་དེའི་ལོ་རྒྱུས་མདོར་བསྡུས་ཤིག་ཀྱང་ཡོད་པ་དེ་ཡང་ལོ་རྒྱུས་ཀྱི་ཁུངས་དང་ལྡན་པར་སྣང་སྟེ། 《ཡར་ལུང་ཇོ་བོའི་ཆོས་འབྱུང》(ཤོག་གྲངས་71ནས་72)དང་།  《རྒྱལ་རབས་གསལ་བའི་མེ་ལོང》(ཤོག་གྲངས་245ནས་246) 《དེབ་ཐེར་དམར་པོ》(ཤོ་ག་གྲངས་43ནས་44) 《ཆོས་འབྱུང་མཁས་པའི་དགའ་སྟོན》(ཤོག་གྲངས་228ནས་229བར་གསལ་ལ། ཡར་ལུང་ཆོས་འབྱུང་ལྟར་བྲིས་ཞེས་བཀོད་འདུག་)བཅས་ལས་བྱུང་བའི་ཡ་ཙེའི་རྒྱལ་རྒྱུད་རིམ་བྱོན་དང་ལོ་རྒྱུས་རགས་རིམ་བཀོད་པ་སོགས་སྤྱིའི་ཆ་ནས་མཐུན་པར་སྣང་ངོ་། །
          གསུམ།  མངའ་རིས་ཕྱོགས་སུ་འབྲི་གུང་གི་དགོན་པ་དང་སྒྲུབ་གནས་བྱུང་ཚུལ།  འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་དུས་སུ་རི་ཐམས་ཅད་འབྲི་གུང་གི་རི་པ་དང་།  ཐང་ཐམས་ཅད་འབྲི་གུང་གི་ཐང་པ་ཞེས་བཤད་སྲོལ་ཡོད་པ་བཞིན།  ཆོས་བརྒྱུད་གནམ་གྱི་སྐར་ཚོགས་ལྟར་དར་ཁྱབ་ཆེན་པོ་བྱུང་བ་ལ་བརྟེན།  མངའ་རིས་ཁུལ་དུ་དགོན་པ་མང་ཆེ་བ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་ཡིན་པར་《གནས་ཡིག་ཤེལ་དཀར་མེ་ལོང་》ལས་རྟོགས་ཐུབ་སྟེ།  འབྲི་གུང་མཐིལ་གྱི་རི་པ་ལན་གསུམ་པའི་དབུ་འཛིན་པ་ལྷུ་ཡ་སྒང་པའམ་རྡོར་འཛིན་བསོད་ནམས་རྒྱ་མཚོའི་﹙23﹚ སྐབས་ནས་བཟུང་གུ་གེ་དང་། མང་ཡུལ།  པུ་རང་བཅས་ཀྱི་རྒྱལ་རྒྱུད་བར་མཆོད་ཡོན་གྱི་འབྲེལ་བ་བྱུང་བ་མ་ཟད། 1217ལོར་གངས་ཏི་སེའི་སྐོར་ལམ་དུ་རྒྱང་གྲགས་དགོན་པ་﹙24﹚ བཏབ།  དེས་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་རྩ་བ་བཙུགས་པ་དང་།  དགོན་པ་དེ་ནི་འབྲི་གུང་རི་པ་སྔ་ཤོས་གཉོས་ལྷ་ནང་པ་དང་སྤྱན་སྔ་ཤེས་རབ་འབྱུང་གནས་ཀྱིས་རི་པ་བསྐྱངས་པའི་ལོ་རྒྱུས་ཡིག་ཆ་དང་།  《གནས་ཡིག་ཤེལ་དཀར་མེ་ལོང་》སོགས་གཞིར་བཟུང་ནས་དཔྱད་ན་འབྲི་གུང་གི་དགོན་པ་ཆེས་སྔ་ཤོས་དེ་ཡིན།
          གཉོས་ལྷ་ནང་པའི་སྐོར་ནི་《དེབ་ཐེར་དམར་པོ་》རུ། རྩ་རི་དང་། ཏི་སེ་ལ་བྱོན་ནས་གཟིགས་སྣང་ཁྱད་པར་ཅན་བྱུང་།  ཆོས་རྗེས་ཚོགས་པ་སྐྱོང་བའི་ཞལ་ཏ་མཛད་ནས་གནས་གང་དགོངས་སུ་ཚོགས་པ་སྐྱོང་བ་ཐོགས་རེ་མཛད། མོན་གྱི་དཔའ་གྲོ་ཅལ་ཁར་ཚོགས་པ་ཐོགས་རེ་བསྐྱངས། བྱང་དུ་ལྷ་ནང་བཏབ་ནས། ལྷ་པ་གཉིས་སྟོང་བརྒྱད་བརྒྱར་གྲགས་པ་དེ་དུས་བྱུང་﹙25﹚ཞེས་པ་དང་། 《དེབ་ཐེར་སྔོན་པོ་》རུ།  ཏི་སེའི་ལྷ་ནང་དུ་སྒྲུབ་པ་མཛད་པས་རྒྱལ་བ་ལྷ་ནང་པར་གྲགས།  ཕྱགས་ཕྱིར་དགེ་འདུན་ཡང་དཔག་མེད་པ་འདུས་ནས་ལྷོ་མོན་དང་དབུས་གཙང་དུ་དགེ་འདུན་གྱི་ཚོགས་པ་བསྐྱངས་བྱུང་བ་﹙26﹚ཞེས་པ་ནི། 