གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

བློ་བཟང་བསྟན་འཛིན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༢ཉིན།

༄༅།།ཏུན་ཧོང་ཡིག་རྙིང་OR8212ངོས་ཀྱི་ཟངས་ཀར་ཞེས་པའི་ས་མིང་ལ་དཔྱད་པ།


 བློ་བཟང་བསྟན་འཛིན།
[ནང་དོན་གནད་བསྡུས།] འདིར་ཏུན་ཧོང་ཡིག་རྙིང་OR8212ནང་གི་འབྲོག་རུ་ཟངས་དཀར་ཞེས་པ་དང་རྒྱལ་མོ་ཚ་བ་རོང་ལ་འབྲེལ་བ་ཅི་ཞིག་ཡོད་པ་དང་། སྟོད་མངའ་རིས་སྐོར་གསུམ་གྱི་ཟངས་དཀར་རམ་དེང་སང་རྒྱ་གར་མངའ་འོག་གི་ལ་དྭགས་ཟངས་དཀར་དང་ཡང་སྙིང་བྱུང་འཕེལ་གྱི་འབྲེལ་བ་ཡོད་མེད་དང་ཡོད་ཚུལ་ཇི་འདྲ་ཡིན་པ། དེ་མིན་ཟངས་ཀར་འདི་དུས་ནམ་ཞིག་ལ་ད་གཟོད་རྒྱལ་རོང་དུ་ཆད་པ་དང་། ཟངས་དཀར་ཞེས་པའི་མི་རྒྱུད་ཀྱི་ཁོངས་གང་ཡིན་པ་སོགས་ལ་དཔྱད་པ་བཏང་སྟེ་མདོ་སྨད་ཀྱི་ཟངས་ནི་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལ་དྭགས་ཀྱི་ཟངས་དཀར་ལས་ཆད་པའི་ལྟ་ཚུལ་བཏོན་ཡོད།
[བརྡ་ཆད་གཙོ་བོ།] ཟངས་དཀར། རྒྱལ་རོང་། མངའ་རིས། ཚ་ཁོ། ལ་དྭགས། ཞང་སྟོང་བཙན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256.l
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-04-0068-09
          དང་པོ། ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་ཟངས་ཀར
          《དོན་ཆེན་གནད་བསྡུས་ལོ་ཚིགས་》ཞེས་ཡོངས་སུ་གྲགས་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང་དེ་ནི་དུམ་བུ་གསུམ་གྱིས་གྲུབ་པར་བྱས་ཡོད།  དུམ་བུ་སྔ་མ་གཉིས་ལ་དགེ་ཆོས་ཀྱི་《དེབ་ཐེར་དཀར་པོ་》རུ་ཤོག་དྲིལ་ཀ་བ་ཞེས་རྟགས་བཏབ་ཡོད་ལ།  དེ་གཉིས་ལས་RT.1288ཡི་མ་ཕྱི་ནི་ད་ལྟ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཡོད་ཅིང་།  ཐིག་ཕྲེང་52ཅན་གྱི་བདག་ཉིད་ཅན་སྤྱི་ལོ་650ལོ་ནས་671ལོའི་བར་གྱི་ལོ་21རིང་གི་ལོ་རྒྱུས་བཀོད་པའི་ཤོག་དྲིལ་གྱི་དུམ་བུ་ཞིག་ཡིན།  གཅིག་ཤོས་ཏེ་དབྱིན་ཇིའི་དཔེ་མཛོད་ཁང་དུ་ཉར་བའི་Tib J 750ནི་སྤྱི་ལོ་672ལོ་ནས་748ལོའི་བར་གྱི་ལོ་76རིང་གི་ལོ་རྒྱུས་བཀོད་པའི་ཐིག་ཕྲེང་255ཅན་གྱི་ཤོག་དྲིལ་ཞིག་ཡིན།  དཔྱད་རྩོམ་འདིའི་དཔྱད་གཞི་ནི་《དོན་ཆེན་གནད་བསྡུས་ལོ་ཚིགས་》ཀྱི་དུམ་བུ་གསུམ་པ་སྟེ་OR8212ཡིན།  ཡིག་དྲིལ་གྱི་དུམ་བུ་འདི་ནི་དབྱིན་ཇིའི་བཤམ་སྟོན་ཁང་གིས་བདག་སྤྲོད་བྱས་ཡོད་ལ།  དེར་སྤྱི་ལོ་743ལོ་ནས་747ལོའི་བར་གྱི་ལོ་5དང་། 755ལོ་ནས་764ལོའི་བར་གྱི་དོན་ཆེན་བྲིས་ཡོད་ཀྱང་།  748ལོ་ནས་755ལོའི་བར་གྱི་ལོ་7རིང་གི་ལོ་རྒྱུས་བྲིས་མེད།
          OR8212ནི་ཐིག་ཕྲེང་93གྱིས་གྲུབ་ཡོད་ལ།  ཐིག་ཕྲེང་74པར་ཞང་སྟོང་རྩན་གྱིས་ཟོང་ཅུ་དང་། ཟངས་ཀར་གཉིས་ཕབ་པར་ལོ་ཅིག་①ཅེས་བཀོད་ཡོད།  དེ་བཞིན་དུ་སྐབས་འདིར་བྱུང་བའི་ཟངས་དཀར་ཞེས་པའི་ས་མིང་གི་སྐོར་ལ་ཐོག་མར་བརྟག་ན།  ཟོང་ཅུ་དང་ཟངས་ཀར་ཞེས་པ་འདི་གཉིས་ཕབ་པའི་དུས་ཚོད་ནི་བོད་བཙན་པོའི་རྒྱལ་རབས་སྟོབས་འབྱོར་གྱི་མངའ་ཐང་ཆེས་ཆེར་རྒྱས་པའི་སྐབས་ཏེ། བློན་སྟག་སྒྲ་དང་ཞང་སྟོང་རྩན། ཞང་བཙན་ལ་སོགས་པས་ཐང་གི་རྒྱལ་ས་ཀེང་ཤྀ་(ཁྲང་ཨན)ལ་དམག་དྲངས་ནས་ཕབ་པའི་སྔ་ལོ་སྟེ་གླང་གི་ལོར་བབ་པའི་སྤྱི་ལོ་761ལོ་ཡིན། འོ་ན་ཟངས་ཀར་ཞེས་པའི་ས་འདི་གང་ཡིན་ཞེ་ན།  སྤྱིར་ཟངས་དཀར་ཞེས་པ་སྟོད་མངའ་རིས་ཀྱི་ཟངས་དཀར་ཡིན་ནམ་སྙམ་སྲིད་ཀྱང་།② འདིར་ཟོང་ཅུ་དང་དཀྱུས་གཅིག་ཏུ་ཕབ་པར་བརྗོད་ཡོད་པས།  ཟོང་ཅུ་ནི་དེང་སང་ཡང་མིང་མ་འགྱུར་བར་ཡོད་པའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་སུང་ཕན་རྫོང་ཡིན་ལ།  ཟོང་ཅུ་ནི་མདོ་སྨད་ལྷོ་རྒྱུད་དང་རྒྱལ་རོང་གི་ཤར་མཐའ་ཙམ་དུ་ཡོད་པས།  བློན་པོ་ཞང་སྟོང་རྩན་གཅིག་པུས་ལོ་གཅིག་གི་དུས་ཡུན་དུ་དམག་དྲངས་ཏེ་ནུབ་མཐའི་མངའ་རིས་ནས་ཤར་མཐའི་རྒྱལ་རོང་བར་མདུང་སྣེ་གཅིག་གིས་དབབ་དགོས་ན་ཧ་ཅང་བྱ་དཀའ་བའི་གནས་སུ་གྱུར་ཡོད་པར་བརྟེན། ཟངས་ཀར་ནི་ཟོང་ཆུའི་ཁོངས་ཀྱི་དམུ་དགེ་དང་མདའ་འབྲེལ་བའི་སོ་མང་རྒྱལ་པོའི་འབྲོག་སྡེ་ཟངས་དཀར་ཞེས་དེང་གི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་ཁོངས་སུ་ཡོད་པ་དེ་ཡིན་དགོས།  གཞན་ཡང་ཟངས་དཀར་གྱི་མིང་གི་སྐོར་ལ་ཡིག་རྙིང་དུ་ད་འཕུལ་མེད་པའི་ཟངས་ཀར་ཡིན་ལ་རྒྱལ་རོང་གི་ཡིག་ཚང་ཁག་ཏུ་ཟངས་སྐར་ཞེས་འབྱུང་། ཡིན་ཡང་ཕྱིས་ཀྱི་དེབ་ཐེར་དང་རྣམ་ཐར་དུ་ཟངས་དཀར་ཞེས་འབོད་ཅིང་ད་ལྟ་ཡང་དེ་ག་རང་བེད་སྤྱོད་གཏོང་བཞིན་ཡོད།
