གཙོ་ངོས།>> གནས་མཇལ།>>རི་ཆུའི་རིག་གནས།

ཀརྨ་རྒྱལ་མཚན་ནས་བསྒྲིགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༧ཉིན།

༄༅།།དཀར་མཛེས་གནས་མཆོག་བྲག་རི་གཡུ་མཁར།



ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས།

        དེའང་གནས་མཆོག་ཆེན་པོ་བྲག་རི་གཡུ་མཁར་ཞེས་བྱ་བ་འདི་ཉིད་མདོ་ཁམས་སྨད་ཀྱི་སྐལ་བ་གནས་མཆོག་ཁྱད་པར་དུ་འཕགས་པ་ཡིན་པའི་གནས་འདི་ཡི་བཞུགས་ཚུལ་ལ་དབུས་ཕྱོགས་འདི་ཆོས་འཁོར་གྱི་དབྱིབས་འདྲ་བ་སྟེ། སངས་རྒྱས་མཁའ་འགྲོའི་གནས་ཡིན། ཤར་ཕྱོགས་རྡོ་རྗེ་འདྲ་སྟེ་རྡོ་རྗེ་མཁའ་འགྲོའི་གནས། ལྷོ་ཕྱོགས་རིན་ཆེན་འབར་བ་འདྲ་སྟེ་རིན་ཆེན་མཁའ་འགྲོའི་གནས། ནུབ་ཕྱོགས་པདྨ་དང་འདྲ་སྟེ་པདྨ་མཁའ་འགྲོའི་གནས། བྱང་ཕྱོགས་འདི་རིན་ཆེན་སྣ་ཚོགས་སྤུངས་པ་དང་འདྲ་སྟེ་ལས་ཀྱི་མཁའ་འགྲོའི་གནས། གནས་འདིའི་ཆགས་ལུགས་རྣམ་པ་གསུམ་ཡོད་པས། ཕྱི་ལྟར་ན་ཟངས་མདོག་དཔལ་གྱི་རི་བོ་དང་འདྲ། ནང་ལྟར་ན་ལྷའི་གཞལ་ཡང་ཁང་དང་འདྲ་བ་སྟེ་རིག་འཛིན་མཁའ་འགྲོའི་ཚོགས་རྣམས་འདུས་པའི་རྟགས། གསང་བ་ལྟར་ན་དར་དཀར་ཉག་ཐག་ལ་རིན་ཆེན་ཕྲེང་བ་བརྒྱུས་པ་ལྟར་འདྲ་སྟེ། ཐུགས་རྗེ་བྱིན་རླབས་རྨད་དུ་བྱུང་བ་རྟག་ཏུ་འགྲོ་དོན་མཛད་པའི་རྟགས། གནས་ཆེན་འདི་ལ་མཐོང་ཚུལ་རྣམས་པ་ལྔ་ཡོད་དེ། ཤར་དུ་བལྟས་ན་མི་ཞིག་རྡོ་རྗེ་རབ་ཏུ་གཏམས་པ་དང་། ལྷོ་རུ་བལྟས་ན་རིན་པོ་ཆེ་དུ་མ་སྤུངས་པ་དང་འདྲ། ནུབ་ཏུ་བལྟས་ན་ངོ་མཚར་པདྨ་རྒྱས་པ་དང་འདྲ། བྱང་དུ་བལྟས་ན་དར་དཀར་ཆག་ཆག་བཏབ་པ་དང་འདྲ། དབུས་སུ་བལྟས་ན་མི་ནུབ་རྒྱལ་མཚན་འཛུགས་པ་དང་འདྲ་སྟེ་རིགས་ལྔའི་གནས་ཆེན་ཡིན་པའི་རྟགས། མདོ་སྨད་ཕྱོགས་ཀྱི་ཏྲེ་སྟོད་བྲག་རི་གཡུ་མཁར་ཞེས་པ་འདི་ཉིད་ནི། འཕགས་ཡུལ་རྡོ་རྗེ་གདན། གནས་མཆོག་བྱ་རྒོད་ཕུང་པོ། བོད་ཡུལ་གངས་ཅན་ལྗོངས་རྗེ་བཙུན་ཕྱག་ན་པདྨའི་ཞིང་ཁམས་རིམ་བྱོན་ཕོ་བྲང་ཆེན་པོ་པོ་ཏ་ལ་དང་མཉམ། ཇོ་བོ་ཤཱཀྱ་མུ་ནེ། ར་ས་འཕྲུལ་སྣང་གི་གཙུག་ལག བསམ་ཡས།