《གནས་ཡིག་ཤེལ་དཀར་》དུ་བཀོད་པའི་གཉོས་ལྷ་ནང་པའི་མཛད་རྣམ་དང་མཐུན་པར་འདུག  སྤྱན་སྔ་ཤེས་རབ་འབྱུང་གནས་ཀྱི་རིང་ལ། འབྲི་གུང་དགོན་སྡེ་དང་སྒྲུབ་གནས་ཡང་ཆེས་ཆེར་དར་ཡོད་དེ། རྒྱང་གྲགས་དགོན་པའི་ལྷ་འབངས་སུ་པུ་རང་གི་མངའ་བདག་ཇོ་བོ་ཨ་ཏིག་སྨན་ཁོ་ནས་ཀྱང་པུ་རང་ཡུལ་གྱི་ལྷ་ཁང་དང་སྒྲུབ་གནས་བདུན་﹙27﹚ཕུལ་འདུག་ལ། དེ་དག་ལས་ཁོ་ཆར་ལྷ་ཁང་ནི་གྲགས་ཆེ་ཤོས་ཡིན་ལ།  《ཡར་ལུང་ཆོས་འབྱུང་》﹙28﹚དུ། “གཅུང་ཁོར་རེས་ཀྱང་ཁ་ཆར་གྱི་གཙུག་ལག་ཁང་བཞེངས་”﹙29﹚ཞེས་གསུངས་འདུག  དེ་ལས་གཞན་《ཤེལ་དཀར་མེ་ལོང་》ལྟར་ན། འབྲི་གུང་གླིང་པས་ལྷོ་མོན་ཡུལ་དུ་སླེ་མི་ཏིལ་ཆེན་དགོན་དང་ཀུན་འཛོམ་དགོན་﹙30﹚སོགས་དགོན་པ་མང་པོ་ཕྱག་བཏབ་ནས་སྒྲུབ་གྲྭ་དང་རྒྱུད་གྲྭ་བཅས་ཀྱི་སྡེ་འཛུགས་གནང་མཛད་ཡོད། འབྲི་གུང་གླིང་པ་སྤྱི་ལོ་1219ནས་སྤྱི་ལོ་1225བར་ཏེ་ལོ་བདུན་གྱི་རིང་དུ་སྟོད་མངའ་རིས་ཕྱོགས་སུ་བཞུགས་པའི་རིང་ལ། མཛངས་ཏིལ་ཆེན་དགོན་ཕྱག་བཏབ་པ་དང་།  དགོན་པ་དེ་ནི་སླེ་མི་ཡུལ་ཚོ་གསུམ་གྱི་ཡ་གྱལ་སླེ་མི་མཛངས་ཀྱི་ཡུལ་དུ་ཆགས་ཡོད།  དེང་སང་ཡང་སྔར་གྱི་དགོན་ཤུལ་དང་མཆོད་རྟེན་སོགས་ལ་མཇལ་རྒྱུ་ཡོད་པར་མ་ཟད།  དེའི་ཁུལ་ལ་སྒྲུབ་གྲྭ་ཡང་མང་པོ་ཡོད་ཅེས་ཙོང་ཁ་ཚེ་བརྟན་རྒྱལ་པོས་བྲིས་འདུག
          བཞི།  འབྲི་གུང་གི་བསྟན་པ་མངའ་རིས་ཕྱོགས་སུ་ཉམས་རྒུད་དུ་གྱུར་ཚུལ།  འབྲི་གུང་འཇིག་རྟེན་སྐྱོབ་པ་མགོན་པོ་ནས་འབྲི་གུང་མཐིལ་གྱི་གདན་རབས་བདུན་པ་སྤྱན་སྔ་མཚམས་བཅད་པ་གྲགས་པ་བསོད་ནམས་(1238-1287)ཀྱི་བར་ནི་འབྲི་གུང་པའི་ཆོས་རྒྱུན་དེ་གངས་ཏི་སེ་དང་མཚོ་མ་ཕམ་མཐའ་འཁོར་དུ་དར་བའི་རྩེར་སོན་པའི་སྐབས་ཡིན་ལ།  གདན་རབས་བརྒྱད་པ་གནུབས་ཡེ་ཤེས་རྡོ་རྗེའི་(1223-1293)སྐབས་སུ་ཉམས་རྒུད་ཆེན་པོ་བྱུང་ནས་མངའ་རིས་ཕྱོགས་སུ་འབྲི་གུང་བསྟན་པའི་ཕྱག་རྒྱུན་མ་ཉམས་ཙམ་དུ་ཟད།  ཡིན་ནའང་གདན་རབས་བཅོ་ལྔ་པ་ནས་བཟུང་གདན་རབས་རིམ་བྱོན་གྱིས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་ཕྱག་ལས་གང་མང་མཛད་ཡོད། 
          དེ་ཡང་།  འབྲི་གུང་གླིང་ལོག་ཏུ་གྲགས་པའི་ལོ་རྒྱུས་དོན་རྐྱེན་དེ་ནི་1290ལོར་བྱུང་བ་དང་།  དེ་ནི་འབྲི་གུང་གདན་རབས་དགུ་པ་གནུབས་རྡོ་རྗེ་ཡེ་ཤེས་(31)ཀྱིས་གདན་ས་འཛིན་པའི་སྐབས་དང་ཁེལ་འདུག་ཅིང་། དེའི་སློང་རྐྱེན་ནི་བོད་ཀྱི་ལོ་རྒྱུས་ཁྲོད་དུ་རྒྱུག་ཆེ་བ་《དེབ་ཐེར་དམར་པོའི་》(32)དགོངས་བཞེད་ལྟར།  འབྲི་གུང་གི་གདན་སར་སུ་བསྐོ་མ་མཐུན་པ་ལས་བྱུང་བ་ཡོངས་གྲགས་ཡིན་མོད།  