          གཉིས་པ། རྒྱལ་མོ་ཚ་བ་རོང་དང་འབྲོག་རུ་ཟངས་དཀར།
          ས་འདིའི་མིང་གསལ་པོར་འཁོད་པའི་སྔ་རབས་ཀྱི་གསུང་དཔེ་གང་དག་ཡོད་པ་མདོར་བསྡུས་སུ་སྨྲས་ན།《མདོ་སྨད་ཆོས་འབྱུང་》དུ་འབྲོག་རུ་ཟངས་དཀར་ཞེས་སོ་མང་རྒྱལ་པོའི་འབྲོག་སྡེ་ཡིན་པར་བཀོད་ཡོད་ལ། དུས་རབས་བཅོ་བརྒྱད་པའི་སྐབས་སུ་ཀུན་མཁྱེན་འཇིགས་མེད་དབང་པོ་དང་གུང་ཐང་བསྟན་པའི་སྒྲོན་མེ་གཉིས་སྔ་ཕྱིར་རྒྱ་ལ་རོང་གི་ས་ཆར་ཕྱག་ཕེབས་དུས་ས་འདི་བརྒྱུད་པ་ནི་ཁོང་གཉིས་ཀྱི་རྣམ་ཐར་དུ་གསལ།  དེ་མིན་ཀུན་མཁྱེན་སྐུ་ཕྲེང་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་དངོས་སློབ་ཚ་ཁོ་རྒྱ་རིས་ཞེས་པ་ཡུལ་ཟངས་དཀར་འདིར་སྐྱེས་པར་མངོན།
          སོ་མང་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་གསེས་དང་།  ཁྱད་པར་དུ་བསྟན་པའི་ལྕགས་རི་ཚ་བ་ཁག་གསུམ་སྟེ་གཟི་འགག་དང་མཆོག་རྩེ།  སོ་མང་བཅས་ཀྱི་གྲས་ཡིན།  གནའ་དུས་སུ་སོ་མང་དང་བཅས་པའི་རྒྱལ་རོང་ཤོད་ཆེན་བཅོ་བརྒྱད་འདིར་ཞང་ཞུང་ཁྲི་ཝེར་རྒྱལ་པོའི་སྐབས་སུ་ཏ་རོག་ཡུལ་ནས་ཡོང་བའི་ལུག་ཝེར་གྱེར་གྱི་རྒྱལ་པོ་ཉི་ཤེར་འོད་ཀྱི་བྱ་རུ་ཅན་དང་བདུད་འདུལ་དཔལ་གྱི་རྒྱལ་པོ་ཟླ་ཤེར་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་རྒྱུད་པ་དག་གིས་དབང་མཛད་པར་གྲགས་ལ།  དུས་རབས་བརྒྱད་པར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་བློན་པོ་ཁོ་འཕན་ཚེ་དབང་མགོན་པོ་དང་།  རབ་བརྟན་རྒྱལ་པོའི་གདུང་རྒྱུད་མདོ་མགོན་རྒྱལ་ནག་པོ་གཉིས་རྒྱལ་རོང་ས་ཁུལ་གྱི་སྤྱི་ཁྱབ་དཔོན་དུ་བསྐོས་ནས་འཕན་བཞེར་དང་མདོ་བཞེར་ཞེས་གྲགས།  《རིན་ཆེན་གཏེར་མཛོད་》ལྟར་ན། འཕན་བཞེར་ལ་བུ་མ་བྱུང་བས། མདོ་བཞེར་གྱི་བུ་ཆེ་བ་ལྕགས་མགོན་ཁྲི་དཔོན་འཕན་བཞེར་གྱིས་རྒྱལ་སྲིད་གཏད་ཅེས་གསུངས། དེ་ལྟར་ཚ་ཁོ་རྒྱལ་པོའི་གདུང་རབས་མང་པོ་སོང་རྗེས། དུས་རབས་བཅུ་གཉིས་ཡས་མས་སུ་གདུང་རྒྱུད་ཆད།  དེ་ནས་བློན་འབངས་ཚོས་ཚ་ཁོ་རྒྱལ་པོར་སྤུ་རྒྱལ་བཙན་པོའི་གདུང་རྒྱུད་ཅིག་གདན་འདྲེན་རྒྱུར་ཁ་འཆམས་ཏེ་རྡོ་ཁོག་གི་རྡོའི་ཤུག་ཆེན་གྱི་རྡོའི་སྟག་མོ་ངུར་རྫོང་ནས་གཉའ་ཁྲི་བཙན་པོའི་གདུང་རྒྱུད་མདའ་དར་དཀོན་མཆོག་སྐྱབས་ཞེས་པ་གདན་དྲངས་ཞེས་《ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ་》ན་གསལ། མདའ་དར་དཀོན་མཆོག་སྐྱབས་ལས་རབས་མང་པོ་སོང་རྗེས་རྒྱལ་པོ་སྩ་བན་ཐར་གྱི་སྲས་གསུམ་སྲིད་ལ་མ་འཆམས་པས་ཚ་བ་ཁག་གསུམ་དུ་གྱེས་ཟེར།  ཟངས་དཀར་དང་ཁྲོ་ཆུ། ཁོ་དྲུང་སོགས་ལ་མངའ་མཛད་པའི་སོ་མང་རྒྱལ་རབས་ནི་《རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་》ལྟར་ན། མདའ་དར་དཀོན་མཆོག་སྐྱབས་ནས་ཚེ་མགོན་ལེགས་པ།  སྩ་བན་ཐར་ནས་ནོར་བུ།  དེ་ནས་ཀུན་དགའ་རིན་ཆེན།  དོན་འགྲུབ་བཟང་པོ།  ནང་སོ་སངས་རྒྱས་འབུམ། ནོར་བུ།  སྒྲོལ་མ་མཚོ།  བསྟན་པ། བསོད་ནམས་སྒྲོལ་མ།  པདྨ་བདུད་འདུལ་དབང་དྲག  སྙན་གྲགས་ཀུན་ཁྱབ། ཚེ་མགོན་རིག་འཛིན། བསོད་ནམས་དབང་ཆེན། བདུད་འདུལ་པདྨ་རིག་འཛིན།  དབང་ཆེན།  བསོད་རྒྱས་ཀོའུ། པཎ་ཆེན་ཆོས་ཀྱི་ཉི་མ། རྡོ་རྗེ་དཔལ་བཟང་བཅས་བཅིངས་འགྲོལ་མ་བྱས་པའི་སྔ་རོལ་དུ་གཏུགས།  རྒྱལ་མོ་གཉིས་ཀྱི་སྐབས་སུ་སོ་མང་གི་མངའ་ཐང་ཆེས་ཆེ་བར་དར་ནས་དབལ་ཤུལ་ཁྲོ་ཁོ་མགོ་ལོག་ཚུན་ཆད་ལ་དབང་བསྒྱུར་བར་བཤད་ཀྱང་།  མངའ་ཞབས་འགྱུར་མེད་པར་གནས་པ་ནི་དེང་གི་སི་ཁྲོན་རྔ་བ་ཁུལ་གྱི་ཁྲོ་ཆུ་རྫོང་། འབར་ཁམས་རྫོང་གི་སོ་མང་ཞང་།  རྔ་བ་ཁུལ་ལི་རྫོང་གི་ཁོ་དྲུང་། དེ་མིན་ཧུང་ཡོན་རྫོང་གི་ཟངས་དཀར་སོགས་ཡིན།  ཟངས་དཀར་འདི་ནི་རྒྱལ་རོང་གི་མངའ་ཞབས་ཡིན་ཚུལ་ནི་མདའ་དར་དཀོན་མཆོག་སྐྱབས་རྡོ་ཁོག་ནས་སོ་མང་དུ་གདན་དྲངས་སྐབས་གཤོང་རོང་ལ་མ་གོམས་སྟབས་རོང་མ་འབྲོག་གི་ས་ཆ་ཟངས་དཀར་སྨད་ཀྱི་ས་ལྷ་རྒྱལ་གླིང་དུ་རྒྱལ་ས་བཙུགས་ཞེས་《ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ་》རུ་གསལ།
          མདོར་ན་ཡིག་རྙིང་ལས་ས་མིང་བུད་ཡོད་པ་ལས་གཞན་ཕྱིས་ཀྱི་དུས་རབས་སོ་སོར་ཡང་འབྲེལ་ཡོད་ཀྱི་ཡིག་ཆ་དུ་མར་ཟངས་དཀར་ཞེས་པའི་མིང་དངོས་སུ་མཐོང་རྒྱུ་ཡོད་པས།  ཟངས་དཀར་ཞེས་པའི་རུ་སྡེ་དེ་སྔ་མོ་ཞིག་ནས་མདོ་སྨད་ལྷོ་དང་རྒྱལ་མོ་ཚ་བ་རོང་དུ་གཞིས་ཆགས་ཡོད་ལ་ཕྱིས་སུ་ཡང་མ་ཉམས་པར་གནས་ཤིང་སྡོད་པར་མངོན།
          གསུམ་པ། མངའ་རིས་སྐོར་གསུམ་དང་ཟངས་དཀར།
