གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༡ཉིན།

༄༅།།དལ་གཤིས་སྟེང་ངོས་ཕོ་ཚད་བྱུང་ན་གསོ་བཅོས་བྱེད་དགོས་སམ།

        དལ་གཤིས་སྟེང་ངོས་ཕོ་ཚད་ནི་ཧ་ཅང་རྒྱུན་མཐོང་གི་ནད་རིགས་ཤིག་རེད།མི་དར་མ་ཞིག་ལ་ཕོ་ཤེལ་བརྟག་དཔྱད་བྱས་ན་ཡོད་ཚད་རྒྱུན་ལྡན་ཡིན་པའི་མཇུག་འབྲས་ཤིག་གཏན་ནས་འབྱུང་མི་སྲིད།ཕོ་བ་ཧ་ཅང་བདེ་ཐང་ཡིན་པའི་མི་ལའང་དལ་གཤིས་སྟེང་ངོས་ཕོ་ཚད་ཅེས་པའི་ནད་རིགས་ཆེས་ཡང་མོ་ཞིག་ཡོད་ངེས།
        དོན་དངོས་སུ་ཕོ་ཤེལ་བརྟག་དཔྱད་སྙན་ཞུའི་སྟེང་དུ་མངོན་པའི་དལ་གཤིས་སྟེང་ངོས་ཕོ་ཚད་ཅེས་པ་དེ་ནི་རྨེན་བུའི་ཕྲ་ཕུང་དང་སྐྱོ་མའི་ཕྲ་ཕུང་དག་ཕོ་བའི་འབྱར་སྐྱིའི་སྟེང་དུ་སིམ་ཡོད་པ་ཙམ་ལས།གཏིང་རིམ་གྱི་ཕོ་བའི་གཤེར་རྨེན་ནི་བདེ་ཐང་ཡིན་པར་བསྟན་ཡོད།དེ་བས་དལ་གཤིས་སྟེང་ངོས་ཕོ་ཚད་ཡང་མོ་དང་འབྲིང་རིམ་ཅན་གྱི་ནད་པས་ཕོ་བ་བདེ་ཐང་ཡིན་པར་བལྟས་ཆོག དལ་གཤིས་སྟེང་ངོས་ཕོ་ཚད་ནི་ཕོ་ཤེལ་འོག་གི་ངོས་འཛིན་ཞིག་ཡིན་པས།ནད་རྟགས་དང་འབྲེལ་བ་ཆེན་པོ་མེད།མི་མང་པོ་ཞིག་ལ་ནད་རྟགས་གང་ཡང་མེད་མོད།འོན་ཀྱང་ཉུས་ཤས་ཤིག་ལ་ཟས་མི་འཇུ་བ་དང་གསུས་ཁོག་མི་བདེ་བ་སོགས་ཀྱི་ནད་རྟགས་ཡང་མོ་མངོན་པ་རེད།གཉན་ཚད་རྒྱས་པའི་ཚད་རིམ་མི་འདྲ་བ་ལྟར།དལ་གཤིས་སྟེང་ངོས་ཕོ་ཚད་ནི་ཡང་མོ་ཅན་དང་འབྲིང་རིམ་ཅན།མྱུར་གཤིས་ཅན་གསུམ་དུ་དབྱེ་ཆོག་མོད།འོན་ཀྱང་ནད་རྟགས་ཀྱི་ཡང་ལྕི་ནི་ཕོ་ཚད་ཀྱི་ནད་གཞི་དང་ཐད་ཀར་འབྲེལ་བ་མེད།
        འོ་ན་དལ་གཤིས་སྟེང་ངོས་ཕོ་ནད་གསོ་བཅོས་བྱེད་དགོས་སམ་ཞེ་ན།དེ་ནི་ནད་རྟགས་ཡོད་མེད་དང་བྱེ་བྲག་གི་གནས་ཚུལ་ལ་བལྟས་ནས་ཐག་གཅོད་དགོས།ལུས་བཤེར་བྱེད་སྐབས་དལ་གཤིས་སྟེང་ངོས་ཕོ་ཚད་ཡོད་པ་ཤེས་ནའང་།དུས་རྒྱུན་དུ་ནད་རྟགས་གང་ཡང་མེད་ན།གསོ་བཅོས་བྱེད་དགོས་དོན་མེད་ལ།གལ་ཏེ་གསུས་ཁོག་མི་བདེ་བ་དང་ཟས་ལ་ཡི་ག་མེད་པ།གསུས་ཁོག་ན་བ།ཨིག་ཀ་རྒྱག་པ་སོགས་ཀྱི་ནད་རྟགས་བྱུང་ན།དགོས་མཁོ་ལྟར་གསོ་བཅོས་བྱེད་པ་དང་ནད་རྟགས་དེ་དག་བྱུང་བའི་རྒྱུ་རྐྱེན་བཙལ་ཏེ།དེར་བསྟུན་གྱི་གསོ་བཅོས་བྱེད་དགོས།
        དལ་གཤིས་སྟེང་ངོས་ཕོ་ཚད་ཀྱི་ནད་པ་ཁ་ཤས་ལ་ད་རུང་དུས་མཉམ་དུ་ཕོ་ཁའི་སྲིན་འབུ་འཁྲུགས་པའི་གནས་ཚུལ་འབྱུང་བ་རེད།སྐབས་དེར་ཡང་སྔར་བཞིན་ནད་རྟགས་ཡོད་མེད་ལ་བལྟས་ནས་གསོ་བཅོས་བྱེད་དགོས་མིན་ཐག་གཅོད་དགོས་པ་སྟེ།ནད་རྟགས་གང་ཡང་མེད་ན་གསོ་བཅོས་བྱེད་དགོས་དོན་མེད་ལ།ནད་རྟགས་ཡོད་ན་ཕོ་ཁའི་སྲིན་འབུ་འཇོམས་པའི་གསོ་བཅོས་བྱེད་དགོས།
        ཕོ་ཁའི་སྲིན་འབུ་འཇོམས་པའི་གསོ་བཅོས་བྱས་ན་ཕོ་བའི་འབྱར་སྐྱིའི་གཉན་ཚད་ཀྱང་ཞོར་དུ་འཇོམས་ཐུབ་པས།ཕོ་རུལ་འབྱུང་ཚད་ཇེ་ཉུང་དུ་གཏོང་བ་དང་།དལ་གཤིས་སྟེང་ངོས་ཕོ་ཚད་དེ་ཕོ་ཁུམ་གཉན་ཚད་དུ་འགྱུར་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པར་མ་ཟད།ཕོ་འབྲས་འབྱུང་ཚད་ཀྱང་ཇེ་དམའ་རུ་གཏོང་ཐུབ།དེའི་རྐྱེན་གྱིས་ཁྱིམ་རྒྱུད་དུ་ཕོ་འབྲས་ནད་པ་ཡོད་པ་སོགས་ཉེན་ཁ་ཆེ་བའི་མི་ཚོགས་ལ་མཚོན་ན།ཕོ་ཁའི་སྲིན་འབུ་འཇོམས་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1