ས་འབྲིའི་འགལ་བ་ནི་གདན་སའི་འཕྲོག་རྩོད་ཙམ་མ་ཡིན་པར། ཆོས་སྲིད་གཉིས་ཕྱོགས་ནས་འགལ་བ་རབ་དང་རིམ་པ་བྱུང་ཡོད་དེ། སྤྱིར་《མཁས་པའི་དགའ་སྟོན་》(33)དང་《ལྷོ་རོང་ཆོས་འབྱུང་》(34)སོགས་ཆོས་འབྱུང་འགའ་རུ་འཇིག་རྟེན་མགོན་པོས་གནུབས་ལ་གདན་ས་མ་བཅོལ་ཞེས་གདམས་པར་གདན་ས་གནུབས་ལ་གཏད་པ་ནས་རྟེན་འབྲེལ་ལ་གནོད་པས་གླིང་ལོག་བྱུང་ཞེས་ཞལ་མཐུན་པར་འདུག་ལ།  ནང་རྐྱེན་དེ་འདྲ་ཡང་ཡོད་སྲིད།  གཞན་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སུ།  འོན་ཀྱང་སྒོམ་པ་གསུམ་བཞིའི་རིང་ས་སྐྱ་པ་དང་མ་མཐུན་པས།(35) ཞེས་དྲངས་ཡོད་པ་ལས།  འབྲི་གུང་གླིང་ལོག་གི་འབྱུང་རྐྱེན་གཞན་ཞིག་གི་མཐོང་སྣེ་ཟིན་ཐུབ་པ་ནི། འབྲི་གུང་གི་སྒོམ་པ་དང་ས་སྐྱའི་བར་གྱི་ཆོས་རྩོད་ཅིག་དང་འབྲེལ་བ་དམ་ཟབ་ཡོད་དེ། 《གནས་ཡིག་ཤེལ་དཀར་མེ་ལོང་》དུའང་ས་སྐྱ་པཎྜི་ཏས་བཀའ་བརྒྱུད་པས་འདོད་པའི་གངས་མཚོའི་སྡོད་ལུགས་མཛོད་འགྲེལ་སོགས་མདོ་ལུང་ནས་བཤད་པ་དང་འགལ་འདུག་པར་དགག་པ་དང་།  དེ་ལས་ཆེས་གནད་འགག་ཏུ་གྱུར་པ་ནི་ས་པཎ་གྱིས་1232ལོར་མཛད་པའི་《ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་སྡོམ་གསུམ་རབ་དབྱེ》ཞེས་བྱ་བ་དེར། བཀའ་བརྒྱུད་སྤྱི་དང་བྱེ་བྲག་འབྲི་གུང་པའི་ལུགས་ཕྱོགས་མ་རིངས་པ་དང་།  དགག་ལན་འགའ་མཛད་ཡོད་པ་སོགས་ཀྱི་རྩོད་པ་དྲག་པོ་བྱུང་ཡོད་པ་དེ་ཡང་ས་འབྲི་འཁྲུག་པའི་རྒྱུ་མཚན་གཞན་ཞིག་ཏུ་ངེས་པར་སྙམ། དེ་བས། དེ་རྗེས་ཀྱི་རྡོར་འཛིན་རིམ་བྱོན་དང་ལྷག་པར་དུ་འབྲི་གུང་གདན་རབས་བཅུ་བཞི་ནས་བཅུ་དྲུག་(36)བར་ཕྱི་ནང་གི་རྒྱུ་རྐྱེན་མང་པོའི་དབང་གིས་མི་ལོ་བདུན་ཅུའི་རིང་དུ་འབྲི་གུང་གི་གདན་སར་བཀའ་བརྒྱུད་ཀྱི་ཆོས་དང་སྒྲུབ་ཚུགས་འཛིན་པ་ཉག་ཕྲ་བ་དང་། དེ་པུ་རང་རྒྱལ་པོ་དང་གློ་བོ་སྨོན་ཐང་རྒྱལ་པོ་བདེ་ལེགས་རྒྱ་མཚོའི་བར་འཁྲུག་པ་བྱུང་ནས།   པུ་རང་ཕམ་པ་དང་པུ་རང་གི་བདག་པོ་གློ་བོས་མཛད་དེ།  གློ་བོའི་ཆོས་རྒྱལ་ཨ་མགོན་བཟང་པོས་ཁོ་ཆར་(འཁོར་ཆགས)ལྷ་ཁང་ངོར་པ་རྡོ་རྗེ་འཆང་ལ་ཕུལ། དེ་ཕྱིན་དཔའ་་ལྡན་ས་སྐྱ་པས་བཟུང་།  གཞན་ཉན་པོ་རི་རྫོང་དང་གད་པ་གསེར་གྱི་བ་སྐྱིབ། རྫུ་འཕྲུལ་ཕུག་བཅས་སུའང་འབྲི་གུང་གི་རི་པ་ཉག་ཕྲ་བར་བརྟེན་འབྲུག་པས་འཛིན་པ་བྱུང་།  