          སྤྱིར་མངའ་རིས་ལ་མཚོན་ན་སྐྱིད་ལྡེ་ཉི་མ་མགོན་གྱི་བུ་གསུམ་ལས་མཆེད་པའི་ལ་དྭགས་རྒྱལ་རབས་དང་ཟངས་དཀར་རྒྱལ་རབས། སྤུ་རང་རྒྱལ་རབས། དེ་ལས་མཆེད་པའི་ཡ་རྩེ་རྒྱལ་རབས་དང་གུ་གེ་རྒྱལ་རབས་སོགས་ཀྱི་ལོ་རྒྱུས་ལས།③དུས་རབས་བཅུ་པའི་སྔོན་གྱི་ལོ་རྒྱུས་ནི་ཧ་ཅང་དཀོན་པའི་གནས་ཡིན། 《འབེལ་གཏམ་ལུང་སྙིང་》ལས།  “ཕུ་པ་ཁྱུང་ལུང་གི་སྐོར་དང་། བར་པ་དྭངས་ར་རྟ་སྒོའི་སྐོར། ཕྱི་མ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་གི་སྐོར་”ཞེས་གསལ་ཞིང་། བོན་གྱི་མཁས་པ་བསྟན་འཛིན་རྣམ་དག་གིས་བརྩམས་པའི་《ཞང་ཞུང་རྒྱལ་རབས་ལོ་རྒྱུས་》སུ།  “ཕྱི་མ་སྒོ་པ་ཞང་ཞུང་དངོས་ཀྱི་ཡུལ།  ། སྟོད་ན་ཁ་ཆེའི་ཡུལ་མཚམས་སིང་པའི་ཕྱིན།  ། བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང་སྨད། ། སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དང་། ། ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན། །”④ཞེས་པ་སོགས་ལ་བརྟེན་ནས་ས་གནས་སྤྱི་བམ་པ་ཞིག་རིགས་འདེད་ཐུབ་པ་ཙམ་ལས།  《ལ་དྭགས་རྒྱལ་རབས་》སོགས་ན་དེའི་སྔོན་གྱི་ལོ་རྒྱུས་བཀོད་པ་ཧ་ཅང་དཀོན།  ཡིན་ཡང་དབྱི་ཐ་ལིའི་བོད་རིག་པ་བ་Petechཡིས་བརྩམས་པའི་《ལ་དྭགས་རྒྱལ་རབས་》ལྟར་ན།  ལ་དྭགས་ཀྱི་གདོད་མའི་མི་ནི་Dardisཡིན་པ་དང་། དེང་སང་ཡང་ས་དེར་མི་རྒྱུད་དེའི་ལྷག་འཕྲོ་ཡོད་པར་བཤད། མངའ་རིས་ཟངས་དཀར་གྱི་སྐོར་ལ་རྒྱའི་གནས་སྐོར་བ་དག་གིས་ཟིན་རིས་སུ་བཏབ་པའང་ཤིན་ཏུ་ཉུང་།  ཧྥ་ཤན་ལ་དྭགས་ལ་འགྲོ་མ་མྱོང་བ་མ་ཟད་དེའི་མཐའ་ཁུལ་ལ་ཡང་མ་ཐོན་པར་མངོན་ཞིང་།  《ཤཱཀྱའི་གནས་ཡིག》(《释迦方志》)དང་《ཐང་ཡིག》(《唐书》)ན་ཞོན་ཙང་གི་གོ་ཐོས་ལྟར་གུ་ལུ་ཏ་(Kuluta Kula)ནས་ལ་ཧོར་(Lahul)བར་གྱི་ལམ་ཐིག་བཀོད་ཡོད་ལ།  དེའི་འཕྲོར་ཡང་“བྱང་གི་རྒྱངས་གྲགས་གཉིས་ཀྱི་མཚམས་མ་ར་ས་ལ་ཐུག་གི་བར་དུ། ལམ་དོག་རི་གཟར། གངས་ཆེ་རླུང་ལྡང་”ཞེས་བྲིས་ཡོད་པ་མ་ཟད།⑤ འོག་མཆན་དུ་མ་ར་ས་ནི་སམ་སྙོ་ཧི་(三波诃)ཡིན་ཞེས་བྲིས་ཡོད།⑥ ཡི་གེ་འདིའི་གནས་གཞན་ན་ཡང་སུ་ལྷར་ཆིལ་(苏伐刺瞿罗国)ནི་སམ་བྷོ་ཧིའི་ནུབ་དང་འདབས་འབྲེལ་ནས་ཡོད་པར་བཤད་པས།  ང་ཚོའི་སྐབས་འདིའི་མ་ར་ས་ནི་དེང་གི་ཟངས་དཀར་གནས་པའི་ལ་དྭགས་སྤྱིའི་ས་གནས་ཀྱི་ཁྱབ་ཁོངས་ཡིན་པ་ཤེས་ཐུབ།
          Tucciལྟར་ན་དུས་རབས་བདུན་པའི་རྒྱ་གར་བས་མ་ར་ས་ཞེས་པའི་མིང་འདི་ལ་བརྟེན་ནས་ཞང་ཞུང་ངམ་ཡང་ན་མ་མཐའ་ཡང་ཞང་ཞུང་ལྷོ་རྒྱུད་ཀྱི་ས་ཁུལ་དག་ཤེས་ཤིང་རྟོགས་པ་ཡིན་པར་འདོད།⑦ བོན་གྱི་ཡིག་ཚང་དུ་ཞང་ཞུང་སྨར་ཞེས་འབྲི་སྲོལ་ཡོད་ལ། དེ་ནི་《དོན་ཆེན་གནད་བསྡུས་ལོ་ཚིགས་》སུ་ལན་གཉིས་སུ་བྱུང་བའི་སྨྲ་ཞང་ཞུང་ཞེས་པ་དང་གཅིག་མཐུན་དུ་སྣང་།⑧ ཞང་ཞུང་གི་སྐད་ལ་མར་ཞེས་པ་ནི་གསེར་གྱི་དོན་ཡིན་ལ།⑨ དེ་ནི་ཟངས་དཀར་ཞེས་པའམ་ལྕགས་ཀྱི་རིགས་སུ་ངེས་པའི་འབྲེལ་བ་ཡོད་མེད་དང་། མ་ར་ས་ཞེས་པ་དེ་ཞང་ཞུང་སྨར་དང་སྨྲ་ཞང་ཞུང་སོགས་ལ་འབྲེལ་བ་ཡོད་མེད་ནི་ཁ་ཚོན་གཅོད་མི་ཐུབ་ཀྱང་ཞིབ་འཇུག་བྱེད་རིན་ཡོད་པར་འདོད།  ཡང་《དོན་ཆེན་གནད་བསྡུས་ལོ་ཚིགས་》སུ་བྱུང་བའི་མརད་མར་ཞེས་པ་ཡང་金国Suvaranabhumiཞེས་པ་དང་དོན་གཅིག་ཏུ་ངེས།⑩

          སྟོད་མངའ་རིས་སྐོར་ལ། བཙན་པོའི་དུས་སུ་མངའ་རིས་ཀྱི་ས་ཁུལ་ལ་སྟོད་ཅེས་སྨྲ་སྟེ། 《དོན་ཆེན་གནད་བསྡུས་ལོ་ཚིགས་》སུ་སྟོད་ཅེས་པ་ཐེངས་བདུན་བྱུང་ཡོད་ལ་ཚང་མ་ཟངས་ཀར་ཞེས་པའི་ས་མིང་བྱུང་བའི་སྤྱི་ལོ་761ལོའི་ཡས་མས་ཡིན་ཏེ།  སྟོད་ཀྱི་མོན་ནི་701ལོར་ཐོག་མར་བྱུང་ཞིང་757ལོར་ས་དེར་འདུན་མ་བསྡུས།  759ལོར་སྟོད་ཀྱི་མཁོ་ཞེས་པ་བྱུང་། སྟོད་ཀྱི་ལྕང་བུ་ནི་757ལོའི་བཙན་པོའི་བཞུགས་གནས་ཡིན། སྟོད་ཕྱོགས་ཞེས་པ་འདི་དག་གི་སྤྱི་མིང་ཙམ་ཡང་ན་དེ་ལས་ཀྱང་ནུབ་མཐར་ཡོད་པའི་ས་ཞིག་ཡིན་ཀྱང་སྲིད་ལ་དེ་ནི་སྔ་ཕྱིས་སུ་སྤྱི་ལོ་721དང་756ལོ། 760ལོ་བཅས་སུ་བྱུང་།  དེ་བས་འདི་ཡང་ཁོངས་སྣེ་གལ་ཆེན་ཞིག་ཡིན།
          སྟོད་ཅེས་པ་ནི་སྐབས་དེའི་བོད་ཀྱི་ནུབ་མཐའི་སའི་སྤྱི་མིང་དུ་འདོད་དེ།  ལར་བོད་ཀྱི་ཁ་ཕྱོགས་སྟོན་པའི་ཚིག་ལ་བལྟས་ན་སྟོད་ཅེས་པ་ནུབ་དང་སྨད་ཅེས་པས་ཤར་མཚོན་པ་སྟེ།  སྟོད་རྒྱ་གར་སྨད་རྒྱ་ནག སྟོད་མངའ་རིས་སྨད་མདོ་ཁམས།  སྟོད་སོག་སྨད་སོག་སོགས་ལས་རིགས་བསྒྲེ་བར་འོས།  ཡིན་ཡང་སྐོར་གསུམ་དང་བསྐོར་གསུམ་ནི་རྗེས་སུ་བྱུང་བའི་བཏགས་མིང་ཡིན།  སྐོར་གསུམ་ཐེངས་དང་པོར་བྱུང་བ་ནི་《འཁོར་ཆགས་ཇོ་བོའི་དཀར་ཆག་》ཏུ། “སྐྱིད་ལྡེ་ཉི་མ་མགོན་གྱི་བུ་གསུམ་པོ་ལ་དྭགས་དང་།  སྤུ་རང་། ཟངས་དཀར་བཅས་ཡུལ་ལུང་གསུམ་གྱི་རྒྱལ་པོ་གསུམ་ལ་གྱུར་ནས།  ཁོང་གསུམ་གྱི་བདག་དབང་དུ་གྱུར་པའི་ཡུལ་ཁག་གསུམ་པོ་དེར་མངའ་རིས་སྐོར་གསུམ་དུ་འབོད་པའི་ཐ་སྙད་དེ་ཐོག་མར་བྱུང་”ཞེས་གསལ། དེ་ནི་《ལ་དྭགས་རྒྱལ་རབས་》སུ་དྲངས་པ་དང་ཕན་ཚུན་ཤེས་བྱེད་དུ་འགྲོ་སྟེ་དེར་“དེ་ནས་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་གསུམ་ལ་མངའ་རིས་སོ་སོར་གནང་སྟེ། ཆེ་བ་དཔལ་གྱི་མགོན་ལ་མངའ་རིས་མར་ཡུལ། བར་པ་བཀྲ་ཤིས་མགོན་ལ་གུ་གེ་(དང)པུ་ཧྲངས། (ཡ)རྩེ་དང་བཅས་པ་ལ་མངའ་མཛད། ཆུང་བ་ལྡེ་གཙུག་མགོན་ལ། ཟང་(ཟངས)དཀར་སྒོ་གསུམ། སྤི་ཏི། སྤི་ལྕོགས་དང་བཅས་པ་ལ་མངའ་མཛད་”ཅེས་གསལ། འདི་ལ་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་⑪དང་གུ་གེ་བསོད་ནམས་རྒྱལ་པོ་གཉིས་ཀྱིས་ཀྱང་འཐད་ལྡན་དུ་བསྒྲུབས་ཡོད། སྐོར་གསུམ་གྱི་བཤད་སྲོལ་མི་འདྲ་བ་ལ་ཡང་སྤུ་ཧྲེང་དང་མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག ཞང་ཞུང་དང་། ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག  འཆིམ་མམ་ལི་དང་།  བྲུ་ཤ་སྦལ་ཏི་གསུམ་སྐོར་གཅིག་སྟེ་སྐོར་གསུམ་ཡིན་ཞེས་《རྒྱ་བོད་ཚིག་མཛོད་》དུ་གསལ།  ཡིན་ཡང་སྐོར་གསུམ་གྱི་ཐ་སྙད་འདི་སྨད་སིལ་ཆད་ཀྱི་མངའ་རིས་མཚོན་པའི་ཚིག་ཅིག་ཡིན་ན་སྐོར་ཕྱི་མ་འདི་མ་དག་པར་འདུག་སྙམ། གལ་ཏེ་སྐོར་གསུམ་འདི་སིལ་མའི་སྔོན་གྱི་ས་རིས་ཀྱི་དབང་ཚད་ཅིག་ཏུ་ངེས་ན་ནི་དོན་དུ་གནས་མི་གནས་ལ་ཁ་ཚོན་གཅོད་དཀའ་བར་འདོད། བསྐོར་ནི་རྗེས་ཀྱི་དུས་རབས་བཅུ་གཅིག་པར་དང་ཡང་སྒོས་དུས་རབས་བཅུ་བདུན་པར་ལ་དྭགས་དང་དགའ་ལྡན་ཕོ་བྲང་བར་གྱི་དམག་འཁྲུག་བྱུང་རྗེས་རུ་ཐོག་མཚོ་ཡིས་བསྐོར། གུ་གེ་གཡའ་ཡིས་བསྐོར།  སྤུ་ཧྲེང་གངས་ཀྱིས་བསྐོར་ཞེས་པའི་བཤད་སྲོལ་བྱུང་ཡོད། བསྐོར་གསུམ་འདིས་ས་ཁྱོན་ནི་སྔར་གྱི་སྐོར་གསུམ་གྱི་སུམ་ཆ་གཅིག་ལས་མི་ཟིན་ཞིང་། བསྐོར་གསུམ་འདིར་ཟངས་དཀར་སོགས་ཚུད་མེད།⑫དེང་གི་ཟངས་དཀར་ནི་ལ་དྭགས་ཀྱི་ལྷོ་ནུབ་དང་སྤུ་ཧྲེང་གི་ནུབ་བྱང་དུ་ཡོད་ལ་ཤར་ན་ཀྲུང་གོའི་བོད་ལྗོངས་མངའ་རིས་ཀྱི་རི་ཐོག་རྫོང་དང་། ནུབ་ན་པ་གེ་སི་ཐན་ཁོངས་ཀྱི་ཁ་ཤེ་མེར་གྱི་རྒྱལ་ཁམས།  བྱང་ན་ལ་དྭགས་ཀྱི་རྒྱལ་ས་སླེལ།  ལྷོ་ན་གར་ཞུ་དང་སྦི་ཏིའི་ལྗོངས་སོགས་ཡོད།
          བཞི་པ། ཟངས་དཀར་སྟོད་ནས་སྨད་དུ་ཡོང་བའི་ལོ་ཚིགས།
          འོ་ན་མདོ་སྨད་ཀྱི་ཟངས་དཀར་འདི་ཉིད་སྟོད་མངའ་རིས་སྐོར་གསུམ་གྱི་ཟངས་དཀར་ཏེ་དེང་གི་རྒྱ་གར་གྱི་མངའ་འོག་ལ་དྭགས་ཟངས་དཀར་དང་འབྲེལ་བ་ཅི་ཞིག་ཡོད་ཅེ་ན། སྤྱིར་བོད་ཀྱི་ཤར་ལྷོའི་མཐར་ཁེལ་བའི་རྒྱལ་མོ་ཚ་བ་རོང་ནི་ཞང་ཞུང་དང་དབུས་གཙང་སོགས་སྟོད་ཕྱོགས་ནས་ཡོང་བའི་བོད་ཀྱི་མཐའ་མཚམས་སྲུང་བའི་དམག་རུ་ཡིན་པ་ཡོངས་སུ་གྲགས་ན།  རྒྱལ་རོང་གི་མངའ་ཞབས་ཀྱི་ཟངས་དཀར་ཞེས་པའི་རུ་སྡེ་འདི་ཡང་སྟོད་ཕྱོགས་ནས་ཡོང་བའི་དམག་སྡེ་ཞིག་ཡིན་པ་མི་འགལ་བར་མ་ཟད།  རུ་སྡེའི་མིང་ཡང་སྟོད་ཕྱོགས་ནས་མ་ཡོང་གོང་གི་ས་མིང་ལྟར་དུ་སོར་འཇོག་བྱས་ཡོད།  དེ་ནི་ཕ་གཞིས་ཀྱི་ས་མིང་རུ་དམག་གི་མིང་དུ་ཁྱེར་ནས་འོངས་ཤིང་།  ཕྱིས་སུ་ས་འདིར་གཞིས་ཆགས་རྗེས།  རུ་སྡེའི་མིང་ཡང་བསྐྱར་ས་མིང་དུ་སྤོས་པར་མངོན།  ཟངས་དཀར་ལས་གཞན་རྒྱལ་རོང་གི་ས་འདིར་སྟོད་ཕྱོགས་ཀྱི་ས་མིང་རང་སོར་བཞག་པ་དཔེར་ན་ཁྲོ་ཆུ་རྫོང་ཁོངས་ཀྱི་ཞང་ཞུང་ཞེས་པའི་སྡེ་པ་དང་།  བཙན་ལྷ་རྫོང་ཁོངས་ཀྱི་དྭགས་ཡུལ་ཞེས་པའི་སྡེ་མིང་སོགས་དེང་སང་དངོས་སུ་མཐོང་རྒྱུ་ཡོད། དེ་ལས་འཕྲོས་པའི་ཆ་འཇོག་གཞན་ཞིག་ནི། སྔ་དུས་སུ་རུ་དམག་དག་སྟོད་དབུས་སོགས་ནས་མར་ཤར་གྱི་མཐའ་མཚམས་སུ་གཏོང་དུས།  ས་ཆའི་སྒྲིག་འཛུགས་བཞིན་རུ་དམག་བཅོས་སྒྲིག་བྱས་ཡོད་དམ་སྙམ་ལ།  གཞན་ཡང་རྒྱལ་རོང་ཕལ་མོ་ཆེ་ནི་གཅོང་རོང་དག་ཏུ་གྲོ་ནས་སོགས་སྐྱེད་པའི་རོང་པ་ཤ་སྟག་དང་།  དེ་ལས་ཟངས་ཀར་སོགས་ཉུང་ཤས་ཤིག་ནི་རྟ་ཟོག་སྐྱོང་བའི་འབྲོག་པ་ཡིན།  