རྡོ་ཐོག་ལ་ཡོད་པའི་ཁྱད་མཚར་གྱི་གཟུགས་བརྙན། 

        ཁྲ་འབྲུག །ཡར་ལུང་པདྨ་རྩེགས་པ་གནས་མཆོག་ཆེན་པོ་དེ་རྣམས་དང་དབྱེར་མེད་པ། གནས་ཆེན་འདི་མིག་གིས་མཐོང་ན་ངན་སོང་གསུམ་གྱི་སྐྱེ་སྒོ་གཅོད་པར་ཐེ་ཚོམ་མེད། བསྐོར་བའི་ཚད་ནི་ལྔ་བརྒྱ་དང་དྲུག་ཅུའི་ཚད་ནི་རྒྱས་པ་ཡིན། འབྲིང་སུམ་བརྒྱ་སུམ་ཅུ་ཡིན། བསྡུས་པ་ཉིས་བརྒྱ་ཉི་ཤུ་བསྐོར་ན་མ་ཎྀ་དུང་དང་སྐལ་བ་མཉམ། སྡིག་ཅན་ཤན་པ་ཡིན་ཀྱང་གནས་མཆོག་འདི་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པ་སྙིང་ཁོང་རུས་པའི་དཀྱིལ་ནས་འགྱོད་སེམས་དྲག་པོས་ཀུན་ནས་སློང་སྟེ་གུས་པའི་ཚུལ་གྱིས་བསྐོར་བ་བྱེད་པ་སོགས་ལས་ལ་འབད་བརྩོན་བྱེད་ན་མ་ཎྀ་དུང་དང་སྐལ་བ་མཉམ་མོ། །བསྐོར་བ་འགྲུབ་རྟགས་ནི་མཁའ་འགྲོ་མས་ཟས་སྣ་སྦྱིན་པ་དང་།ཤེལ་དང་དངུལ་དང་རིན་ཆེན་སྣ་ཚོགས་རྙེད་པ་དང་། གོས་དཀར་གྱོན་པ་དང་། ཁ་ལག་འཁྲུ་བ་དང་། མར་མེ་བཟུང་བ་དང་། དར་ལྕོག་བཟུང་བ་སོགས་རྨི་ལམ་རྨིས་ན་འགྲུབ་པའི་རྟགས་ཡིན། དད་པ་ཆེ་ན་བྱིན་རླབས་མྱུར་དུ་འབྱུང་། སེམས་རྩེ་གཅིག་དད་པའི་སྒོ་ནས་བསྐོར་བ་བྱས་ན་འགྲུབ་པའི་རྟགས་ངེས་སོ། །གསོལ་བ་གང་བཏབ་དངོས་གྲུབ་འབད་མེད་འབྱུང་། ཕྱི་མ་ཟངས་མདོག་དཔལ་རིས་ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་ཁང་དུ་སྐྱེ་བར་འགྱུར་རོ། །ཞེས་པ་འདི་ནི་ཤར་ཀཿཐོག་དགོན་གྱི་གཏེར་སྟོན་སྟག་ཤམ་རྡོ་རྗེ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ཀྱིས་དགོངས་པའི་ཀློང་ནས་དཀར་ཆག་རིན་ཆེན་ཕྲེང་བ་འདི་སྤྲེལ་ལོ་སྟག་ཟླ་བའི་ཚེས་བཅུ་བའི་ཉིན་ལེགས་པ་བྲིས་པ་ཡིན་ནོ། །ཞེས་པ་ལས་བསྡུས་ཏེ་བཀོད་པ་ཡིན། དཀར་ཆག་དང་བསང་མཆོད་བཅས་སྤྱི་ལོ་2005ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་ཡོད་པས་རྒྱས་པ་ལྟ་འདོད་མཁན་རྣམས་ཀྱིས་དེར་གཟིགས་གནང་ཞུ། གནས་མཆོག་བྲག་རི་གཡུ་མཁར་ནི་ད་ལྟའི་དཀར་མཛེས་རྫོང་གི་ནུབ་ཕྱོགས་སུ་དཔལ་ལྡན་ས་སྐྱའི་རྒྱུད་འཛིན་གླང་སྣ་དགོན་དང་ཉེ་བ། རོང་བ་ཚ་འདན་ས་ཤང་གི་ཁོངས་སུ་གཏོགས་ལ། དེ་ཡང་སྤྱིར་གནས་འདི་ལ་ནི་ཧོར་རོང་ཚ་དམར་ལེགས་ཕྱོགས་འདིར་བྱོན་མྱོང་པའི་རྒྱུ་མཚན་གྱིས་ཧོར་རོང་བ་ཚ་ཞེས་ཟེར། གང་ལྟར་གནས་འདི་ན་གླིང་དང་ཧོར་གྱི་བསྟན་པ་དར་བའི་ལོ་རྒྱུས་ནི་ནམ་མཁའི་སྐར་ཚོགས་ལྟར་མང་། དཔེར་ན་ཧོར་སེར་ཁག་ལྔ་སྟེ། རྟའུ། བྲག་མགོ །ཏྲེ་བོ། དཀར་མཛེས།སྟོང་སྐོར་ལྔ་ལ་ཟེར་གྱིན་ཡོད། དེ་ལྟར་ན་གནས་འདི་ལ་ཏྲེའམ་སྤྲེ་ཡང་ན་པྲེ་ཧོར་རོང་བ་ཚ་ཞེས་སྔོན་ནས་དེང་བར་གྲགས། དེ་མ་ཟད་ཧོར་སྡེ་ཡོད་པ་ནང་བཞིན་གླིང་སྡེ་ཡང་འདི་ན་ཡོད་པ་ནི། རྟ་ཆུ་ཞེས་པའི་གཙང་ཆུ་ཞིག་ཡོད་ལ་དེའི་མན་ཆད་ལ་གླིང་ཚང་ཤོག་བཞི་ཡང་སྨད་ཤོག་པ། རེ་མགོ་ཤོག་པ། མཁར་སྒང་ཤོག་པ། ནོར་འཛིན་ཤོག་པ་སྟེ་བཞིའོ། །ད་དུང་རོང་བ་ཚ་ན་འདན་མ་ཁག་ཅེས་གྲོང་སྡེ་ཞིག་ཡོད། དེང་མིང་འདི་སྡེ་ཤོག་ལ་བཏགས་ནས་འདན་མ་སྡེ་ཤོག་ཟེར་གྱིན་ཡོད། དེ་ལྟར་ན་གླིང་འདན་མའི་མི་རྒྱུད་རེད་ཟེར་བའང་ཡོད། འཛམ་གླིང་གེ་སར་རྒྱལ་བོའི་ཚེ་རབས་ལས་ཀྱི་རྟ་ཕོ་སྟེ། འདོ་རྗེ་རྐྱང་རྒོད་དེ། རྒྱ་ཡི་ཁ་ཤ་སྨུག་རི་དང་། ཧོར་གྱི་གདོང་ཆེན་ཉ་ཉ།བོད་ཀྱི་པན་ནེ་རི་ཡག་ལ་ཡོད་ཚུལ་འདི་ལྟར་གསུངས་པའི་གཏམ་སྒྲུང་ལས་ས་མིང་ཡང་རྒྱ་སོག་བོད་གསུམ་གྱི་ཤན་སྦྱར་དུ་བཀོད་ནས་མི་རིགས་མཐུན་སྒྲིལ་འགྱུར་མེད་དུ་མཚོནནོ། །
དེ་ལྟར་དཀར་མཛེས་གནས་ཆེན་བྲག་རི་གཡུ་མཁར་གྱི་ཕྱོགས་དང་མཚམས་སུ་གླིང་གེ་སར་རིག་གནས་དང་མཁར་ཤུལ་མང་པོ་ཡོད་པ་ནི་གླིང་གེ་སར་གྱི་མཁར་གྲོང་ཆེན་པོ་དང་མཉམ་དུ་གནས་པར་གྱུར་ཅིག ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1