          གདན་རབས་བཅོ་ལྔ་པ་རྒྱལ་དབང་ཀུན་དགའ་རིན་ཆེན་དང་བཅུ་བདུན་པ་ལྡན་མ་ཀུན་དགའ་གྲགས་པའི་(1475-1427)སྐབས་འབྲི་གུང་བསྟན་པ་སླར་གསོ་བྱས་པ་དང་། ཏི་སེར་རི་པ་བཏང་བ།  རྒྱང་གྲགས་དགོན་ཞིག་གསོ།  སྔར་ཤོར་བའི་ཆོས་གཞིས་དག་ལེགས་པར་ཚུར་བླངས།  ཡིན་ནའང་།  འབྲི་གུང་གདན་རབས་ཉེར་གཅིག་པ་ཆོས་ཀྱི་གྲགས་པ་དང་འཕྲིན་ལས་བཟང་པོའི་སྐུ་སྟོད་ལ་གནས་དགོན་སོ་སོར་ཆོས་རྒྱུན་འཛིན་པ་ཙམ་ལས་རི་པ་བཏང་བའི་རྒྱུན་ཆད། མཐར་དགའ་ལྡན་ཕོ་བྲང་སྐབས་སུ། གངས་རི་ནས་ནུབ་དགྲ་བཅོམ་ལྔ་བརྒྱའི་ཞབས་རྗེས་ཚུན། ཤར་ཞབས་རྗེས་བྲག་རྡོ་ནས་ཕ་བོང་གས་པོ་ཚུན།  སྐོར་ལམ་ཡན་གྱི་དར་ཆེན་དར་ཆུང་ཕུ་མདའ་ཚང་མ་སྦྱོར་འཇགས་ཀྱི་བཀའ་གཏན་རྒྱལ་དབང་ལྔ་པ་དང་།  མི་རྗེ་སངས་རྒྱས་རྒྱ་མཚོ། རྒྱལ་པོ་དགའ་ལྡན་ཚེ་དབང་བཅས་ནས་རིམ་པར་བསྩལ་(37)བ་བཅས་གསལ་པོར་བཀོད་པ་ལས་སྐབས་དེའི་འབྲི་གུང་པར་དབང་བའི་གངས་ཏི་སེའི་མཐའ་འཁོར་གྱི་སྒྲུབ་གནས་དག་གསལ་པོ་ཤེས་ཐུབ་བོ །  
          འབྲི་གུང་པའི་བསྟན་པ་གངས་ཏི་སེ་དང་མཚོ་མ་ཕམ་གྱི་མཐའ་འཁོར་དུ་དར་ཞིང་རྒྱས་པ་ནས་ཉམས་རྒུད་དུ་སོང་བའི་ལོ་རྒྱུས་སོགས། 《གནས་ཡིག་ཤེལ་དཀར་མེ་ལོང་》ལས་ལོ་རྒྱུས་ཀྱི་སྐྱ་ཐིག་ཙམ་རྙེད་ཐུབ་པ་བཞིན།  བོད་ཀྱི་ཆོས་འབྱུང་དག་ལས་ཀྱང་རྒྱས་བསྡུས་གང་འཚམ་གྱི་ལོ་རྒྱུས་ཀྱི་ས་བོན་རེ་རྙེད་ཐུབ་པ་ཡིན་ལ། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སུའང་། “འབྲི་གུང་ཐེལ་ཞེས་གངས་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་པའི་གཙུག་ན་མངོན་པར་མཐོ་བ་བྱུང་(38)ཞེས་བསྔགས་པ་བརྗོད་པར་མ་ཟད། ཡང་དེབ་ཐེར་དེར། འབྲི་གུང་བསྟན་པའི་ཉམས་རྒུད་ལའང་། འབྲིང་པོའི་སྲས་ཐོག་ཁ་པ་རིན་ཆེན་སེང་གེ་དང་སྤྱན་སྔ་མཚམས་བཅད་པའི་རྗེས་སུ་གནུབས་གདན་སར་བཞུགས་ཐོག་གླིང་ལོག་ཆེན་པོ་དེ་བྱུང་སྐབས་འདུ་ཁང་ལ་མེ་བརྒྱབ་པས་དགེ་འདུན་ཁྲི་ཚོ་ཙམ་གནམ་གཡང་ནས་མཁའ་ལ་འཕུར་ཟེར། ཞལ་ངོ་ཀོང་པོར་བྲོས། མངའ་ཐང་ཡང་ཅུང་ཟད་བྲི།(39) ཞེས་གསུངས་པ་བཞིན། འབྲི་གུང་གླིང་ལོག་གམ་ས་འབྲིའི་འཁྲུག་པ་ལས་འབྲི་གུང་གི་སྒྲུབ་བརྒྱུད་སྤྱི་དང་ཁྱད་པར་དུ་མངའ་རིས་ཕྱོགས་ནས་ཉམས་རྒུད་དུ་འགྲོ་འགོ་བརྩམས་པར་གསལ་ལོ །
          མཆན་འགྲེལ།
①本文系西北民族基地项目, 项目名称为 “西北民族大学西北民族文献研究“地资助项目” 。
②མཚན་བྱང་རྒྱས་པ་ནི་《གངས་རི་ཆེན་པོ་ཏི་སེ་དང་མཚོ་ཆེན་མ་དྲོས་པ་བཅས་ཀྱི་སྔོན་བྱུང་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པའི་རབ་བྱེད་ཤེལ་དཀར་མེ་ལོང་ཞེས་བྱ་བཞུགས་སོ》[M]ཞེས་བྱ་བ་དེ་ཡིན། དཔྱད་རྩོམ་འདིར་《གནས་ཡིག་ཤེལ་དཀར་མེ་ལོང་》ཞེས་བཀོལ་ཡོད་ལ། བརྗོད་གཞིར་བཟུང་བའི་གནས་ཡིག་དེའི་པར་ནི་TBRC-24122པ་ཡིན། དབུ་ཅན་ལག་བྲས།