དེ་ཡང་སྟོད་ཕྱོགས་ནས་རོང་འབྲོག་གང་ལྟར་དུ་ཡོད་ན་མཐའ་མཚམས་སུ་བཏང་རྗེས་ཡང་དེ་ལྟར་དུ་སོར་བཞག་བྱས་མེད་དམ་སྙམ། རྒྱུ་མཚན་ནི་དེང་སང་ཡང་མངའ་རིས་ཟངས་དཀར་ནི་འབྲོག་པ་མང་ཤས་ཀྱིས་གྲུབ་པས་སོ། ། བོད་ཀྱི་ལོ་རྒྱུས་སུ་མངའ་རིས་དང་དབུས་གཙང་སོགས་ནས་རྒྱལ་མོ་ཚ་བ་རོང་དུ་ཐེངས་དུ་མར་རུ་དམག་བཏང་ཡོད་དེ། སྤྱི་ལོའི་སྔོན་གྱི་དུས་ཞང་ཞུང་ཁྲི་ཝེར་རྒྱལ་པོའི་སྐབས་སུ་ཏ་རོག་ཡུལ་ནས་ཡོང་བའི་ལུག་ཝེར་གྱེར་གྱི་རྒྱལ་པོ་ཉི་ཤེར་འོད་ཀྱི་བྱ་རུ་ཅན་དང་བདུད་འདུལ་དཔལ་གྱི་རྒྱལ་པོ་ཟླ་ཤེར་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་རྒྱུད་པ་དག་གིས་རྒྱལ་རོང་དུ་ཡོང་ནས་དབང་མཛད་པར་གྲགས་ལ།  དུས་རབས་བརྒྱད་པར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་བློན་པོ་ཁོ་འཕན་ཚེ་དབང་མགོན་པོ་དང་། རབ་བརྟན་རྒྱལ་པོའི་གདུང་རྒྱུད་མདོ་མགོན་རྒྱལ་ནག་པོ་གཉིས་རྒྱལ་རོང་ས་ཁུལ་གྱི་སྤྱི་ཁྱབ་དཔོན་དུ་བསྐོས།  འཕན་བཞེར་དང་མདོ་བཞེར་ཞེས་སུ་གྲགས། དེ་མིན་རྒྱལ་པོ་སྲོང་བཙན་གྱི་སྐབས་སུ་ཡང་རུ་དམག་ཐེངས་ཁ་ཤས་བཏང་ཡོད་པར་མངོན། འོ་ན་ཟངས་དཀར་འདི་དུས་ནམ་ཞིག་ལ་གནས་འདིར་ཡོང་བ་ཡིན་ཟེར་ན།  ཁྲི་སྲོང་གི་ཁྲི་ལོ་དྲུག་པ་སྟེ་སྤྱི་ལོ་761ལོར་གནས་འདིར་ཟངས་ཀར་ཞེས་པའི་ས་མིང་ཞིག་ཡོད་པ་ཡིག་རྙིང་དུ་ཐོན་ཡོད་པས།  མ་མཐར་ཡང་སྤྱི་ལོ་761པའི་སྔ་རོལ་ཙམ་ལ་གནས་འདིར་ཐོན་པ་ཡིན་དགོས།  ཏུན་ཧོང་ཡིག་རྙིང་OR8212ངོས་ཀྱི་ཐིག་ཕེང་74པ་ལྟར་ན་ཞང་སྟོང་བཙན་གྱིས་ཟངས་ཀར་དང་མཉམ་དུ་ཟོང་ཆུ་ཡང་ཕབ་པར་མངོན།  དེ་བས་ཟོང་ཆུ་ཁུངས་བྱས་ཏེ་རྩད་བཅད་དུས། ཟོང་ཅུ་ནི་ཡིག་རྙིང་འདིར་ལན་གཉིས་སུ་བྱུང་ཞིང་། གཅིག་ནི་761ལོ་དང་གཅིག་ཤོས་ནི་701ལོ་ཡིན་ཞིང་། དེར་“༄།   གླང་གྱྀ་ལོ་ལ་བབ་སྟེ།  བཙན་པོ་དབྱརད་གསེར་ཞ་ན་བཞུགས་ཤྀང་།  ཟོང་ཅུ་དང་ཐེའུ་ཅུར་དྲངསྟེ།”ཞེས་ཟོང་ཅུའི་ཟླ་ལ་ཟངས་དཀར་མ་བརྗོད་པར་ཐེ་ཅུ་གླེངས་ཡོད་པ་མ་ཟད།  “དྲངས་”ཞེས་པའི་ཚིག་བེད་སྤྱོད་བཏང་ཡོད་ལ།  ཕྱི་མ་761ལོར་“ཟོང་ཅུ་དང་ཟངས་ཀར་ཕབ་”ཅེས་བརྗོད་ཡོད།  701ལོ་དང་761ལོ་གཉིས་ལ་ཞིབ་ལྟ་བྱས་ཚེ་སྔ་མའི་ལོ་ལ་“དྲངས་”ཞེས་དང་།  ཕྱི་མར་“ཕབ་”ཅེས་བརྗོད་པ་ལ་དོན་གྱི་ཁྱད་པར་ཡོད་དམ་སྙམ།  དམག་དྲངས་པ་ནི་ཕྱི་ནང་གི་རྒྱལ་ཁབ་དང་རུ་སྡེ་ལ་དམག་དྲངས་པ་ཙམ་མམ། སྔར་རང་གི་མངའ་ཞབས་སུ་མ་འདུས་པའི་ས་དང་མི་ལ་དམག་དྲངས་པ་མཚོན་པ་ཤས་ཆེ། ཡིན་ཡང་ཕབ་ཅེས་བརྗོད་ཚེ་མངའ་ཞབས་ངོ་ལོག་པའི་མགོ་མནན་པ་ལས་གཞན་ལ་མི་གོ་བ་ཙམ་ཡིན།  དེ་བས་རྒྱུ་མཚན་དེ་གཉིས་ལ་བརྟེན་ནས་དཔགས་ན། སྤྱི་ལོ་701ལོར་ཟོང་ཅུ་ཐེངས་དང་པོར་སྤུ་རྒྱལ་གྱི་ཁོངས་སུ་བསྡུས་པ་དང་། ཟངས་དཀར་ནི་ལོ་དེར་མ་གླེང་ས་པས་ཐོག་མར་སྐབས་དེར་ཟངས་དཀར་ད་དུང་འདིར་ཐོན་མེད་པར་ཆ་ཞོག དེས་ན་ཟངས་དཀར་ནི་སྤྱི་ལོ་701ལོ་ནས་761ལོའི་བར་གྱི་རབ་བྱུང་འདིར་སྟོད་ཕྱོགས་ནས་ཡོང་བ་ཙམ་ཡིན། ཡང་སྙིང་ལོ་གང་གི་ལོར་ཡོང་བ་ཡིན་པ་ཞིབ་ཕྲར་མ་སོང་བའི་སྔོན་ལ།  སྤྱི་ལོ་601ནས་761ལོའི་བར་གྱི་སྐབས་ཡུན་ལ་མངའ་རིས་ཟངས་དཀར་གྱི་གནས་ཚུལ་ཙམ་འདིར་བཀོད་ན།
          དུས་རབས་བདུན་པའི་དཀྱིལ་ནས་ཟངས་དཀར་སོགས་ཚུད་པའི་ཞང་ཞུང་བྲུ་ཤ་བཅས་སྟོད་ཕྱོགས་ཀྱི་རྒྱལ་ཕྲན་ཁག་ནི། བོད་བཙན་རྒྱལ་དང་ཐང་རྒྱལ་རབས་གཉིས་ཀྱི་སྟོབས་ཤུགས་ཀྱི་བར་དུ་ཚུད་ཅིང་།  སྤྱི་ལོ་634ལོར་ཞང་ཞུང་བོད་བཙན་པོའི་མངའ་ཞབས་སུ་འདུས།⑬ 653ལོར་བོད་ཀྱིས་ཞང་ཞུང་དུ་མངན་དཔོན་བསྐོས།⑭ 662ལོར་མཁོས་བགྱིས།⑮ 677ལོར་ཞང་ཞུང་ལོག་ཀྱང་སླར་ཕབ།⑯ 719ལོར་རྩིས་བགྱིས་ཏེ་སྲིད་འཛིན་ལམ་ལུགས་ཡང་བསྐྱར་བཙུགས། དེ་དང་དུས་མཚུངས་སུ་ཐང་རྒྱལ་རབས་ཀྱི་སྟོབས་ཤུགས་ཀྱང་ཧིན་རྡུ་གཙང་པོའི་སྟོད་རྒྱུད་དུ་ལྷགས་ནས། 696ལོར་བྲུ་ཤ་ཆེ་བའི་(སྦ་ཏ)རྒྱལ་པོས་ཐང་གི་ཕོ་བྲང་དུ་ཕོ་ཉ་མངགས་ཏེ་སྐྱེས་ཕུལ། 717ལོར་ཐང་གོང་མས་བསྩལ་བའི་ཐོབ་ཐང་དང་ལེན་ཞུས། 719ལོར་ཁོས་ཕོ་ཉ་མངགས་ནས་གོང་མར་བཀའ་དྲིན་ཞུས། 720ལོར་གསར་དུ་ཁྲིར་བཞུགས་པའི་རྒྱལ་པོ་དེས་གོང་མས་བསྩལ་བའི་ཐོབ་ཡང་བསྐྱར་དང་ལེན་ཞུས།⑰ ཡིན་ཡང་ལོ་འདིའི་སྔ་གཞུག་ལ་སྦལ་ཏི་རྒྱལ་པོའི་བློ་ཁེ་འགྱུར། ཅིའི་ཕྱིར་ཞེ་ན། འདིའི་རྗེས་ནས་ཐང་ལ་མངགས་པའི་ཕོ་ཉའི་རྒྱུན་ཆད་པ་མ་ཟད། 721ལོར་སྟོད་ཕྱོགས་ཀྱི་ཕོ་ཉས་བཙན་པོར་ཕྱག་འཚལ་ཞེས་《དོན་ཆེན་གནད་བསྡུས་ལོ་ཚིགས་》སུ་གསལ།⑱ 722ལོར་ཐང་གིས་བོད་ཀྱི་དཔུང་ཤུགས་འོག་ན་ཡོད་པའི་བྲུ་ཤ་ཆེ་བ་(ཅིར་ཅི་ཐི་)ལ་རོགས་རམ་བྱས།  དེ་ལས་ང་ཚོས་སྐབས་དེར་སྦལ་ཏི་སྟེ་བྲུ་ཤ་ཆེ་བ་ནི་བཙན་པོའི་མངའ་རིས་སུ་ཚུད་པ་ཧ་གོ་ཐུབ་པ་མ་ཟད།  