གཙོ་ངོས།>> སྐྱེ་ཁམས།>>སྲོག་ཆགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༢ཉིན།

༄༅།།གངས་སྐྱོན་ཁྲོད་ཕྱུགས་ཟོག་ལ་སྲུང་སྐྱོབ་བྱེད་ཐབས།

        ཟླ་བཞི་བ་ནི་མཐོ་སྒང་གི་གནག་ཕྱུགས་ཀྱི་བེའུ་བཙའ་བའི་དུས་སྐབས་ཡིན་ལ། གཙང་གསུམ་འབྱུང་ཡུལ་གྱི་ས་ཆར་མཚོན་ན། ཟླ་ལྔ་བ་ནི་རྩྭ་མགོ་འབུས་པའི་དུས་ཡིན་སྟབས། ཟླ་དྲུག་པའི་ཡར་སྔོན་ནི་ཆེས་འགག་རྩའི་དུས་ཤིག་ཡིན། བར་སྐབས་འདི་ལ། གྲང་ངར་ཆེ་བའི་གངས་སྐྱོན་བྱུང་ན། གནག་ཕྱུགས་ལ་གནོད་འཚེ་ཤིན་ཏུ་ཐེབས་སླ། དེ་བས། གངས་སྐྱོན་མ་བྱུང་སྔོན་ལ། འབྲོག་པ་མང་ཚོགས་ཀྱིས་གཤམ་གསལ་གྱི་ཕྱོགས་བཞི་ནས་ལས་ཀ་ནན་ཏན་བསྒྲུབ་ན། གནོད་འཚེ་དེ་ཉིད་ལས་བརྒལ་ཐུབ་པར་ཕན་པ་འབྱུང་ངེས།

གཅིག ཕྱུགས་ཁང་གི་སྒྲིག་ཆས་ལ་ཞིབ་བཤེར་དང་ཞིག་གསོ་བྱེད་པ།
        ཕྱུགས་ཁང་ཀླད་ཀྱི་ཁ་བ་འཕྱག་པ་དང་། དགོས་པ་ཡོད་ན་ཕྱུགས་ཁང་ཇེ་བརྟན་དུའང་དགོས། ཆུ་ལམ་དང་གློག་སྐུད་སོགས་ལ་ཞིབ་བཤེར་བྱས་ཏེ་ཆུ་ལམ་འགག་པ་དང་གློག་སྐུད་ཆད་པ་ལྟ་བུ་ཡོད་ཚེ། འཕྲལ་མར་གཙང་སེལ་དང་ཉམས་གསོ་བྱེད་དགོས། 
གཉིས། ཕྱུགས་ཁང་གི་འཁྱག་འགོག་དྲོད་སྲུང་གི་བྱ་བ་ལེགས་པོར་བསྒྲུབ་པ།
        བེའུ་ར་ནང་དུ་ཐིག་དམར་གློག་དང་དྲོད་རླངས་འཕྲུལ་ཆས་སོགས་བཞག་ཆོག་ལ། གནག་ཕྱུགས་བྱིངས་ཀྱི་ཁང་བའི་མཐིལ་དུ་རྩྭ་སྐམ་པོ་འདིང་ཐུབ་ན་རབ་ཡིན།
གསུམ། གསོ་སྐྱོང་དང་དོ་དམ་ལ་ཤུགས་སྣོན་བྱེད་པ།
        གཟན་ཆས་ཀྱི་སྡེབ་སྦྱོར་ལ། ནུས་སྟོབས་རྒྱས་པའི་རིགས་ཇེ་མང་དུ་བཏང་ནས་གནག་ཕྱུགས་ཀྱི་ནུས་ཚད་ཟད་གྲོན་ལ་ཁག་ཐེག་བྱས་ཏེ་སྒོ་ཕྱུགས་རང་སྟེང་གི་གྲང་འགོག་ནུས་པ་ཇེ་བཟང་དུ་གཏོང་དགོས། དེ་བཞིན་འཚོ་རྩི་དང་མཉམ་འདུས་རྩབས་བཟོའི་རྫས་ཁ་གཟབ་བྱས་ཚེ། གནག་ཕྱུགས་རང་སྟེང་གི་གྲང་འགོག་ནུས་པ་ཇེ་མཐོར་གཏོང་ནུས་ལ། དེ་ཇེ་མཐོར་ཕྱིན་ན་རིམས་འགོག་ནུས་པའང་ཇེ་ལེགས་སུ་འགྱུར། གཞན་ཡང་གནག་ཕྱུགས་ལ་འཐུང་ཆུ་ཧ་ཅང་འཁྱག་པའི་རིགས་ཐད་ཀར་ལྡུད་མི་རུང་ལ། འཐུང་ཆུ་གཙང་མ་ཡིན་དགོས།
བཞི། གནག་ཕྱུགས་ཀྱི་རིམས་འགོག་དང་རིམས་ནད་ཀྱི་གནས་ཚུལ་བརྟག་དཔྱད་བྱེད་པ།
        སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ་ཤི་ཟིན་པའི་གནག་ཕྱུགས་ཀྱི་བེམ་རོ་གནོད་མེད་གཙང་བཟོ་བྱས་ཏེ་གངས་སྐྱོན་གྱི་སྔ་གཞུག་ཏུ་རིམས་ནད་སོགས་ཀྱི་གནོད་པ་མི་འབྱུང་བ་བྱེད་དགོས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1