③མཛད་བྱང་དངོས་ལ་《རི་བོ་གངས་ཅན་དང་མཚོ་མ་དྲོས་པ་ཆུ་བོ་བཞི་དང་བཅས་པ་གཏན་ལ་དབབ་པ་མཁས་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ》རྩོམ་པ་པོའི་མཚན་ལའང་ཡོངས་གྲགས་སུ་ཞྭ་དམར་བཞི་པ་ཆོས་གྲགས་ཡེ་ཤེས་སུ་འབོད་ལ། གནས་ཡིག་འདི་ནི་1504ལོར་མཛད།
④འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་1179ལོར་འབྲི་གུང་མཐིལ་གྱི་དགོན་པ་བཏབ། དེ་ནས་བཟུང་གདན་ས་དེའི་ཆོས་བརྒྱུད་ནི་ས་མིང་ཆོས་ལ་ཐོགས་པས་འབྲི་གུང་བཀའ་བརྒྱུད་ཅེས་འབོད་དོ། །
⑤མཚན་དངོས་ལ་ཆོས་རྗེ་ཕུན་ཚོགས་རྒྱ་མཚོ་ཞུ། ཏི་སེར་བྱོན་རྗེས་ཐོག་མར་ལྷུ་ཡ་སྒང་གི་བྲག་གསེབ་ཏུ་བཞུགས་པའི་མཚན་ཡང་ཆོས་རྗེ་ལྷུ་ཡ་སྒང་པ་ཞེས་སུ་གྲགས།
⑥པུ་རང་རྒྱལ་པོ་དང་གློ་བོ་སྨོན་ཐང་རྒྱལ་པོ་བདེ་ལེགས་རྒྱ་མཚོ་འཁྲུགས་ནས་པུ་རང་གི་བདག་པོ་གློ་བོས་མཛད་དེ། གློ་བོ་ཆོས་རྒྱལ་ཨ་མགོན་བཟང་པོས་ཁོ་ཆར་ལྷ་ཁང་ངོར་རྡོ་རྗེ་འཆང་ལ་ཕུལ་པས། དེ་ཕྱིན་ས་སྐྱ་བས་བཟུང་། དེ་བཞིན་ཉན་པོ་རི་རྫོང་དང་གད་པ་གསེར་གྱི་བྱ་སྐྱིབ་དང་། རྫུ་འཕྲུལ་ཕུག་བཅས་འབྲུག་པ་བཀའ་བརྒྱུད་ཀྱིས་འཛིན་པ་བྱུང་།
⑦མངའ་རིས་སོག་པོའི་རྒྱལ་པོ་དགའ་ལྡན་ཚེ་དབང་གིས་བཟུང་བར། རྡོར་འཛིན་བཤད་སྒྲུབ་ཀྱིས་གུས་པ་ཧུར་ལེན་བྱས་པས་ཚེ་དབང་གི་གཟིགས་སྐྱོང་ཐོབ། རྒྱལ་དབང་ལྔ་པའི་སྐབས་སུ་གངས་རི་ནས་ནུབ་དགྲ་བཅོམ་ལྔ་བརྒྱའི་ཞབས་རྗེས་ཚུན། ཤར་ཞབས་རྗེས་ནས་བྲག་རྡོ་ནས་ཕ་བོང་གས་པོའི་ཚུན། སྐོར་ལམ་ཡན་གྱི་དར་ཆུང་དར་ཆེན་ཕུ་མདའ་ཚང་མ་སྦྱོར་འཇགས་ཀྱི་བཀའ་གཏན་རིམ་པར་སྩལ།
⑧ཇོ་བོ་རྗེ་ཨ་ཏི་ཤས་མཚོ་སྐོར་སྐབས་ཞག་བདུན་ལ་བཞུགས་མྱོང་བ་དང་། རྒྱལ་བ་རྒོད་ཚང་པས་གནས་སྒོ་ཕྱེས་པ་ནས་གངས་མཚོར་འབྲུག་པའི་བསྟན་པ་དར་བའི་འགོ་ཚུགས་པས་མིང་དེ་ལྟར་དུ་ཐོགས་པར་གྲགས། རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོའི་སྐབས་པུ་རང་བཤད་འཕེལ་གླིང་གི་དགེ་སློང་སྦྱིན་པ་ནོར་བུས་དགོན་པ་བཏབ་པ་ནས་དགེ་ལུགས་པར་གྱུར།
⑨དགྲ་བཅོམ་ལྔ་བརྒྱ་བཞུགས་པའི་བྲག་ཕུག་ཡོད་པར་གྲགས་ལ། འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་(འབྲི་གུང་གླིང་པ)དང་འཁོར་ལྔ་བརྒྱ་ཡུན་རིང་བཞུགས་ཤིང་གནས་འཛིན་འབྲི་གུང་པས་བྱས་ཡོད། རྗེས་སུ་གཙང་སྨྱོན་ཧེ་རུ་ཀས་སྒྲུབ་སྡེ་བཙུགས་ཤིང་གནས་འཛིན་ཡང་འབྲུག་པ་བཀའ་བརྒྱུད་ཀྱིས་བྱས།