སྦལ་ཏིའི་ཁོངས་སུ་ཚུད་པའི་ཟངས་དཀར་ཡང་སྤྱི་ལོ་721ཙམ་ལ་བཙན་པོའི་མངའ་ཁོངས་སུ་ད་གཟོད་སོང་བའམ་མ་མཐར་ཡང་དེའི་ཕྱིས་སུ་སྤུ་རྒྱལ་ལ་སྐྱེས་ཕུལ་བ་རེད། དེ་བས་གོང་དུ་སོང་ཟིན་པའི་701ལོ་ནས་761ལོའི་བར་གྱི་ཟངས་དཀར་རྒྱལ་རོང་དུ་ཆད་པའི་དུས་ཀྱི་ཁྱབ་ཁོངས་དེ་ལོ་ཉི་ཤུས་ཇེ་ཐུང་དུ་བཏང་ནས་ཧ་ལམ་སྤྱི་ལོ་721ལོ་ནས་761ལོའི་བར་དུ་གཏན་ཁེལ་ཆོག སྤྱི་ལོ་737ལ་བོད་ཀྱིས་སྦལ་ཏིའི་སྒར་ས་ནས་བྲུ་ཤ་(Gilgit, little p'o lu)ལ་ཕར་རྒོལ་ཐེངས་གཅིག་བྱས། བྲུ་ཤའི་རྒྱལ་པོས་ཐང་གི་གོང་མ་ལ་སྐྱབས་བཅོལ་ཞུས། གོང་མས་རོགས་རམ་གྱི་ཚུལ་དུ་མཚོ་སྔོན་པོའི་ཉེ་འགྲམ་ནས་བོད་ལ་རྒོལ་བ་བྱས་ནས་རྒྱལ་ཀྱང་བྲུ་ཤའི་རྒྱལ་པོས་བོད་དམག་གི་དཔུང་ཤུགས་མ་བཟོད་པར་བཙན་པོ་པང་དུ་བླངས།  དེ་མིན་སྤྱི་ལོ་753ལ་ཨན་ཞིའི་སྦྱི་ཁྱབ་ཀའོ་ཞན་ཀྲི་(安西都护高仙芝)ཡི་རྒྱུད་འཛིན་པ་ཧྥེང་ཁྲང་ཆིང་(封常清)གིས་སྦལ་ཏིའི་རྒྱལ་སར་སྐོར་བཅོམ་བྱས།⑲ དེ་ནི་ཐང་རྒྱལ་རབས་ཀྱིས་སྟོད་ཕྱོགས་ས་ཆར་སྤེལ་བའི་ཆེས་མཐའ་མཇུག་གི་དམག་དོན་གྱི་དོན་རྐྱེན་ཞིག་ཡིན།  དེ་བས་ཟངས་དཀར་ནི་ཆེས་འཕྱི་ན་753ལོ་ནས་761ལོ་དང་ཡང་737ལོའི་བར་ལ་སྟོད་ཕྱོགས་ནས་ཤར་རྒྱལ་མོ་རོང་དུ་ཐོན་ཞིང་། མ་མཐར་ཡང་721ལོ་ནས་761ལོའི་བར་ལ་ཐོན་པ་ནི་གཏན་ཁེལ་ཐུབ་བོ། །

          དྲུག་པ། ཚ་ཁོ་ཟངས་དཀར་གྱི་མི་རྒྱུད་སྐོར།
          དབྱི་ཐ་ལིའི་བོད་རིག་པ་བ་Luciano Petechཡི་《ལ་དྭགས་རྒྱལ་རབས་》སུ་ལ་དྭགས་རྒྱལ་རབས་མ་ཚུགས་པའི་གོང་སྟེ་དུས་རབས་བཅུ་པའི་གོང་རོལ་ན་མངའ་རིས་སྐོར་གསུམ་གྱི་ནང་གསེས་ལ་དྭགས་དང་ཟངས་དཀར་འདིར་Dardisཞེས་པའི་མི་རིགས་ཤིག་གནས་ཆགས་ཡོད་པ་དང་། དེང་སང་ཡང་ས་དེར་མི་རྒྱུད་དེའི་ལྷག་འཕྲོ་ཡོད་པ་ནི་མི་རྒྱུད་རིག་པ་(Ethnical subtratum)དང་ས་མིང་ཞིབ་འཇུག་རིག་པ་(Toponimy)གཉིས་ཀྱིས་ར་སྤྲོད་ཐུབ་པ་ཡིན། ཞིབ་ཕྲ་ནི་Frankཡི་《ལ་དྭགས་རྒྱལ་རབས་》ཀྱི་འོག་མཆན་བཅུ་དགུ་པ་ན་བཀོད་པ་ལྟར་དེང་ཀྱི་ལ་དྭགས་ཀྱི་མདའ་ཞེས་པའི་སར་མི་སྡེ་ཁག་ཅིག་གིས་དེང་སང་ཡང་ཁོ་ཚོ་རང་ཉིད་ལ་Maknopaཞེས་སུ་འབོད་ཅེས་比亚苏提ཡི་དཔེ་ཆ་ན་གསལ། དེ་བས་Dardisསྐོར་གྱི་སྔ་རབས་ཀྱི་ལོ་རྒྱུས་བཀོད་པའི་ཡིག་ཆ་དག་ལ་རྩད་བཅད་ན།  ཞར་ལ་ལ་དྭགས་དང་ཟངས་དཀར་གྱི་ལོ་རྒྱུས་ཡང་མངོན་ལ་འབུད་ཐུབ་པར་སྙམ།     Herodesཡིས་ཐེངས་གཉིས་ལ་Dadikaiཞེས་པའི་མི་རིགས་ཤིག་གླེངས་ཡོད་དེ། ཐེངས་དང་པོར་པར་སིག་གི་མངའ་སྡེ་ཁག་གི་མིང་ཐོ་དང་མཉམ་དུ་གླེངས་ཡོད་པ་དང་།  གཅིག་ཤོས་ནི་གྷེ་རི་སིར་བཙན་འཛུལ་བྱེད་བཞིན་པའི་རྒྱལ་པོ་Xerxcsཡི་དམག་རུའི་ཐོ་ཡིག་ཏུ་གསལ་བ་དེ་ཡིན། ཡིན་ཡང་སྐབས་འདིའི་Dadikaiནི་གངྒའི་སྟོད་རྒྱུད་ཀྱི་Dadikhaiཡིན་ཞེས་སྨྲས་ན་དཔྱད་མི་གྲུབ་བཟོད་པ་ལྟར་དུ་སྣང་།  ཐེངས་རྗེས་མར་Dardisགླེང་མཁན་གྱི་མི་ནི་རྗེ་བོ་Alexanderཡི་མཚོ་དམག་དམག་དཔོན་Nearchusཡིན། ལོ་ཉི་ཤུའི་རྗེས་སུ་Megasthenesཀྱིས་Derdaiམི་དང་གསེར་བརྐོ་བ་གཉིས་གཅིག་ཏུ་འབྲེལ་བར་བྱས་ཡོད།  སྤྱི་ལོ་དུས་རབས་དང་པོར།    Plinyཡིས་བརྣན་པའི་ཚུལ་དུ་Dardlsནི་རླབས་ཆེན་གྱི་གསེར་བརྐོ་བ་ཡིན་པར་འཆད།     Herrmannཞེས་པས་བཤད་པའི་གཏམ་རྒྱུད་འདིའི་མགོ་ཁུངས་ནི་ལ་དྭགས་དང་སྦལ་ཏི།  ཁྱད་པར་དུ་དཀར་དཀྱིལ་གྱི་གསེར་བརྐོ་བ་ལ་ངེས་ཤེས་མེད་པའི་རྒྱུ་མཚན་ཡིན་ཞེས་སྨྲས་ཡོད། དེ་བས་དཀར་དཀྱིལ་ནི་ཟངས་དཀར་གྱི་མངའ་ཁོངས་འཁྲུལ་མེད་དུ་ངེས་པས། ང་ཚོའི་དེང་གི་ཚ་ཁོའི་ཟངས་དཀར་གྱི་ཡོང་ཁུངས་ནི་མངའ་རིས་ཟངས་དཀར་ཡིན་པའི་འདོད་ཚུལ་ཚུགས་ཐུབ་པའི་སྟེང་། མངའ་རིས་ཟངས་དཀར་གྱི་མི་ནི་གནའ་བོའི་Dardisམི་རིགས་ཀྱི་རྒྱུད་པ་ཡིན་པར་ཚོད་དཔག་བྱེད་ཐུབ་པ་ཙམ་ཡིན། རྒྱུ་མཚན་དང་པོ་ནི་དེང་སང་མི་ཕུང་བརྟག་དཔྱད་(anthropometrical measurcments)ལྟར་ན་ལ་དྭགས་དང་ཟངས་དཀར་གྱི་མི་ནི་བོད་(སོག་པོའི་མི་རྒྱུད། Mongloid)དང་Dardis(རྒྱ་གར་དབྱི་རག་གི་མི་རྒྱུད། Indo-Iranian)གཉིས་འཕེལ་བའི་མི་རྒྱུད་འདྲེས་མ་ཞིག་ལ་ངོས་འཛིན་གྱིན་ཡོད།  དེ་བས་མི་རྒྱུད་མཉམ་འདྲེས་དེ་དུས་རབས་བརྒྱད་པའི་སྔ་རོལ་ནས་སོང་ཟིན་པ་ཞིག་ལ་ངོས་བཟུང་ན་གོང་གི་རྟགས་གྲུབ་པར་འདོད། རྒྱུ་མཚན་གཉིས་པ་ནི་སྤྱི་ལོ་727ཙམ་ལ་རྒྱ་ནག་གི་མཁས་པ་ཧུའེ་ཁྲའོ་(慧超)ཡི་ཟིན་ཐོ་རུ་བྲིས་པ་ལྟར་ན་“བྲུ་ཤ་ཆེ་བའི་རྒྱལ་ཁབ་དང་། ཞང་ཞུང་།  སེ་རིབ་རྒྱལ་ཁབ་བཅས་ནི་བཙན་པོའི་མངའ་ཞབས་སུ་ཡོད་ཅིང་།  ལྤགས་དང་བལ་གྱི་གོས་གྱོན། རི་གཟར་ཆུ་བྲུག  དགོན་ལ་བཙུན་པ་ཡོད།  དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ།  གལ་ཏེ་ཤར་ཕྱོགས་བོད་ལ་སོང་ན་ནི། ཆོས་ནི་ཕར་ཞོག དགོན་གྱི་མིང་ཡང་མེད་ཏེ། ས་འདི་ཧོ་ཡིན་པས་ཆོས་ནི་རྗེས་སུ་འཛིན་” ⑳ ཞེས་གསལ། ཀུན་གྱིས་ཤེས་གསལ་ལྟར་ཧོ་“胡”ཞེས་པའི་ཐ་སྙད་འདི་ཐང་གི་སྐབས་སུ་དབྱི་རག་ལ་བཀོལ་བས་ད་གཟོད་ཟངས་དཀར་དང་ལ་དྭགས་སོགས་Dardisམི་རྒྱུད་ཡིན་པ་ཏག་ཏག་མཚོན་ནུས་པར་འདོད། འོན་ཀྱང་ཞང་ཞུང་སོགས་ལ་ཚིག་དེ་མི་འོས་སོ། ། རྒྱུ་མཚན་གསུམ་པ་སྟེ་ཟངས་དཀར་ཞེས་པ་ནི་གསེར་ལས་འཕྲོས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་ན་ཏག་ཏག་Dardisམི་རིགས་ཀྱིས་གསེར་བརྐོ་བའི་གཏམ་རྒྱུད་དང་འབྱོར་ཆེ་ན་ཡང་ཁུངས་དང་རིགས་པས་ཀུན་ལ་ཅུང་ཟད་གནོད་དམ་སྙམ་པས་རྒྱུ་མཚན་འདི་རེ་ཞིག་བཏང་སྙོམས་སུ་ཞོག  ཟངས་ཀར་ཞེས་པ་སྤྱི་ལོ་621ནས་761ལོའི་བར་སྟོད་མངའ་རིས་ནས་ཤར་རྒྱལ་རོང་དུ་ཡོང་བའི་དུས་ལ། ཟངས་ཀར་དམག་རུའི་ཕོ་རྣམས་ས་གནས་ཀྱི་མི་དང་བསྡེབས་ནས་ད་གཟོད་དེང་གི་སོ་མང་རྒྱལ་པོའི་མངའ་ཞབས་ཀྱི་ཟངས་དཀར་ཞེས་པ་འདི་བྱུང་ལ།  རྩྭ་ས་འཚོལ་བའི་འབྲོག་པ་ཡིན་རྐྱེན་རྗེས་སོར་ཡང་རྨ་ཆུའི་ལྷོ་འགྲམ་མདོ་སྨད་ཀྱི་འབྲོག་སྡེ་གཞན་དང་འདུས་ཡོད་ལ། ངག་རྒྱུན་ལ་ཡང་མཛོད་དགེ་བཞག་སྡོམ་གྱི་ཁྱིམ་དུད་བདུན་སོགས་ཆད་པའི་བཤད་སྲོལ་ཡོད།  སྤྱི་ཚོགས་རྙིང་པར་ཁྲོ་ཆུའི་མདའ་མཁན་རྒྱལ་པོ་རྡོ་རྗེ་དཔལ་བཟང་སོགས་ཀྱི་སྐབས་སུ་ཟངས་དཀར་སྟོད་སྨད་བར་གསུམ་དུ་ཕྱེ་ཡོད་པར་གསལ། དེང་སང་སི་ཁྲོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁོངས་ཀྱི་ཞང་གཉིས་ཡིན།
          མཇུག་སྡོམ།
          ཏུན་ཧོང་ཡིག་རྙིང་OR8212ནང་གི་ཟངས་ཀར་ཞེས་པའི་ས་ནི་དེང་གི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་གི་ཟངས་དཀར་ཞེས་པའི་ས་ཡིན་ངེས་ལ། དེ་ནི་སྔ་མོ་ནས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་གསེས་སོ་མང་རྒྱལ་པོའི་མངའ་ཞབས་སུ་འཚོ། ཁོ་ཚོ་ཡང་སྟོད་མངའ་རིས་ཀྱི་མི་དག་ཐེངས་སྔ་ཕྱི་དུ་མར་ཤར་དུ་ཆད་པ་ལས།  ཞང་ཞུང་ཁྲི་ཝེར་རྒྱལ་པོའི་སྐབས་སུ་ཏ་རོག་ཡུལ་ནས་ཡོང་བའི་ལུག་ཝེར་གྱེར་གྱི་རྒྱལ་པོ་ཉི་ཤེར་འོད་ཀྱི་བྱ་རུ་ཅན་དང་བདུད་འདུལ་དཔལ་གྱི་རྒྱལ་པོ་ཟླ་ཤེར་འོད་ཀྱི་བྱ་རུ་ཅན་གཉིས་སོགས་ཀྱི་རྒྱུད་པ་ཡིན་ཞེས་འཆད་དཀའ་ཞིང་། སྲོང་བཙན་སྐབས་ཀྱི་འཕན་བཞེར་དང་མདོ་བཞེར་སོགས་ཀྱི་མི་རྒྱུད་ཡིན་པ་ཡང་ཁུངས་མེད་པར།  ཁྲི་སྲོང་སྐབས་སུ་བྱུང་བར་རྒྱུ་མཚན་དུ་མ་དང་ལྡན།  དེར་མ་ཟད་ཡོང་བའི་དུས་ཀྱི་ཁྱབ་ཁོངས་ཡང་ཕལ་ཆེར་ཆེ་ས་721ལོ་ནས་761ལོའི་བར་དང་།  ཆུང་ས་737ལོ་འམ་753ལོ་ནས་753ལོའི་བར་ཚོད་དཔག་བྱས་ན་དཔྱད་བཟོད་དུ་གྲུབ་པ་ཙམ་ཡིན།  ཁོ་ཚོའི་མེས་པོ་ནི་སྟོད་མངའ་རིས་ཀྱི་ཟངས་དཀར་རམ་དེང་གི་རྒྱ་གར་མངའ་ཁོངས་ཀྱི་ལ་དྭགས་ཟངས་དཀར་ཡིན་པ་མ་ཟད།  ཁོ་ཚོའི་མེས་པོ་ནི་གསེར་བརྐོ་བའི་གཏམ་རྒྱུད་དང་འབྲེལ་བའི་གནའ་བོའི་Dardisཞེས་པའི་མི་རིགས་སུ་ངེས་པར་ཆ་འཇོག་བྱས་ཡོད།  མི་རིགས་དེ་ནི་བོད་སོག་མི་རྒྱུད་དང་དབྱི་རན་མི་རྒྱུད་ཀྱི་མི་རྒྱུད་འདྲེས་མ་ཞིག་ཡིན་ལ། དུས་རབས་བརྒྱད་པའི་དཀྱིལ་ལ་ཐོན་དུས་སྟོད་ཕྱོགས་ནས་ཡང་ཐང་བོད་གཉིས་ཀྱི་སྟོབས་ཤུགས་ལ་བར་ཁྱད་ཤོར་ནས་ཕལ་ཆེ་བ་བཙན་པོའི་མངའ་འོག་ཏུ་འདུས་པ་དང་མཉམ་དུ། སྟོད་ཕྱོགས་ཀྱི་རྒྱལ་ཕྲན་ཀུན་ལ་ཟིང་འཁྲུག་དང་ཁེང་ལོག་མང་དུ་བྱུང་བ་དང་བསྟུན། ཁོ་ཚོའི་ཤར་ཕྱོགས་ཀྱི་དམག་རྒྱུད་རྣམས་ཀྱིས་761ལོར་བོད་བཙན་པོ་ལ་གྱེན་ལོག་བྱས་པར་མངོན། ཡིན་ཡང་ཞང་སྟོང་བཙན་ལ་སོགས་པས་མགོ་མནན་ནས་ཡང་བསྐྱར་བཙན་པོའི་མངའ་འོག་ཏུ་བཅུག  དེ་ནས་བཟུང་ལོ་ངོ་སྟོང་ཕྲག་ཙམ་ལ་བོད་ཀྱི་ཤར་ཕྱོགས་སུ་བསྡད་པར་མངོན།   སྤྱིར་བརྗོད་གཞི་འདིར་ཁུངས་ཐུབ་ཀྱི་ཡིག་ཆ་ཉུང་བ་དང་ལོ་ངོ་སྟོང་ཕྲག་གོང་གི་ལོ་རྒྱུས་ཡིན་གཤིས་རྟོག་དཔྱོད་དང་དཔྱད་ཞིབ་དཔྱིས་ཕྱིན་པ་དང་རིགས་པ་དང་མ་འགལ་བ་ཞིག་ཡོང་དཀའ་ཡང་། ལག་སོན་བྱུང་བའི་རྒྱུ་ཆ་དག་ལ་ཐབས་ལམ་དུ་མ་ནས་ཞིབ་བསྡུར་བྱས་པའི་ཁུལ་ཡིན་ནོ། །
          མཆན་འགྲེལ།
① OR8212ཀྱི་སྤྱི་ལོ་761ལ་ཁེལ་བར། “(གླིང་གི་ལོ་ལ་བབསྟེ)དབྱར་བཙན་པོ་་ཕོ་་བྲང་ཟུ་སྤུགྀ་། ཕོ་བྲང་སྡྀང་སྣ་བཞུགས། དབྱར་འདུན་མལ་ཏྲོའྀ་་། བརྫེན་ཐང་དུ་འདུས། མདོ་སྨད་གྱྀ། དབྱར་འདུན་ཉས་གྱྀ་ཞོ་ཐང་དུ་འདུས། ། དགུན་ཕོ་བྲང་བར་གྱྀ་་ལྕང་བུ་ན་བཞུགས་་། དགུན་འདུན་སྐྱྀ་བར་དུ་འདུས། མདོ་སྨད་གྱྀ་དགུན་འདུན་གཙེ་ནམ་ཡོར་དུ་འདུས། ཏེ་བློན་སྐྱེས་བཟང་ལས་་སྩོགས་་པས་་། ཁང་ཙན་བ་མགོ་དང་ཀེའུ་ཤན་གཉོས་ཕབ། ཞང་སྟོང་རྩན་གྱིས་ཟོང་ཅུ་དང་། ཟངས་དཀར་གཉིས་ཕབ་པར་ལོ་ཅིག་”ཅེས་བཀོད་ཡོད།
