གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༥ཉིན།

སྨན་གྲོང་ནོར་བུ་སྲི་ཐར་གྱིས་སྲོལ་རྒྱུན་རིག་གནས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱེད་དགོས།


        སྨན་གྲོང་ནོར་བུ་སྲི་ཐར་དང་ཐེངས་དང་པོ་ཐུག་སྐབས། ཁོང་ནི་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་དམའ་རིམ་འཛིན་གྲྭར་ཀུན་བཟང་དབང་མོ་དང་བཀྲ་ཤིས་ལྷ་འཛོམས་ལྕམ་སྲིངགཉིས་ལ་ཐང་ག་འབྲི་སྟངས་སློབ་ཁྲིད་བྱེད་བཞིན་འདུག ཆབ་མདོ་ནས་ཡིན་པའི་ལྕམ་སྲིང་གཉིས་ནི་མིག་སྔར་སྒྱུ་རྩལ་གླིང་ནང་གི་ལོ་ན་ཆུང་ཤོས་ཀྱི་སློབ་མ་ཡིན་པ་རེད།

        སྒྱུ་རྩལ་གླིང་གི་ཕྱོགས་བཞིར་ལྟ་སྐབས། ཉི་འོད་ཤེལ་སྒོ་བརྒྱུད་ནས་དཔེ་དེབ་བརྩེགས་པའི་ཐོག་ཕོག་ཞིང་། བོད་སྤོས་ཀྱི་དྲི་ཞིམ་མེ་ཏོག་གསེབ་ནས་འཐུལ་བས། འདི་ནས་ཧ་ཅང་ཁུ་སིམ་ཞིང་སྐྱིད་སྣང་ལྡན་པ་མངོན།  “འདིར་སློབ་སྦྱོང་བྱེད་པར་ཡོང་མཁན་མང་ཆེ་བ་ནི་ཞིང་འབྲོག་ཁུལ་གྱི་ཕྲུ་གུ་ཡིན་ཞིང་། ཚང་མས་དེ་ནས་ལག་རྩལ་ཞིག་སྦྱངས་སྟེ། མ་འོངས་པར་དེར་བརྟེན་ནས་འཚོ་ཐབས་བྱེད་རྩིས་བྱེད་ཀྱི་ཡོད་པ་རེད།” རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཁབ་རིམ་པའི་སྨན་གསར་ལུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན། བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་འགོ་འཛིན། ཀྲུང་དབྱང་དྲིལ་བསྒྲགས་པུའི་“བཞི་ནང་གི་ཁག་ཅིག”གི་ཤེས་ཡོན་ཅན་བཅས་ཡིན་པའི་སྨན་གྲོང་ནོར་བུ་སྲི་ཐར་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་ཐང་གའི་ལས་རིགས་ནང་གི་གྲུབ་འབྲས་ཐོབ་པའི་མི་སྣ་དང་ལོ་ན་ཆུང་ལ་འཇོན་ཐང་ལྡན་པ་ཞིག་ཡིན།  
        ཡིན་ནའང་། སྨན་གྲོང་ནོར་བུ་སྲི་ཐར་གྱིས་བརྗོད་དོན། ཐོབ་ཐང་འདི་དག་ནི་ཁོང་རང་ཉིད་ལ་མཚོན་ན་ལྗིད་ཏིག་ཏིག་གི་ལས་འགན་ཞིག་ཡིན་པ་དང་། ད་ཆ། ཁོང་གི་རེ་བ་ནི་སྔར་ལས་མང་བའི་ཐང་ག་འབྲི་མཁན་གསོ་སྐྱོང་བྱས་ཏེ། བོད་ཀྱི་ཐང་གའི་ལས་རིགས་ཀྱི་གསར་སྐྱེས་མི་རབས་ལ་གོ་སྐབས་དེ་བས་མང་བ་བརྩོན་ལེན་བྱས་ནས། གནའ་བོའི་སྲོལ་རྒྱུན་ལག་རྩལ་དེས་ཁོང་ཚོའི་མི་ཚེར་འགྱུར་ལྡོག་གཏོང་ཐུབ་པ་བྱ་རྒྱུ་དེ་ཡིན་། 
        “དུས་རིམ་འདིའི་རིང་། སྒྱུ་རྩལ་གླིང་གི་མཐོ་རིམ་འཛིན་གྲྭའི་སློབ་མ་15དང་དགེ་རྒན་5ཡིས་ཀུན་བདེ་གླིང་དགོན་གྱི་ལྡེབས་རིས་ཉམས་གསོ་བྱེད་བཞིན་ཡོད། སློབ་མ་དེ་དག་ཚང་མ་དགེ་ཕྲུག་ནས་ཐོན་ཡོད། སྤྱིའི་ཆ་ནས་བཤད་ན། བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་སློབ་ཐོན་ལག་ཁྱེར་ཡོད་པའི་སློབ་མར།  ཐང་གའི་ལས་རིགས་ཁྲོད་འགྲན་རྩོད་ཀྱི་ལེགས་ཆ་ངེས་ཅན་ལྡན་ཡོད་པས། ལ་ཀ་དེ་བས་ཡག་པོ་རག་པའི་རེ་བའང་ཆེན་པོ་ཡོད་”ཅེས་སྨན་གྲོང་ནོར་བུ་སྲི་ཐར་གྱིས་བཤད།
        གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་དུ་དགེ་ཕྲུག་40ལྷག་ཙམ་ཡོད་ཅིང་། ད་བར་སྒྱུ་རྩལ་གླིང་དེས་ཐང་ག་འབྲི་མཁན་དགེ་ཕྲུག་བརྒྱ་ལྷག་ཙམ་གསོ་སྐྱོང་བྱས་ཡོད།  བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གིས་གསོ་སྐྱོང་དང་སྐུལ་ཁྲིད་བྱས་པའི་ཐང་གའི་ལས་གཉེར་མི་སྣས་ལྗོངས་ཡོངས་ཀྱི་ཐང་གའི་ལས་གཉེར་མི་སྣའི་བསྡོམས་འབོར་གྱི་30%ཟིན་ཞིང། བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཆེད་དངོས་གནས་དྲང་གནས་ཀྱི་ལེགས་སྐྱེས་ཕུལ་ཡོད་ལ། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་ནང་གནས་ཀྱི་སྒུལ་ཤུགས་ཀྱང་བསྣན་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1