⑩ཏི་སེའི་མཐའ་འཁོར་གྱི་ཕྱག་འཚལ་སྒང་དང་འབྲི་རྭ་ཕུག་དང་བྱ་རོག་འགྲོན་ཁང་དང་སྒྲོལ་མ་ལ་བཅས་ཀྱི་གནས་མིང་དང་བྱུང་བ་ནི་རྒྱལ་བ་རྒོད་ཚང་པའི་ཏི་སེའི་སྐོར་ལམ་བཏོད་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་དང་འབྲེལ་ཡོད་པ་དང་། རྒོད་ཚང་པའི་སློབ་མ་བརྟུལ་ཞུགས་རང་དང་མཉམ་པ་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔའ་(1230-1309)གྱིས་ས་རའི་གནས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་པས་འབྲུག་པ་བཀའ་བརྒྱུད་ཀྱི་སྒྲུབ་བརྒྱུད་ཟམ་མ་ཆད་པར་བྱོན་པར་ཆོས་ཀྱི་བློ་གྲོས་ཀྱི་《གནས་ཡིག་ཤེལ་དཀར་མེ་ལོང་》དུ་གསལ།
⑾འཁྲུངས་འདས་ཀྱི་ལོ་ཚིགས་ནི་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཆན་འགྲེལ་གནང་ཡོད་པའི་《དེབ་ཐེར་དམར་པོ་》1981ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་ཤོག་གྲངས་431གི་མཆན་འགྲེལ་534པར་1143ལོ་ནས་1217ལོའི་བར་ཡིན་པར་བཀོད་ཡོད་པ་དེ། 1446ལོར་མཛད་པའི་རྟ་ཚག་ཚེ་དབང་རྒྱལ་གྱི་《ལྷོ་རོང་ཆོས་འབྱུང་》དང་། 1564ལོར་མཛད་པའི་བཅོམ་ལྡན་རིག་པའི་རལ་གྲིའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》གྱི་བཞེད་དགོངས་དང་མཐུན་མོད། 《ཏི་སེའི་གནས་ཡིག་ཤེལ་དཀར་མེ་ལོང་》དུ་1110-1170བར་ཡིན་པར་བཀོད་ཡོད།
⑿དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཆན་འགྲེལ་གནང་ཡོད་པའི་《དེབ་ཐེར་དམར་པོ》[M]  1981ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་ཤོག་གྲངས་431ལ། 1179ལོར་གདན་ས་མཐིལ་བཏབ་པར་བཀོད་ཡོད། འདིར་《ཏི་སེའི་གནས་ཡིག་ཤེལ་དཀར་མེ་ལོང་》གི་ལུགས་ལྟར་བཀོད་ཡོད།
⒀⒁ཆོས་ཀྱི་བློ་གྲོས། 《གནས་ཡིག་ཤེལ་དཀར་མེ་ལོང》TBRC-24122དབུ་ཅན་ལག་བྲིས། ཤོག་ངོས་49b ཤོག་ངོས་47b
⒂ཚལ་པ་ཀུན་དགའ་རྡོ་རྗེ། 《དེབ་ཐེར་དམར་པོ》[M] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཆན་འགྲེལ་བཏབ་པ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་གྲངས་443པའི་མཆན་འགྲེལ་573པར་འཁྲུངས་འདས་ཀྱི་ལོ་ཚིགས་ནི་1164ནས་1224ལོ་ཡིན་པར་བཀོད་ཡོད་པའི་ལོ་ཚིགས་དེ་འགོས་ལོ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ་》ཡི་ཤོག་གྲངས“708ཁྲོད་ཀྱི་བཞེད་པ་དང་མཐུན།
⒃དེ་ནི་1346ལོ་ནས་1363ལོའི་བར་ཚལ་པ་ཀུན་དགའ་རྡོ་རྗེས་(1309-1364)མཛད་པ་ཡིན།
⒄ཚལ་པ་ཀུན་དགའ་རྡོ་རྗེ། 《དེབ་ཐེར་དམར་པོ》[M] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཆན་འགྲེལ་བཏབ་པ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས་125