② སྤུ་ཧྲེང་དང་། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག་ཞང་ཞུང་དང་། ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག འཆིམ་མམ་ལི་དང་། བྲུ་ཤ་སྦལ་ཏི་གསུམ་སྐོར་གཅིག་ཅེས་དང་། ལ་དྭགས་རྒྱལ་རབས་སུ་ཆེ་བ་དཔལ་ལྡེས་མར་ཡུལ། འབྲིང་བ་བཀྲ་ཤིས་ལྡེས་སྤུ་ཧྲེང་དང་གུ་གེ། ཡ་རྩེ། ཆུང་བ་ལྡེ་གཙུག་མགོན་གྱིས་ཟངས་དཀར་སྒོ་གསུམ་དང་སྦི་ཏི། སྤི་ལྕོགས་བཅས་ལ་དབང་མཛད་ཅེས་སྨྲས།
③ གུ་གེ་ཚེ་རིང་རྒྱལ་པོ། 《མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོར། ཤོག་ངོས་21.57
④ 《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་གནའ་དཔེ་ཚོགས》[M] པོད་དང་པོ། ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་57
⑤ “此北二千余里,经途险阻, 寒风飞雪, 至秣罗娑国。”
⑥ 文中原注云:“[秫罗娑]亦谓三波诃国。”
⑦ Tucci, Giuseppe. Ihdo-tidetica.Roma: Reaie accademia d་Italia. 1932: 366
⑧ ༄། ལུགི་ལོ་ལལ་བཙན་པོ་དབྱརད་བལ་པོ་ན་བཞུགས། དབྱརད་འདུན་དྲའི་ཟར་ཕུར་ཞང་བཙན་ཏོ་རེ་དང་། བློན་ཁྲྀ་སུམ་རྗེས་བསྡུ་སྟེ། རུ་གསུམ་གྱྀ་ཕྱིང་རིལ་གྱྀ་ཙིས་དང་། སོག་མའྀ་རྩིས་དང་། ཡོང་ཕྱི་གསེང་གུམ་སྟེ། བྲུང་པ་སེང་གོ་མོན་བུ་བཆུག་པའི་རྩིས་བགྱིས་། དགུན་བཙན་པོ་བྲག་དམའར་ན་བཞུགས་། དགུན་འདུན་ཚང་བང་སྣའར་ཞང་བཙན་ཏོ་རེ་དང་། བློན་ཁྲི་སུམ་རྗེས་བསྡུསྟེ། ཞང་ཞུང་དང་མརད་ཀྱི་ཕ་ལོས་བཀུག རྔེགས་མང་ཞབ་སྟག་ཙབ་གྱིས་ཙང་ཆེན་གྱྀ་པྱིང་རིལ་བཏབ། མདོ་སྨད་གྱྀ་དགུན་འདུན་བློན་ཆེན་པོ་ཁྲི་གཟིགས་གྱིས་ཡོལ་དུ་བསྡུས་ཕར་ལོ་ཆིག
⑨《བརྡ་བཀྲོལ་གསེར་གྱི་མེ་ལོང་།》
⑩  Lucimo Pctech,The Kingdom of ladakh 1979:38
⑪ ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་﹙1698-1755﹚ཀྱང་དྲངས་པའི་དཔེ་དེབ་ལས། “ཆེ་བ་རིག་པ་མགོན་གྱིས་མར་ཡུལ་བྲུ་ཤའི་བར་དང་། འབྲིང་བ་བཀྲ་ཤིས་མགོན་གྱིས་ཞང་ཞུང་ཡ་རྩེ་དང་བཅས་པ། ཆུང་བ་ལྡེ་གཙུག་མགོན་གྱིས་པི་ཏི་ཅོག་དང་ཟངས་དཀར་སྒོ་གསུམ་བཅས་བཟུང་ཞེས་ཁ་གསལ་གསུངས་འདུག་པས་དོགས་པའི་དྲྭ་རྒྱར་ཚུད་དགོས་པའི་
རྒྱུ་མཚན་ག་ལ་མཆིས།”ཞེས་གསུངས་པ་ནང་བཞིན་ནོ། །
⑫ མདོར་ན་དུས་རབས་བཅུ་བདུན་པའི་དུས་མཇུག་ནས་བཟུང་།  བོད་ཀྱི་གཞུང་ཡིག་དང་བཀའ་རྒྱ་སོགས་ཀྱི་ནང་བརྗོད་པའི་མངའ་རིས་བསྐོར་གསུམ་གྱི་ཁྱབ་ཁོངས་སུ་སྤུ་ཧྲེང་རྫོང་དང་། མདའ་བ་རྫོང་། རྩ་ཧྲེང་རྫོང་། རུ་ཐོག་རྫོང་བཅས་རྫོང་ཁག་བཞི་དང་ཟ་རང་རུ་དཔོན། ཆུ་མོ་རྟི་དཔོན། གནམ་རུ་དཔོན། གཙོད་ཚོ་དཔོན། འབྲོང་པ་དཔོན། རུ་ཐོག་དོ་གལ་ཆེ་དཔོན་བཅས་དཔོན་ཁག་དྲུག་ཚུད་པའི་སྒར་རྫོང་དྲུག་སྦྲེལ་ལམ་རྫོང་བཞི་དཔོན་དྲུག་ཅེས་པ་དེ་ཡིན་ཞིང་། ཡངས་ཤིང་རྒྱ་ཆེ་བའི་ལ་དྭགས། ཟངས་དཀར། དཀར་དཀྱིལ། ཏོག ནག་ཁོ། བལ་ཏི། རྐང་ཕྲན། ཁུ་ནུ། གར་ཞ། ཉུང་ཏི། སྤི་ཏི། སྐྱོ་ནམ། ཤ་ཁོག གུ་རུམ། རྟ་མང་། དོལ་པོ། ཡ་རྩེ་བཅས་པ་ཚུད་མེད་པས་སོ། །
⑬ P.t.1288ཡི་མགོ་ལ། “དེ་ནས་ལོ་གསུམ་ན་བཙན་པོ་ཁྲི་སྲོང་རྩན་གྱི་རིང་ལའ་ལྀག་སྙ་ཤུར་བརླག་སྟེ་ཞང་ཞུང་ཐཾས་ཅད་འབངསུ་བཀུག་སྟེ་མངའོ་”ཞེས་བྱུང་།
⑭ “ཞང་ཞུང་ཡུལ་གྱྀ་མངན་དུ་སྦུག་གྱིམ་རྩན་རྨ་ཆུང་བཆུག་”ཅེས་བྱུང་།
⑮ “དུ་གུལ་དུ་ཞང་ཞུང་གྱི་མཁོས་བགྱྀས་ཕར་ལོ་གཆྀག་”
⑯ P.t.1288སྤྱི་ལོ་677ལ་བབས་པ་ལ། གླང་གྀ་ལོ་ལ། “བཙན་པོ་ཡབ་གྱི་སྤུར་བ་ལམ་ན་མཁྱྀད་ཅིང་བཞུགསྟེ། རྱེ་ཤྀན་ཁུ་བུལ་བུ་དང་ལྕོག་ལ་རྀང་ཙུག་སྐོར་དང་གཉྀས། གློ་བ་རྀངསྟེ། ཞང་ཞུང་ལོག་ཅྀང་བཙན་པོ་ཁྲྀ་འདུས་སྲོང་ཉེར་ཀར་ན་བཞུགས་པར་ལོ་ཆིག”ཅེས་བྱུང་ཡོད།
⑰《唐书》: 221.5b;《册府元龟》:964 . 12a
⑱“༄། བྱ་གགྀ་ལོ་ལ། བཙན་པོ་དབྱརད་དུངས་གྱྀ་སྟག་ཙལ་ན་བཞུགས་པ་ལས། རྣང་པོ་དུར་མྱག་ཏུ་འཕོས་ཤང་། དགོས་དབྱེར། སྟོང་ཕྱོགས་གྱྀ་ཕོ་ཉ་མང་པོ་ཕྱག་འཚལད།”ཅེས་གསལ།
⑲ 《旧唐书》: l28. La; 《唐书》: 153. La;《资治通鉴》:卷216. 6920-692l
⑳ 超慧《往五天竺国传》: “又迦叶弥罗东北。隔山十五日程。即是大勃律国。杨同国。娑播慈国此三国并属吐蕃所管。 衣着言音人风并别。着皮蜣毛衫靴夸等也。地狭小。山川极险。亦有寺有僧。 敬信三宝。若是已东吐蕃。总无寺舍。 不说佛法。当土是胡。所以信也。” 1957年,第610-629页。
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1