⒅མཛད་བྱང་གཞན་ལ་《དམ་པའི་ཆོས་ཀྱི་བྱུང་བའི་ལེགས་བཤད་ལྷོ་རོང་ཆོས་འབྱུང་》ངམ་《རྟ་ཚག་ཆོས་འབྱུང་》ཡང་འབོད། མཛད་ལོ་ནི་1446ལོ་ཡིན་པ་མཇུག་བྱང་དུ་གསལ་མོད། མཛད་པ་པོ་རྟ་ཚག་ཚེ་དབང་རྒྱལ་གྱི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ།
⒆རྟ་ཚག་ཚེ་དབང་རྒྱལ། 《ལྷོ་རོང་ཆོས་འབྱུང》[M] ལྷ་ས། བོད་ལྔོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་369ནས་370
⒇དེ་ནི་1446ལོ་ནས་1451ལོར་འགོས་ལོ་གཞོན་ནུ་དཔའ་་གྱིས་མཛད་པ་དང་། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ནི་1392ནས་1481བར་ཡིན།
(21)འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》[M] སྨད་ཆ། ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། ཤོག་ངོས་704
(22)དེ་ནི་1545ལོ་ནས་1564ལོའི་བར་དཔའ་བོ་གཙུག་ལག་ཕྲེང་བས་(1504ནས་1566)མཛད་པ་ཡིན།
(23)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་422
(24)ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་སྡེ། 《ཡར་ལུང་ཇོ་བོའི་ཆོས་འབྱུང》[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987ལོ།  ཤོག་ངོས་75
(25)(27)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་422;228
(26)(31)འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 སྨད་ཆ།[M] ཁྲེང་ཏུའུ།
 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1984ལོ།  ཤོག་ངོས་712;708
(28)འབྲི་གུང་དཀོན་མཆོག་རྒྱ་མཚོ །《འབྲི་གུང་ཆོས་འབྱུང་》[M] 2004ལོར་མི་རིགས་དཔེ་སྐྲུན་ཁང་གི་པར། ཤོག་ངོས་331པར། ཁོང་ནི་གཙང་ཕྱོགས་བོ་དོང་དུ་སྐུ་བལྟམས་པ་དང་། འཇིག་རྟེན་སྐྱོབ་པ་མགོན་པོས་རྡོ་རྗེ་འཛིན་པར་མངའ་གསོལ་ཏེ་རི་པ་ནག་པོ་དང་སྔོན་པོ་སོགས་སྒོམ་ཆེན་ཁྲི་ཕྲག་མང་པོ་དང་བཅས་ཏི་སེར་བརྫངས་པར་བཀོད་ཡོད།
(29)རྒྱང་གྲགས་དགོན་པ་ནི་ལྷུ་ཡ་སྒང་པས་བཏབ་པ་《གནས་ཡིག་ཤེལ་དཀར་》དུ་གསལ་ལ།  འབྲི་གུང་དཀོན་མཆོག་རྒྱ་མཚོའི་《འབྲི་གུང་ཆོས་འབྱུང་》མི་རིགས་དཔེ་སྐྲུན་ཁང་གི་པར། 2004ལོ།  ཤོག་ངོས་332པར་ཡང་《ཤེལ་དཀར་གནས་ཡིག་》གཞིར་བཟུང་ནས་བཀོད་ལ། དགོན་པ་བཏབ་པའི་ལོ་ཚིགས་ནི་1217ལོར་ཡིན་པར་བྲིས་འདུག དེར་ཚད་ལྡན་གྱི་ལུང་ཁུངས་ཅི་ཡང་རྙེད་མ་བྱུང་མོད། འདིར་ལོ་ཚིགས་དེ་སོར་འཇོག་བྱས་ཡོད།
(30)ཚལ་པ་ཀུན་དགའ་རྡོ་རྗེ། 《དེབ་ཐེར་དམར་པོ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ།  ཤོག་ངོས་125
(32)ལྷ་འབངས་བདུན་པོ་ནི་བཀོད་པ་ལྟར་ན་པུ་རང་ཁོ་ཆག་ལྷ་ཁང་དང་།  དམ་པ་རྫོང་། ལག་ཕྲེང་ཐོད་དཀར། མགོན་པ་རོ་མ། འུམ་ལོ་ཤིང་ཕུག  རི་བོ་རྩེ་བརྒྱད། ལི་དུར་བཅས་སོ། །
(33)དེ་ནི་1376ལོར་མངའ་རིས་རྒྱལ་རྒྱུད་ཀྱི་རུས་སུ་འཁྲུངས་པའི་ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་སྡེས་མཛད་དོ། །
(34)ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་སྡེ། 《ཡར་ལུང་ཇོ་བོའི་ཆོས་འབྱུང》[M] ཁྲེང་ཏུའུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་69
(35)《ཤེལ་དཀར་གནས་ཡིག་》ཏུ་ཏིལ་ཀུན་འཛོམས་དགོན་ཡང་སྤྱན་སྔ་པ་ཤེས་རབ་འབྱུང་གནས་ཀྱིས་བཏབ་པར་གསུངས་འདུག་མོད། ཙོང་ཁ་ཚེ་བརྟན་རྒྱལ་པོའི《ཧི་མ་ལ་ཡའི་རི་རྒྱུད་ན་གནས་པའི་གླེ་མིའི་ལོ་རྒྱུས་སྙིང་བསྡུས་》སུ་ཏིལ་ཀུན་འཛོམས་མདོ་སྔགས་ཆོས་གླིང་ནི་འབྲི་གུང་གི་བླ་མ་ཀུན་འཛོམས་ཀྱིས་དུས་རབས་བཅུ་གཉིས་ཡས་མས་སུ་ཕྱག་བཏབ་པའི་དགོན་རྙིང་ཞིག་ཡིན།  དགོན་པའི་མཚན་ཡང་ཕྱག་འདེབས་པ་པོ་དང་ཡུལ་ལ་བརྟེན་ནས་ཏིལ་ཀུན་འཛོམས་མདོ་སྔགས་ཆོས་གླིང་ཞེས་གྲགས་ཅེས་བཀོད་པས་བརྟག་པར་འཚལ་ལོ། །
(36)དེའི་མཚན་ལ་《འབྲི་གུང་ཆོས་འབྱུང་》ཏུ་གནུབས་ཡེ་ཤེས་རྡོ་རྗེ་ཞེས་བྲིས་ཡོད་མོད། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་སྣུབས་སྟོན་རྡོ་རྗེ་ཡེ་ཤེས་དང་། 《ལྷོ་རོང་ཆོས་འབྱུང་》ཏུ་གནུབས་རྡོ་རྗེ་ཡེ་ཤེས་ཞེས་བྲིས་ཡོད་དོ། །
(37)ཚལ་པ་ཀུན་དགའ་རྡོ་རྗེ། 《དེབ་ཐེར་དམར་པོ》[M]  པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས་123
(38)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་425
(39)རྟ་ཚག་ཚེ་དབང་རྒྱལ། 《ལྷོ་རོང་ཆོས་འབྱུང》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་398
(40)(43)རྒྱལ་དབང་ལྔ་པ་ཆེན་ཡོ 《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ།  ཤོག་ངོས་110;110
(41)རིན་ཆེན་དཔལ་བཟང་པོ། (1421-1462)ཆོས་རྗེ་རིན་ཆེན་ཆོས་ཀྱི་རྒྱལ་པོ། (1449-1496)ཆོས་རྗེ་དབང་རིན་ཆེན་ཆོས་ཀྱི་རྒྱལ་པོ།(1448-1504)
(42)ཆོས་ཀྱི་བློ་གྲོས། 《གནས་ཡིག་ཤེལ་དཀར་མེ་ལོང》TBRc-24122དབུ་ཅན་ལག་བྲིས། ཤོག་ངོས་62a-62b
(44)རྒྱལ་དབང་ལྔ་པ་ཆེན་པོ《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས་110
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1